རྒུ་རུ་བ་རྡོའི་གསར་བྲིས་སྙན་ངག་བདམས་བཀོད།

2016-12-13
176

རྒུ་རུ་བ་རྡོའི་གསར་བྲིས་སྙན་ངག་བདམས་བཀོད།

  ཚོད་ཚོད་ལ་ལོག་སྙིང་འདོད་ས་དེ། 

  རྒུ་རུ་བ་རྡོ།

  སྐད་འཕྲིན་གྱི་རྒྱབ་ལྗོངས་མྱུལ་ན

  ཕ་ཡུལ་དུ་ཁ་བ་འབབ་ཀྱིན་འདུག

  ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་འདུག

  ཕོ་གསར་ཚོའི་གོས་དཀར་གྱི་གོང་བར་ཁ་བ་ཆགས་ཡོད་ས་རེད

  མོ་གསར་ཚོའི་ཚར་དཀར་གྱི་འདབ་མ་ཁ་བས་བརླན་ཡོད་ས་རེད

  མིག་དང་འཛུམ་ཆུང་ཁ་བས་སྦྲེལ་ཡོད་ས་རེད

  སྐད་བསྐུར་དང་འཕྲིན་པ་ཁ་བས་བཏེགས་ཡོད་ས་རེད

  སྒྲོལ་མའི་སྒོ་དར་རླུང་གིས་ག་ལེར་སྒུལ་བའི

  ལུག་རྫི་རྒད་པོའི་སྨྲ་ར་དཀར་པོར་གྱུར་པའི

  བྱིའུ་ཆུང་གིས་བཟའ་ཆུ་འཚོལ་བའི་ཞོགས་པ་འདིར

  གང་ཞིག་ལ་ལོག་སྙིང་ཞེ་དྲག་འདོད

  ཕ་ཡུལ་གྱི་རི་ཀླུང་ཐང་གསུམ

  ང་རང་བྱིའུ་ཆུང་བཞིན་བརྩེ་བས་བཟི་མྱོང་སའི་ཀློངས་ཡངས་པའི་ཀ་ཁའི་བསླབ་དེབ་ཡིན

  ཁ་བས་ལྷམ་ཆུང་གི་ཕྱི་རྟིང་བརྟོལ་ཅིང

  ཁ་བས་ཚར་འབོལ་གྱི་གོང་བ་བརླན་མྱོང་བས

  ཁ་བས་སེམས་ཀྱི་ཕྱི་ནང་ལ་གཙང་འཁྲུ་བྱས་མྱོང་བས

  ཚོད་ཚོད་ལ་ལོག་སྙིང་འདོད་ས་དེ་ཡང

  མདོར་དེད་ན་ཕ་ཡུལ་ལོས་ཡིན་སྙམ

  མི་ཡུལ་གྱི་རི་ཚོགས་ཕུ་ནུའི་དཔུང་རྡང་ལ་མི་འདོ་ན

  མི་ཡུལ་གྱི་ཆུ་མོ་མ་སྲུའི་མིག་ཆུ་ལ་མི་འདོ་ན

  མི་ཡུལ་གྱི་སྡོང་ལོ་སེར་པོ

  ཕ་ཡུལ་གྱི་ཁ་བ་དང་བསྡུར་ཐབས་ཡེ་ནས་མི་འདུག་ཨང

  སྟོན་མཇུག་གི་སྤྱང་ཀིའི་ལྭ་བ་གཡར་ཞིང

  སྟོན་མཇུག་གི་ཕོ་རོག་གི་ཞྭ་མོ་གྱོན་ནས་རྒྱང་ལ་ཅེར་ན

  ཁ་རོག་རེར་རྒྱང་ལ་ཅེར་ན

  འཆི་བདག་གི་སྲོག་ཉེན་ལས་བསྐྱབ་ཐུབ་མཁན་དེ་ཁ་བ་ཡིན་འདྲ

  མཆི་མ་ཤག་ཤག་གིས་འབབ་པའི་ཁ་བ་ཨང

  གཅོང་ནད་གང་ཞིག་དྲུང་ནས་འབྱིན་བྱེད་དེ་ཡང་ཁ་བ་ཡིན་འདྲ

  གཉོམ་དུང་ངེར་འབབ་པའི་ཁ་བ་ཨང

  སུན་སྣང་གི་མུན་ནག་མཐའ་ནས་བསྐྲོད་མཁན་དེ་ཡང་ཁ་བ་ཡིན་འདྲ

  དཀར་ཆིལ་ལེར་འབབ་པའི་ཁ་བ་ཨང

  ད་ནི་གང་ཞིག་ཏུ་རྡོག་ཐོན་བྱས་ན་བསམ་བྱུང

  དཀར་བོང་བོང་གི་ཁ་བའི་ཁྲོད་གན་རྐྱལ་དུ་ལོག་ནས་འདུག་འདོད

  རྒོད་པོ་ཁེར་འཕུར་ཞིག་གི་གཤོག་སྣེར་ལ་གཞས་ཤིག་འབྲི་དགོས

  ཁྲ་དང་གླག་གིས་ཁུར་ཨེ་འགྲོ་གྲང

  འཁྱག་སིབ་སིབ་ཀྱི་ཁ་བའི་ཁྲོད་ཁ་སྦུབ་ཏུ་ལོག་ནས་འདུག་འདོད

  ལུ་གུ་ཁྲིད་པའི་མ་མོ་ཞིག་གི་སྒལ་གཞུང་ལ་ཁ་བ་ཞེས་པའི་སྙན་ངག་ཅིག་འབྲི་དགོས

  ལུ་གུ་པྲ་ཆལ་དེས་བསུབ་ཨེ་འགྲོ་གྲང

  ད་ནི་ལམ་སང་རྡོག་ཐོན་བྱས་ན་བསམ་བྱུང

  སྲོད་ལ་བབས་ན་ཞོགས་པར་ཞུ་འགྲོ་བའི་ཁ་བ་དཀར་པོ

  ༢༠༡༦/༡༠/༢༧ཉིན།

 

  QQཡི་ཡིག་སྒམ་གཅིག་པུ་ང་ལ་སྐྱུར་རོགས། 

  རྒུ་རུ་བ་རྡོ།

  མི་རྒན་ཞིག་གི་ཚེ་མཇུག་འདྲ་བའི་སྟོན་ག་འདིར

  འདམ་མྱགས་སུ་གྱུར་པའི་མནའ་དང་དམ་བཅའ

  སྡོང་ལོ་སེར་པོའི་ཚོགས་དང་མཉམ་དུ་ཁྱེད་ལ་འབུལ

  རྡོ་བའི་དམ་ཚིག་དག་སྟོན་གས་ཧྲག་ཧྲག་ཏུ་ལྡད་ཤུལ་ན

  རི་འདབ་ཀྱི་གྲིབ་མ་གྱོན་པའི་ལྷག་ལུས་ཀྱི་དུས་ཚོད་དག་ཀྱང་ཁྱེད་ལ་འབུལ

  མུན་ནག་གི་ལག་པས་མིག་ཁ་བཅད་པའི་ཁྲི་མུན་གྱི་འོབས་དོང་ལས

  ཉི་མ་དང་ཟླ་བའི་གཏམ་རྒྱུད་རྣ་བས་མཉན་ཆོག

  ལྷ་ས་དང་ཕ་ཡུལ་ནས་ཡང་ཡང་མཆེད་མྱོང་བའི

  ཨམ་ཕྲག་ཏུ་འཁུར་རྒྱུ་ཡོད་པའི་རོལ་དབྱངས་དག་ཀྱང་ཁྱེད་ལ་འབུལ

  བཙོན་ཁང་གི་སྒེའུ་ཁུང་ལྟ་བུའི

  བྱེ་ཐང་གི་སྨུག་རྒྱུ་ལྟ་བུའི

  QQཡི་ཡིག་སྒམ་གཅིག་པུ་ང་ལ་འཇོག་རོགས

  ༢༠༡༦/༡༠/༡༧ མཚན།

 

  ཁྲོམ་སྲང་ནས་འབྲོག་མོ་སྙིང་རྗེ་གཉིས་མཐོང་བ། 

  རྒུ་རུ་བ་རྡོ།

  ཁྲོམ་སྲང་ནས་བུ་མོ་སྙིང་རྗེ་རེ་མཐོང་བ་ནི་ཧ་ཅང་རྒྱུན་ལྡན་རེད

  མ་ཟད་དེ་དག་གི་འཕོངས་དང་བྲང་ལ

  ཆགས་མིག་ལང་ལིང་གིས་བལྟ་བ་ཡང་སྐྱེས་པ་ཚོའི་གཉུག་གཤིས་རེད

  འཁོས་ཀ་དང་འཚམ་པའི་འཕྱོར་ཨེན་ཙམ་བྱས་པའི

  ཤ་མདོག་དང་རན་པའི་ངོ་སྣུམ་ཅུང་ཙམ་བྱུག་པའི

  ལོ་ཚོད་དང་འཚམ་པའི་ལྟ་སྤྱོད་ཀྱང་ཅུང་ཙམ་འཕུད་ཤེས་པའི

  ནང་སེམས་དང་མཐུན་པའི་ཟུར་མིག་ཀྱང་རན་ཙམ་བལྟ་བར་གོམས་པའི

  འབྲོག་མོ་སྙིང་རྗེ་པོ་གཉིས

  མེ་ཏོག་བཞིན་ངའི་རྨི་ལམ་དུ་བབས་ན

  ང་ལ་ཕ་ཡུལ་ཞེས་གཟས་ས་ཞིག་ཡོད་པ་དྲན་པར་བྱས་སོང

  དེ་ནི་ཁྱེད་ཀྱི་སེམས་ཀྱི་མངའ་ཐང་ངོ

  ང་ལ་དབྱར་ས་ཞེས་བསིལ་ས་ཞིག་ཡོད་པ་དྲན་པར་བྱས་སོང

  དེ་ནི་ཁྱེད་ཀྱི་མིག་ཀོང་ངོ

  ང་ལ་དགུན་ས་ཞེས་དྲོ་ས་ཞིག་ཡོད་པ་དྲན་པར་བྱས་སོང

  དེ་ནི་ཁྱེད་ཀྱི་སྐྲ་ལོའོ

  འབྲོག་མོ་ཟེར་བ་དེ་ཕ་ཡུལ་མཚོན་བྱེད་ཀྱི་མེ་ལོང་གི་ཕྱི་ནང་རེད

  འབྲོག་མོ་ཟེར་བ་དེ་བྱིས་དུས་འབྲི་ཡུལ་གྱི་ཤོག་དཀར་གྱི་མགོ་རྔ་རེད

  གོང་བའི་ཁ་རུ་སྙིང་གཏམ་གྱི་ཁ་རླངས་སྐམ་ཆེ་ཡོད་འདོད་པའི

  ཕུ་ཐུང་ཁུད་དུ་ལ་གཞས་བྲིས་པའི་ཇ་ཤོག་ལྟེབས་རུལ་ཞིག་བསྐུང་ལོས་ཡོད་འདོད་པའི

  སང་གནང་ཞིག་ལ་མི་འདོད་པའི་གནས་བདག་ཅིག་ག་ཤེད་ཅིག་ནས་་བུད་ན

  མིག་མཆི་མ་ཤར་རེ་ལམ་ལ་ཆས་ལོས་དགོས་སྙམ་པའི

  འབྲོག་མོ་སྙིང་རྗེ་པོ་གཉིས

  ཚོད་ཚོད་ལ་ངའི་ཁེར་རྐྱང་གི་མཐོང་ལམ་བརྒྱུད་ན

  ངས་འོ་འཇོག་ཅེས་མངར་མོ་ཞིག་ལྡག་མྱོང་བ་དྲན་པར་བྱས་སོང

  དེ་ནི་ཁྱེད་ཀྱི་སྙིང་གཏམ་མོ

  ངས་མར་ལོ་ཞེས་ཞིམ་པོ་ཞིག་བཟའ་མྱོང་བ་དྲན་པར་བྱས་སོང

  དེ་ནི་ཁྱེད་ཀྱི་བརྩེ་བའོ

  ངས་ལ་གཞས་ཞེས་སྙན་ངག་ཅིག་གྱེར་མྱོང་བ་དྲན་པར་བྱས་སོང

  དེ་ནི་ཁྱེད་ཀྱི་སྨྲེང་བའོ

  འབྲོག་མོ་ཟེར་བ་དེ་མཛའ་མོ་དྲན་བྱེད་ཀྱི་མཚན་མོའི་རྨི་ལམ་གྱི་བྱུང་རིམ་རེད

  འབྲོག་མོ་ཟེར་བ་དེ་སྙན་ངག་འབྲི་བྱེད་ཀྱི་སྨྱུ་གུ་ཡི་སྣག་ཚ་རེད

  ༢༠༡༦/༡༡/༡ ཉིན་མང་ཆུའི་འགྲམ་དུ།

  • 顶