དྲན་པའི་ཀློང་གི་ཨ་ཅེ།(ཞར་བཀོད་གཅིག)

2016-12-13
310

དྲན་པའི་ཀློང་གི་ཨ་ཅེ།༼ཞར་བཀོད་གཅིག ༽

                ལྗང་སྨྱུག

  ཞོགས་པའི་སྐྱ་རེངས་བསུ་བའི་བྱ་སྐད་ཡིན།།

  གཡང་ཟོག་ལྷས་ལ་འགུག་པའི་ནོར་ལྷ་ཡིན།།

  ཁྱིམ་ཚང་སྐྱིད་ཀྱིས་ཁེངས་བའི་དགོད་སྒྲ་ཡིན།།

  བྱམས་ལྡན་ཨ་ཅེ་སེམས་ཀྱི་མཆོད་མེ་ཡིན།།

  དྲིན་ཆེན་ཨ་མའི་སེམས་ཀྱི་མུ་ཏིག་ཡིན།།

  འདང་ཆེན་ནུ་བོའི་གསེར་གྱི་སྐེ་རྒྱན་ཡིན།།

  ཡུལ་དང་སྡེ་བས་རེ་བའི་བྱུར་དམར་ཡིན།།

  བྱམས་ལྡན་ཨ་ཅེ་དྲན་པའི་བརླན་ཆ་ཡིན།།

  ཨ་ཅེ་མཐིང་ནག་སྦྲ་ཡི་ཀ་བ་ཡིན།།

  ཨ་ཅེ་སྦྲ་ནག་ནང་གི་མེ་དྲོད་ཡིན།།

  ཨ་ཅེ་སྦྲ་ནག་འདོགས་སའི་ཕུར་བ་ཡིན།།

  ཨ་ཅེ་སྦྲ་ནག་འདོགས་བྱེད་ཆོན་ཐག་ཡིན།།

  ཨ་ཅེ་དཔྱིད་ཟླ་གསུམ་གྱི་ལྗང་བུ་ཡིན།།

  ཨ་ཅེ་དབྱར་ཟླ་གསུམ་གྱི་མེ་ཏོག་ཡིན།།

  ཨ་ཅེ་སྟོན་ཟླ་གསུམ་གྱི་འབྲས་བུ་ཡིན།།          

  ཨ་ཅེ་དགུན་ཟླ་གསུམ་གྱི་ཁ་བ་ཡིན།།

  ཨ་ཅེ་བཻ་ཌཱུརྱ་ཡི་རྣ་རྒྱན་ཡིན།

  ཨ་ཅེ་གསེར་གྱི་བཞོ་ལུང་སེར་པོ་ཡིན།།

  ཨ་ཅེ་དངུལ་གྱི་མཛུབ་རྒྱན་དཀར་པོ་ཡིན།།

  ཨ་ཅེ་དུང་གི་འགྲོན་བུ་དཀར་པོ་ཡིན།།

  བློ་ཐུང་ངོ་གཉིས་སྟོན་པའི་འཁྱལ་མོ་དང་།།

  གྲོང་གི་རྒྱ་མོ་ཤ་དཀར་སྐྲ་རིང་མིན།།

  དཀར་འཇམ་ཚར་ལྭ་གྱོན་པའི་ལྷ་མོ་འདི།།

  ས་གཙང་མཐོ་སྒང་ཡུལ་གྱི་ཨ་ཅེ་ཡིན།།

  གངས་དཀར་རི་བོའི༢༠༡༥ལོའི་དེབ་བཞི་པ་རུ་བཀོད།


   བརྐྱངས་ཕྱག་པའི་སྙིང་། 

  ཁམས་དང་ལྷ་སའི་བར་ལ་ལམ་ཐག་རིང་།།

  གོམ་པ་རྩི་བཞིན་སོང་ན་དེ་བས་རིང་།།

  ལུས་པོས་འཇལ་བཞིན་སོང་ན་དེ་ལས་རིང་།།

  དབུས་ལམ་རྡོག་པའི་འོག་ནས་ཟད་ལ་ཁད།།

  ཇོ་བོའི་གསེར་ཞལ་བསྒོམས་ནས་ཡར་དུ་ལངས།།

  མི་དེའི་བཞུགས་གནས་དྲན་བཞིན་ས་རུ་ཕབ།།

  ལྷ་དེའི་ཞིང་ཁམས་གློ་བའི་ཟུར་དུ་གླན།།

  དབུས་ལམ་ཁྲག་རྗེས་གཏོད་པའི་བརྐྱངས་ཕྱག་པ།།

  པུས་མོ་སྐྱ་རིས་རྡོ་ལ་རྒྱག་བཞིན་དུ།།

  ཐོད་པའི་རུས་པ་ས་ལ་གཏུག་བཞིན་དུ།།

  གློ་དང་མཆིན་པ་ཐང་དུ་འདྲུད་བཞིན་དུ།།

  བདག་གི་བསྐྱངས་ཕྱག་པ་ལ་སྙིང་ཤ་ཡོད།།

  སྒལ་གཞུང་རྔུལ་ཆུས་གཡུང་དྲུང་རི་མོ་བཀོད།།

  ཅོ་ཐོའི་གསེབ་ནས་ཁྲག་གི་ཐིགས་པ་འཛག །

  རྩིབ་རུས་ཆག་གྲུམ་འོག་ནས་ཟུག་རྔུ་འབྱིན།།

  སྡུག་སྲན་རི་ལས་ལྕི་བའི་བརྐྱངས་ཕྱག་པ།།

  ལ་མོ་ཉུང་རྒྱུ་མེད་པ་ཅི་ཞིག་ཡིན།།

  ཆུ་བོ་ཇེ་མང་ཡིན་པ་ཅི་ཞིག་ཡིན།།

  གསེར་མདངས་བློ་ངོར་འཕྲོ་བའི་རྒྱ་ཕིབས་དེ།།

  མ་འགུལ་ལྷ་སའི་གྲོང་དུ་བཞུགས་གྱུར་ཅིག །

                  ༢༠༡༥ལོའི་ནང་ཆེན་དུས་དེབ་ནང་བཀོད།

  • 顶