རྩིང་བ་དཀོན་བྷེའི་སྙན་ངག་བདམས་བཀོད།

2016-12-06
297

 

  མིང་།     རྩིང་བ་དཀོན་བྷེ།

  ཕ་ཡུལ།  བོད་ཨ་མདོ་འབོ་ར།

  ལས་གནས། ཀན་ལྷོ་ཁུལ་གསར་འགྱུར་ཁང་།

  ༢༠༠༨ལོར། ཀན་ལྷོ་ཁུལ་ཟླ་ཟེར་རྩོམ་སྒྲིག་ཁང་གིས་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ་ཐོབ།

  ༢༠༠༩ལོར། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་དགའ་ཨང་གཉིས་པ་ཐོབ།

  ༢༠༡༦ལོར། བོད་ཀྱི་ཆེས་མཐོའི་རྩོམ་རིག་བྱ་དགའ་གངས་ཅན་བུམ་པ་ཐོབ།

  ད་ལྟ་ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་འཁུར་ཡོད།


  ཟམ་པ། 

  ཟམ་པ་འདི། ད་དུང་ཡང་།

  འཇའ་ཚོན་ཞིག་དང་འདྲ་བར།

  ཉི་མ་དང་ལྷན་དུ་་བར་སྣང་ན་གུར་དུ་ཕིབས་ཨང་།

  མེས་པོ་ཚོས་ཟམ་པ་འདི་བརྒྱུད་དེ།

  སྟོད་ཀྱི་ལྷ་སའི་ཇོ་བོ་མཇལ་ནས།

  དད་པ་བཏེགས་ཏེ་འོང་ལ།

  བར་གྱི་ཁ་བ་དཀར་བོར་མཇལ་ནས།

  རེ་བ་འཁུར་ཏེ་འོང།

  སྨད་ཀྱི་ཁྲི་ཤོར་རྒྱལ་མོར་མཇལ་ནས།

  ཕུགས་བསམ་བཞེངས་པས།

  སྐབས་དེ་གའི་ཕ་ཡུལ། ཕ་ཡུལ་ནི།  

  ངོ་མ།

  བལྟས་ན་མཛེས་ལ་མྱངས་ན་དེ་བས་ཀྱང་སྐྱིད་ཨང་།

  དུས་རབས་ཤིག་ལ། ལ་ལས།

  ཟམ་པ་འདི་བརྒལ་ནས།  

  རང་རང་གི་ཕ་ཡུལ་ལ།

  དཔྱིད་ཀྱི་སོན་བཟང་བཏབ་པ་ཡིན་ལ།

  ལོ་རབས་ཤིག་ལ།

  ལ་ལས། ཟམ་པ་འདི་བརྒལ་ནས།  

  རང་རང་གི་སྐྱེད་ཚལ་གྱི་བཀྲག་མདངས་གཞན་ལ་ཕུལ་བ་ཡིན།

  ང་ཚོས་ཟམ་པ་འདི་བརྒལ་ནས།  

  ལོ་འདི་འགར།

  རི་བོའི་ཕ་རོལ་གྱི་ཅི་ཞིག་འཁྱེར་འོང་བ་ཡིན།

  ང་ཚོས་ཟམ་པ་འདི་བརྒྱུད་དེ།

  ཕ་ཡུལ་གྱི་རི་བོ་ག་ཙམ་ཞིག་གི་རྨི་ལམ་འཕྲོག་པ་ཡིན།

  ད་དུང་ཟམ་པ་འདི་བརྒྱུད་ནས།

  ཕ་ཡུལ་གྱི་སུ་ཞིག་ལམ་ལ་བསྐྱལ་ཞིང་།

  ཟམ་པ་འདི་བརྒྱུད་ནས།

  ཁྱེད་ཀྱིས་ངོ་མི་ཤེས་པའི་མགྲོན་པོ་སུ་ཞིག་བསུ་བཞིན་ཡོད་ཨང་།

  ཟམ་པ་འདི།  

  ད་དུང་ཡང་མ་འཇིག་པར་ཡོད་ལ།

  མེས་པོ་ཚོ་ཡང་།

  ཟམ་པ་འདི་བརྒྱུད་ནས་ལམ་དུ་ཆས་པ་ཡིན་ལ།

  ང་ཚོ་ཡང་།

  ཟམ་པ་འདི་བརྒལ་ནས་ལམ་ལ་ཆས་པ་ཡིན།

  ཟམ་པ་གཅིག་ལ།

  ལམ་ལ་ཆས་སྟངས་འདྲ་ན་ཡང་།

  ཟམ་པ་འདི་བརྒལ་བའི་

  གནའ་དེང་གི་མི་རྣམས།

  ད་དུང་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཁོ་ན་ཡིན།

  གང་ལྟར་ཀྱང་། ཟམ་པ་འདི་བརྒལ་དུས།

  ཟམ་འོག་འདི་བརྒྱུད་ནས་འབབ་པའི

  ཆུ་བོ་གསུམ།

  རྒྱ་མཚོ་རུ་བཞུར་ན་ཅི་འདྲའི་དགའ་ཨང་།

  ༢༠༡༦ལོའི་ཟླ༩བའི་ཚེས༡༧ཉིན་ལ་ཕ་ཡུལ་འབོ་ར་ནས་བྲིས།


  མཉམ་བཞག 

   

  མཉམ་བཞག་ནི་བར་སྣང་སྟོངས་པ་བཞིན།

  སྣང་མུན་གང་དུའང་མི་ལྟུང་ཞིང་།

  དམིགས་པ་གཅིག་ཁོ་ནར་དམིགས་ཏེ།

  བྱིང་རྒོད་ཀྱི་དྲི་མ་ཕྲ་མོ་ཙམ་དང་གྱེས་ཚུལ་ཞིག་གོ

  མཉམ་བཞག་ནི། ཆུ་བོ་བཞིན།

  མིག་མདུན་གྱི་རི་བོ་བསྐོར་ཏེ།

  འགག་ཕྲེང་གི་གཡང་གཟར་བསྐྱུར་ནས།

  སེམས་དོན་མ་བོར་བར།

  བརྟན་ལངས་ངེར་རྒྱ་མཚོའི་ཕྱོགས་སུ་སྙེགས།

  མཉམ་བཞག་ནི། ལུང་བའི་ལུང་བ་བརྒྱུད་དེ།

  ལུང་བའི་ཕུག་ནས།

  རང་ཉིད་རྙེད་པའི།

  གོ་རིམ་ཞིག་སྟེ།

  དེ་ནི་སྐྱེས་ནས་འཆི་ཞིང་།

  སླར་ཡང་འཆི་ནས་སྐྱེས་པའི་གོ་རིམ་ཞིག་དང་མི་མཚུངས་ཨང་།

  མཉམ་བཞག་ནི། མར་མེ་བཞིན།

  ས་སྲོད་ཀྱི་མུན་པའི་འགྲམ་ནས།

  རང་ཉིད་བཀླགས་ཏེ་རྒྱལ་ཁམས་མཐོང་བའི་མེ་ལོང་ཞིག་གོ།

  ༢༠༡༦ལོའི་ཟླ་༩བའི་ཚེས༢༡ཉིན་ལ་གཙོས་ཤམ་བྷ་ལའི་ཐང་ཆེན་ནས།


   ཕ་ཡུལ་བཙལ་བ། 

  བདག་གི་ཕ་ཡུལ།

  ཐང་ཆེན་པོ་ཞིག་གི་དཀྱིལ་ན་ཡོད།

  སོང་སོང་ན། ནམ་ཞིག་ལ་ཕ་ཡུལ་དུ་འབྱོར་སྲིད།

  ཕ་ཡུལ་དུ་བསླེབས་དུས།

  འོ་ཇར་ཁ་དོག་གིས་བསྲེ་མ་ཞུགས་པས།

  འཐུང་ན་སྐོམ་པ་སེལ་ཐུབ་ལ།

  འབྲུ་མར་མར་བརྫུན་གྱིས་ལྷད་ཀྱང་ཞུགས་མེད་པས།

  ཟས་ན་ལུས་ཟུངས་གསོ་ཐུབ།

  དེ་དག་ལས་ཀྱང་། ད་དུང་།

  ཕ་ཡུལ་དུ་བསླེབས་ཐེངས་རེ་རེར།

  ཕ་ཡུལ་གྱི་མི་རྣམས་ལ་ཁོག་ན་གཡོ་མེད་པས།

  སེམས་པ་གཉིས་གཅིག་ཏུ་འདྲེ་ཐུབ་ལ།

  ཁ་ནའང་ཤོབ་མེད་པས།

  ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་ན་ཆོག

  ནམ་རྒྱུན། ཕ་ཡུལ་གྱི་པང་ནས།

  ཁ་ཁོག་མཚུངས་པའི་མི་རྣམས་མཐོང་དུས།

  རྣམ་རྟོག་གི་རླུང་བུ་རང་ཤུགས་ཀྱི་ཞི་ཞིང་།

  སྤང་ཐང་ནས་གན་རྐྱལ་དུ་ཉལ་བཞིན།

  ཉི་མའི་ལག་མཐིལ་ནས།

  སེམས་པ་སྤྲིན་དཀར་གྱི་གསེང་ལ་བཞག་སྟེ།

  རྒྱང་རིང་རྒྱང་རིང་གི་ཡུལ་ན་གཞན་ངོ་འཚོ་བའི་སྤུན་ཟླ་ཚོའི་གམ་ལ་ལོག

  ཁ་སང། གློ་བུར་དུ།

  ཕ་ཡུལ་གྱི་པང་ནས།

  གནམ་ས་སྒུལ་བ་ལྟ་བུའི་སྒྲ་ཞིག་གྲག་ཤུལ་དུ།

  ཁང་བརྩེགས་རྣམས་གཅིག་ལས་གཅིག་ལྷག་ཏུ་ལངས་འོང་བས།

  ད་ནི་མིག་གིས་ཕ་ཡུལ་གྱི་སྐྱེས་ལྷ་མི་མཐོང་ལ།

  དེ་དང་ལྷན་དུ། ད་རུང་།

  ངོ་མི་ཤེས་པའི་གདོང་འབོག་མང་བོ་ཞིག་ཀྱང་འཚུབ་འོང་བས།

  ཡིད་ཀྱིས་ཕ་ཡུལ་གྱི་ནང་སྙིང་ངོ་མ་བོ་དེའང་མྱོང་ཐབས་བྲལ།

  ད་ལྟ། སེམས་པ་གང་ལ་སྤོས་ཀྱང་།

  སྔར་གྱི་ཕ་ཡུལ་དེའི་པང་དུ་སྤོ་ཐབས་མེད་པས།

  ངའི་ཆུང་དུས་ཀྱི་ཕ་ས་སྨུག་པོ།

  དེ་རིང་ངས་ཁྱོད་ཀྱི་པང་ནས་ཁྱོད་རང་བཙལ་བཞིན་ཡོད།

  བདག་གི་དྲན་པའི་ཁུག་ན། ད་ལྟའང་།

  ཕ་ཡུལ་གྱི་རྩྭ་ཐང་ལྗང་ནེམ་མེར་ཡོད།

  སྔོ་རྩྭའི་གསེབ་ནས་མེ་ཏོག་གི་མགོ་བོ་ག་ལེར་འབུས།

  རླུང་བུ་ལྡང་ཕྱོགས་ཤིག་གིས། སྐབས་སྐབས་སུ།  

  སྣ་ལམ་དུ་དྲི་མ་ཞིམ་པོ་ཞིག་ཀྱང་འཐུལ་འོང་།

  ནམ་རྒྱུན་ཕ་ཡུལ་བཙལ་དུས།

  ཕ་ཡུལ་ནི་ང་དང་རིམ་གྱིས་གྱེས་པའི།

  རྒྱང་རིང་གི་མཁའ་མཐའི་གཏམ་རྒྱུད་ཟླུམ་པོ་ཞིག་ཏུ་གྱུར་བཞིན་ཡོད།

  དུ་བ་ཞིག་ཐོལ་གྱིས་འཕྱུར་བྱུང་།

  བསང་དུ་ཡིན་ནམ་སྙམ་བཞིན།

  ག་ལེར་ཉེ་སར་བཅར་དུས།

  སྣ་ལམ་དུ་སྐྱུག་མེར་ལངས་པའི་རྫས་དུད་ཅིག་འཐིབས་འོང་།

  ཕ་ཡུལ་གང་ན་ཡོད།

  ལྷད་མ་འདྲེས་པའི་ངའི་ཕ་ཡུལ་གང་ན་ཡོད།

  ང་ཚོའི་དུས་བདེ་ཞི་འཇགས་ཀྱི་ཕ་ཡུལ་དེ་གང་ན་ཡོད།

  ཡུན་རིང་བོར་ཞིང་།

  ད་ནི། སླར་ཡང་རྙེད་ན་འདོད་པའི་ངའི་ཆུང་དུས་ཀྱི་ཕ་ཡུལ་ཨང་།

  ༢༠༡༦ལོའི་ཟླ༡༡པའི་ཚེས༢༠ཉིན་ལ་གཙོས་ཀྱི་རང་ཤག་ནས།


  སངས་རྒྱས་ཞུ་བ། 

  ང་ཚོ་འཚོ་ཐུབ་པ་འདི།

  ལས་ཀྱིས་བཟུང་བ་ཡིན་ནམ།

  ཡང་ན། བསོད་ནམས་ཀྱིས་བཟུང་བ་ཡིན།

  གང་ལྟར། ང་འདི་ལྟར་ཉེ་ཞོ་མེད་པར་

  མི་ཚེ་གང་བོར།

  སངས་རྒྱས་དཀོན་མཆོག་སྐྱབས་སུ་སོང་ནས།

  ཆོས་དཀོན་མཆོག་མིག་ཏུ་བསྟེན་ཏེ།

  གྲོགས་དགེ་འདུན་དང་ལྷན་དུ།

  ད་རག་བར་འགྲོ་ཐུབ་པ་འདི།

  སུ་ཞིག་གིས་ང་ལ་གནང་བའི་རྣམ་སྨིན་གྱི་འབྲས་བུ་ཡིན།

  


  རླུང་སྒྲ། བྲག་རལ་བའི་སྒྲ།  

  ད་དུང་་གཟུངས་སྔགས་བོར་བའི་དར་ལྕོག་གི་ཐག་སྒྲ།

  ངས་ད་རག་བར་འཇིག་རྟེན་གྱི་སྒྲ་དབྱངས་

  གང་མང་ཞིག་ལ་ཉན་མོད།

  ངས་ཁྱོད་ཀྱི་གསུངས་སྐད་ད་དུང་མ་ཐོས་པས།

  ང་རང་ཚོགས་ལམ་ཏུ་གོམ་པ་སྤོ་མ་ཐུབ་པས་ལན་པ་ཨེ་ཡིན།

  


  ཉི་ངོགས་ནས།

  རང་གི་གྲིབ་མའི་རིང་ཐུང་ལས་དུས་ཚོད་ཤེས་ཤིང་།

  དུས་ཚོད་ཀྱི་བར་གསེང་ནས།

  དབུགས་གཏོང་ལེན་ཙམ་གྱི་སྐད་ཅིག་མར།

  འཆི་བ་བསླེབས་པ་ཡིན་ན།

  ངས་ཁྱོད་ལ་འདྲི།

  ང་ཚོའི་སྣ་ནང་གི་དབུགས་དྲང་དྲང་བོ་འདི་ཚེ་སྲོག་ཡིན་ནམ།

  ཤེས་སོང་། ཤེས་སོང་།

  གློ་བུར་དུ། ངས་ཅི་ཞིག་ཤེས་ཡོད།

  སངས་རྒྱས་ཀྱིས་གསུངས་མི་འབྱོན་པ་འདིས།

  ངས་ཞུ་བའི་དྲི་བར་ལན་གནང་སོང་།

  ངོ་མ། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད།

  ཐོས་བྱུང་གི་ཤེས་རབ་ལས།

  བསམ་བྱུང་གི་ཤེས་རབ་དེ།

  རང་གིས་རྙེད་པའི་ཤེས་རབ་ངོ་མ་བོ་དེ་ཡིན་པ་ཤེས་སོང་།

  ༢༠༡༦ལོའི་ཟླ༡༡ཚེས༢༦ཉིན་ལ་ཀན་ལྷོའི་རང་ཤག་ནས།


  བྱང་ཆུབ་ལོ་མ། 

    

  བསྐལ་བ་དུ་མ་ཞིག་གི་སྔ་རོལ་དུ།  

  བྱང་ཆུབ་ལོ་མར།  

  བྱམས་དང་སྙིང་རྗེ་ཡི་ལྷག་བསམ་འཕྱུར་བས།  

  སེམས་ཅན་རྣམས་ཕ་མ་བུ་ཕྲུག་གི་ཚུལ་དུ་གནས།  

  


  དུས་རབས་གང་མང་ཞིག་གི་སྔ་རོལ་དུ།  

  བྱང་ཆུབ་ལོ་མར།  

  བདག་གཞན་མཉམ་བརྗེ་ཡི་དུང་བ་འཁྱིལ་བས།

  གས་ཆག་མ་ཤོར་བའི་ས་སྒང་ང་ཚོར་གནང་།

  


  ཁ་སང་།  

  ཁྱོད་འགྱེལ་ང་ལངས་ཀྱི་གཡུལ་ས་བསམ་བཞིན།  

  ངས་བྱང་ཆུབ་ལོ་མ་ཞིག་གི་སྟེང་དུ།  

  ཆོག་ཤེས་དགོས་ཚུལ་གྱི་སྙན་ངག་ཚན་པ་ཅིག་བྲིས་ཏེ།  

  ཚ་ཚ་འུར་འུར་གྱི་འཇིག་རྟེན་མི་ཡུལ་དུ་བསྐུར་ཡོད།  


  ལས་ཀྱི་བར་ཐག 

  ངས་ཤེས་ཡོད།

  ངས་ཤེས་དུས།

  ང་ཚོ་སྣེ་གཉིས་སུ་བསྐྱལ་ནས།

  ང་ཚོའི་བར་ན་ཆུ་བོ་ཞིག་བཞུར་བཞིན་ཡོད།

  དེ་ནས་བཟུང་།

  ཆུ་མོས་གཡོན་ལྷུང་གི་གླུ་དབྱངས་ལེན་ཞིང་།

  ཆུ་མོས་རྔམ་གནག་གི་ཁྲོ་མདུད་རྒྱག་བཞིན།

  ང་ཚོ་ཕྱོགས་གཉིས་སུ་བཀར།

  ཆུ་བོ་ཡ།

  ཁྱོད་ཀྱི་རྨི་ལམ་གྱི་ཁུག་ན།

  ལོ་ཟླའི་ཞག་གྲངས་ཚེས་རུང་།

  ད་དུང་མ་སྨིན་པའི་སིལ་ཏོག་ཆ་གཅིག་ཡོད་ཨང་།

  སིལ་ཏོག་ཆ་གཅིག་ཡོད།

  སིལ་ཏོག་དེ།

  སྟོན་ཁ་བསླེབས་ནས་མ་སྨིན་བར་དུ།

  ང་ཚོ་ཡུན་རིང་མཐའ་གཉིས་སུ་ལངས་ཏེ།

  དྲན་གདུང་གི་མིག་ཆུ།

  ཆུ་མོའི་གཞུང་ལ་བསྐུར་ནས།

  སེམས་དོན་གྱི་སྙན་ངག

  ཕ་རིའི་བྲག་ལ་བརྐོས་ཏེ།

  རེ་སྒུག་གི་ཀློང་ནས།

  སེམས་ཀྱི་བར་ཐག

  མིང་དང་ཐ་སྙད་ཁོ་ནས་གསུབ་ཐབས་བྱེད་དགོས་ཨང་།

  ནམ་རྒྱུན། ཁྱོད་རང་དྲན་དུས།

  ཕ་ཡུལ་གྱི་རི་མགོར་སྨུག་པ་འཐིབས་ཤིང་།

  ཧ་ཅང་མཇལ་འདོད་དུས།

  བདག་གི་མདུན་ན།

  བརྒལ་དཀའ་བའི་ཆུ་བོ་ཞིག་བཞུར་བཞིན་ཡོད།

  བར་ཐག བར་ཐག  

  ད་དུང་བར་ཐག

  ལས་དབང་གི་བར་ཐག  

  ང་ཚོ་ཁོ་ནའི་བར་ན་སྐུང་བཞིན་ཡོད་ཨང་།

  ༢༠༡༦ལོའི་ཟླ༨པའི་ཚེས༢༢ཉིན་ལ་ཀན་ལྷོ་ནོར་བུ་གླིང་གའི་བོད་ཟས་གླིང་ནས་བྲིས།


  བྱང་ཆུབ། བྱང་ཆུབ། 

   

  ང་ཚོས་རང་ཉིད་བཀྲུ་དགོས།

  གལ་ཏེ།རང་ཉིད་རང་གིས་བཀྲུ་མ་ཐུབ་ཚེ།

  ནམ་དུ་ཡང་།རི་བོའི་ཕ་རོལ་གྱི་བྱང་ཆུབ་རྙེད་ཐབས་མེད།

  ང་ཚོས་རང་ཉིད་ངེས་པར་དུ་བཀྲུ་དགོས།

  རང་ཉིད་བཀྲུ་བ་ལ།

  རྩ་དབུ་མ་ནས་བཀྲུ་དགོས།

  རྩ་རོ་མ་ནས་བཀྲུ་དགོས།

  རྩ་རྐྱང་མ་ནས་བཀྲུ་དགོས།

  ཐབས་ཤེས་ཉིས་ཁྲི་ཆིག་སྟོང་སྤྱད་ནས།

  རྩ་དབུ་མ་བཀྲུས་ནས་དག་སོང་ན།

  ཁྱེད་ཀྱིས་མི་ཤེས་པའི་ཤེས་བྱ་གཅིག་ཀྱང་མེད་ལ།

  ཁྱེད་ཀྱིས་མི་མཐོང་བའི་ནམ་མཁའ་ཅི་ཡང་མེད།

  ཆོས་རྣམས་ཀྱི་རང་དང་སྤྱི་ཡི་མཚན་ཉིད་རྣམས།

  ལག་མཐིལ་གྱི་རི་མོ་བཞིན།

  རེ་རེ་གསལ་ལམ་མེར་མངོན་འོང་།

  དུས་དེར།མངོན་པའི་སྡེ་སྣོད་ཉིས་ཁྲི་ཆིག་སྟོང་ཀྱང་རྙེད་དེ།

  དེ་ནས་བྱང་ཆུབ   བྱང་ཆུབ   བྱང་ཆུབ་ཡང་རྙེད་སོང་བ་རེད།


  འཁོར་བ། 

    

  དེ་རིང་། ངས་ཡོད་ཚད་རྟོགས་ཡོད།

  གསར་དུ་འབུས་བཞིན་པའི་མྱུ་གུ་དེ་དང་།

  གསར་དུ་ཞལ་ཁ་ཕྱེ་བཞིན་བའི་མེ་ཏོག་ལ།

  སུས་ཀྱང་མཐོང་ན་དགའ་ལ།

  སུས་ཀྱང་རེག་ན་འདོད་པ་དེ་ཡིན།

  ཡོད་ཚད་ནར་སོན་རྗེས།

  རླུང་གིས་ཡོད་ཚད་མཐོ་རུ་འཁུར་མོད།

  འཁུར་འཁུར་མཐར།

  མི་ཡུལ་དུ།

  སླར་ཡང་ཕྱིར་ཁ་བ་བཞིན་བབས་ནས་ཡོང་།

  ལོ་ཟླའི་ཀློང་ནས།

  སྐྱེ་འཆི་ཡི་ང་ཚོར་ནམ་ཡང་སྒོ་མོ་ཕྱེ་མོད།

  ང་ཚོས་ཅི་ཡང་རྟོགས་མེད།

  རྡོ་བ་དེའང་ཆུ་འགྲམ་ན་འཇམ་ཐིང་ངེར་ཡོད།

  འཁོར་བ་འདི།

  ཁ་དོག་ཅིག་གིས་མཚུངས་དགོས་ཚེ།

  ཁ་དོག་གསུམ་མམ།

  ཡང་ན།

  དྲུག་གམ་བརྒྱད་གང་རུང་ཞིག་གིས་མཚུངས་དགོས་ཨང་།

  ༢༠༡༦ལོའི་ཟླ༡༠བའི་ཚེས༡ཉིན་ལ་གཙོས་ཀྱི་རང་ཤག་ནས་བྲིས།


  བླ་བྲང་དགོན་པ། 

    

  ནམ་རྒྱུན། ང་བླ་བྲང་འགྲོོ་ཐེངས་རེ་རེར།

  ཞོར་དུ་བླ་བྲང་དགོན་པར་མཇལ།

  བླ་བྲང་དགོན་པ་ནི།

  བལྟས་ན་མི་ངོམས་པའི་

  མཚན་དཔེས་བརྒྱན་པའི་རི་མོ་ལྟ་ན་སྡུག་པ་ཞིག་ཏུ་མཐོང་ཞིང་།

  ནང་དུ་སོང་ན།

  མདོ་སྔགས་ཀྱི་གཞུང་ལུགས་ཞུན་མར་འཁྱིལ་བའི་

  རྒྱ་མཚོ་སྔོན་མོ་ཞིག་ཏུ་རྟོགས།

  རི་མོ་དེ་དང་།

  རྒྱ་མཚོ་དེ་ཡིས།

  ང་ལ་ཡིད་ཆེས་དང་དང་བ།

  མངོན་པར་འདོད་པའི་དད་པ་བཅས་གནང་བྱུང་།

  བསང་ཆུ་ནི་ཉི་ཟླར་ཕུལ་བའི་ཁ་བཏགས་དེ་ཡིན་ན།

  ཁ་བཏགས་ཀྱི་སྣེ་གཉིས་སུ།

  དགོན་འདིའི་རྟོགས་ལྡན་པ་ཚོས།

  མིག་དང་ཕྱག་གིས་མཚོན་པའི་ལེགས་སྐྱེས་གཉིས་བཀལ་ཡོད།

  གཅིག་ནི་ཤེས་རབ་ཡིན་ལ།

  གཞན་གཅིག་ནི་གཞན་དོན་འཁུར་ཁྱེར་གྱི་སྙིང་རྗེ་ཡིན།

  ད་རག་བར་དུ། དགོན་པ་འདིས།

  ཤེས་རབ་བྲག་ཏུ་བརྩིགས་ནས།

  སྙིང་རྗེ་མཚོ་རུ་བསྐྱིལ་ནས།

  ཤེས་རབ་ཀྱིས་གོ་ལ་བསྲུང་ལ།

  སྙིང་རྗེས་སེམས་ཅན་རྣམས་རྗེས་སུ་བསྐྱངས་ནས་ཡོང་།

  བླ་བྲང་དགོན་པ།

  ཁྱོད་ཀྱི་རྒྱབ་རི་གླང་ཆེན་བཞིན་ཉལ་ཡོད་པས།

  ཁྱོད་ནམ་ཡང་རླུང་ཁ་ནས་སྒུལ་མི་ཐུབ།

  བླ་བྲང་དགོན་པ།

  ཁྱོད་ཀྱི་མདུན་རི་མཎྚལ་ལྟར་སྤུངས་པས།

  ཁྱོད་མུ་གེའི་ཀློང་ནས་འཆི་མི་སྲིད།

  བླ་བྲང་དགོན་པ།

  ཁྱོད་ཀྱི་ནམ་མཁའ་གཡའ་དག་པས།

  མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁྱོད་ཀྱིས་རྙེད།

  བླ་བྲང་དགོན་པ།

  ཁྱོད་ཀྱི་ས་གཞི་རྡུལ་དག་པས།

  སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་ཁྱོད་ཀྱིས་སྤངས།

  བླ་བྲང་དགོན་པ།

  ཁྱོད་ཀྱི་པང་ནས་འཕུར་བའི་ཕྱིར་མི་འོངས་པའི་རྒོད་པོ་རེ་རེ།

  བདག་གི་མིག་ཟུང་ཡིན།

  བོད་པའི་མིག་ཟུང་ཡིན།

  འཛམ་གླིང་གི་མིག་ཟུང་རེ་རེར་ཅི་ལ་མིན་ཨང་།

  བླ་བྲང་དགོན་པ།  

  ད་ལྟ། ཁྱོད་ཀྱི་བསྐོར་མཐའ་ན།  

  རྐང་ཐང་གིས་ཐར་བར་སྙེག་པའི་

  སེམས་ཅན་རེ་རེས་ལུས་ཀྱི་དྲི་མ་བཀྲུ་བཞིན་ཡོད།

  བླ་བྲང་དགོན་པ།  

  ད་ལྟ། ཁྱོད་ཀྱི་རྡོ་གཅལ་ཐང་ན།  

  རྡོ་རྗེ་དཀྱིལ་དྲུང་གིས་བཞུགས་པའི།

  གནས་ལུགས་གསེད་པའི་གང་ཟག་རེ་རེས་སེམས་ཀྱི་དྲི་མ་བཀྲུ་བཞིན་ཡོད།

  ང་ཚོས་ལུས་ཀྱི་ངལ་དུབ་གསོ་ཕྱིར།

  རྒྱང་རིང་ནས་ཁྱོད་ཀྱི་པང་དུ་ལོག་བཞིན་ཡོད།

  ང་ཚོས་སེམས་ཀྱི་བྱིང་རྨུགས་བསལ་ཕྱིར།

  རྒྱང་རིང་ནས་ཁྱོད་ཀྱི་གམ་དུ་བཅར་བཞིན་ཡོད།

  ཁྱེད་རང་བསྙེགས་ནས་ཁྱོད་ཀྱི་གམ་དུ་བསླེབས་དུས།

  ལུས་ཀྱི་གནས་ངན་ལེན་ཞི་ནས།

  བལ་ལྟར་ཡང་བའི་ལུས་ཀྱི་རེག་བྱ་ཞིག་བདག་གིས་རྙེད་བྱུང་།

  ཁྱེད་ཉིད་བསམས་ནས་ཁྱོད་ཀྱི་གམ་དུ་འབྱོར་དུས།

  སེམས་ཀྱི་གནས་ངན་ལེན་ཞི་ནས།

  རང་སེམས་རང་དབང་གིས་བཀོལ་ཐུབ་པའི

  སེམས་བྱུང་འདུ་ཤེས་ཤིག་ག་ལེར་ག་ལེར་བདག་གིས་རེག་ཡོད ་་་  ་་་

  བླ་བྲང་དགོན་པ།

  མི་ལོ་སུམ་བརྒྱར་ཁྱོད་ཀྱི་མཆོད་མེ་མ་གཟིམ་པས།

  འཇིག་རྟེན་གྱི་སྤྱི་གཙུག་ན་གཡོ་བའི།

  ཟླ་ཚེས་དང་ཐིག་ལེ།

  གཞན་ད་དུང་ནཱ་ད་སྔོན་མོ་དེ་ཁྱོད་ཀྱིས་མཐོང་ཡོད་ལ།

  བླ་བྲང་དགོན་པ།

  མི་ལོ་སུམ་བརྒྱར་ཁྱོད་ཀྱི་རྒྱ་སྒོ་མ་གཏན་པས།

  སྤྲིན་དཀར་གདན་དུ་བཏིངས་ནས་

  ཕྱག་གཉིས་མཉམ་བཞག་གིས་བཞུགས་པའི་སྟོན་པ་མང་བོ།

  ཁྱོད་ཀྱིས་བསུས་ཡོད།

  གཅིག་བྱས་ན། ང་ལ་ཀུན་མཁྱེན་བླ་མས་ཕྱག་བཏབ་པའི

  མ་དགོན་འདི་ཡོད་པས།

  བདག་གི་རྒྱབ་རི་བཀན་ལ།

  གཅིག་བྱས་ན། ང་ལ་ལེགས་ཉེས་བླང་དོར་སྟོན་པའི

  ས་བཅུའི་སེམས་དཔའ་རྣམས་ཡོད་པས།

  བདག་གི་སེམས་རྩ་དྲོ།

  དུས་ནམ་ཞིག་ལ།

  འཇིག་རྟེན་སྣང་བའི་ཡུལ་ནས།

  ལུས་ཀྱི་དྲོད་རྣམས་བསྡུས་ནས།

  ཉི་མ་འགྱ་ཁ་མ་དེ་ལའང་།

  ངས་བླ་བྲང་དགོན་པར་བལྟས་ནས།

  མིག་བཙུམ་ནས་ང་རང་གཏན་ནས་འཆི་ན་མི་འདོད།  

  གཏན་ནས་འཆི་ན་མི་འདོད་ཨང་།

  ༢༠༡༦ལོའི་ཟླ༧པའི་ཚེས༡༧ཉིན་ལ་གཙོས་ཀྱི་རང་ཤག་ནས།


  དཀར་བོ་དང་ནག་པོ། 

  མུན་པ་གྱོན་ནས།

  སུ་ཞིག་གིས་དཀར་བོ་མཐོང་སོང་།
འོད་སྣང་གྱོན་ནས།

  སུ་ཞིག་གིས་ནག་པོ་མཐོང་ཡོད།

  ང་རང་རྨི་ལམ་གྱི་ནང་ནས་འཁུར་ཏེ

  མཚོ་ངོགས་སུ་བསྐྱལ་བྱུང་།

  སྐྱ་རེངས་ཀྱི་སྐྱ་མདའ་ད་དུང་མ་བཀྱགས་པས།

  མུན་པ་སྔར་གྱི་མུན་པ་དེ་རེད།
འོད་སྣང་སྔར་གྱི་འོད་སྣང་དེ་ཡིན་ནམ།

  ཁོ་བོས་རྨི་ལམ་གྱི་འགྲམ་ངོགས་གཞན་ཞིག་ནས།

  འོད་སྣང་སྒྲོན་ཏེ།

  འཇིག་རྟེན་གྱི་མཐོ་དམའ་མཐོང་བྱུང་།

  ད་དུང་འཇིག་རྟེན་གྱི་དཀར་ནག་མཐོང་བྱུང་།

  འཇིག་རྟེན་གྱི་མུན་པ་དེ།

  འོད་སྣང་གི་གསེང་ན་སྦས་ཤིང་།

  འཁོར་བ་ཡི་འོད་སྣང་དེ།

  མུན་པ་ཡི་ཁྲོད་ན་སྐུང་ཡོད།

  


  ང་རང་རྨི་ལམ་ལྟ་བུའི་མུན་ནག་ནས་སྒོར་བུད་དེ།

  འོད་སྣང་གི་ནང་ནས་སད་བྱུང་།

  ངས་མཐོང་བ་ནི་མུན་པ་མིན་ལ་

  སྡིག་པ་ཡིན།

  ངས་མཐོང་བ་ནི་ཉིན་མོ་མིན་ལ

  དགེ་བ་ཡིན།

  ༢༠༡༦/༩/༢༢ཉིན་གྱི་ལྷ་བབས་དུས་ཆེན་ཉིན་ལ་གཙོས་ཀྱི་རང་ཤག་ནས་བྲིས།

  • 顶