རྫ་སྐྱེས་ཕུར་བའི་སྙན་ངག་བདམས་བཀོད།

2016-12-06
407

  

  རྫ་སྐྱེས་ཕུར་བ།  ལོ་རབས་བརྒྱད་ཅུའི་ནང་རྫ་ཆུ་ཁར་སྐྱེས། རོང་བོ་དགོན་ཆེན། ལྷ་སའི་སེ་ར་དགོན་པ། བྱེས་ཀྱི་སེ་ར་དགོན་བཅས་ནས་སློབ་གཉེར་བྱས་ཤིང་།《གངས་རྒྱན་མེ་ཏོག》དང་། 《སྦྲང་ཆར》 《ཟླ་ཟེར》《མི་རིགས་ཀྱི་རྩོམ་རིག》《གངས་དཀར་རི་བོ》སོགས་དུས་དེབ་མང་པོར་སྙན་ངག་དཀོད། བརྩམས་ཆོས་ལ༢༠༡༤ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་སྙན་དེབ《ཟིལ་བ》དང་།   གཞས་ཚིག《ཡར་ཀླུང》སོགས་ཡོད། ད་སྐབས་《རྫ་ཆུའི་རླབས་སྒྲ》དྲ་བའི་དོ་དམ་པ་དང་།  《ནས་སོན》ལོ་དེབ་ཀྱི་སྤྱིའི་ལྟ་སྐུལ་བའི་ལས་ཞོར་སྔར་ལྟར་སྙན་ངག་འབྲི་བར་བརྩོན་བཞིན་ཡོད།

   

  ཐིག་ལེ་སྔོན་པོ། 

  དབེན་པའི་རྨི་ལམ་སྐྱ་བོ་རི་སུལ་ན་བུན་ལ་འཁྲིལ་ཞིང་།།

  རྩ་རླུང་གཏུམ་མོ་ཟུང་སྦྱོར་རང་སྣང་བུམ་ཆུང་གིས་བཅུས་ཏེ།།

  ཚོར་རྟོག་བྱང་སྤྲིན་དྭངས་མས་མཐའ་དག་གཟུགས་ཅན་དུ་ཕབ་ན།།

  འདུ་ཤེས་མེ་ལོང་འོད་པོ་སྣང་བས་གང་མཚར་དུ་དབྱི་འདོད།།

  འཛད་མེད་བུམ་ཆུ་ཁམ་གང་ཕྱི་གསལ་མཆོད་ཡོན་ལ་བཀྱགས་ཤིང་།།

  རྣམ་ཤེས་ཐིག་ལེ་དམར་པོ་ནང་བཅུད་སྒོམ་ཁང་དུ་བསྐྱེད་ནས།།

  གསང་བ་སེམས་བྲིས་མ་དེ་ཡི་གེའི་གཤོག་རླབས་སུ་བཏེགས་ཚེ།།

  བདེ་ཆེན་འདྲེན་པའི་ཆང་མ་རང་དང་མཉམ་མཉམ་ལ་ཡོད་འདྲ།།

  བ་མོ་ཟེར་མས་བདས་པ་འཆི་བའི་སྐྱ་ཐིག་ཏུ་ཕབ་ལ།།

  ངང་སེར་ཆ་རུ་འཕུར་བ་བརྩེ་བའི་སྣང་བརྙན་དུ་བྲིས་ཏེ།།

  ཚོགས་དྲུག་ཕལ་བའི་ངོ་བོ་སྙན་ཚིག་ཨ་ལོང་ལ་བརྒྱུས་འདི།།

  གཏིང་ཟབ་ཀློང་ཡངས་རེད་དོ་སྨྱུག་རྩེ་ཡང་ཡང་དུ་བསྒུལ་བྱུང་།།

  ཕྱི་དབེན་རྣང་ཞིང་ལེབ་མོ་གྲུ་བཞི་ཟུར་གསུམ་དུ་བལྟས་འགྲོ།།

  ནང་དབེན་ཡིད་ཀྱི་སྙེ་མ་མགོ་ལྕོགས་གང་མགྱོགས་ཀྱིས་ལྡེམ་འདུག།

  དབེན་གསུམ་རླུང་བུའི་འགྲོས་ལ་གསེར་སྨུག་ལང་ལིང་རེ་འཁོར་བས།།

  ང་ཡིས་སྣང་གླུ་ཉན་པའི་རྣ་ཅོག་རིངས་རིངས་སུ་བཏང་ཡོད།།

  སྐད་ཅིག་གཡོ་བའི་སྤྲིན་པ་རྫི་མོའི་འཛུམ་ཀོང་ལས་འཁྱུགས་སོང་།།

  གསལ་ལ་མི་གསལ་མཆིད་ཅིག་རྫི་མོའི་སྔས་འགྲམ་དུ་བཞུར་སོང་།།

  དྲང་གཏམ་གློག་མ་སྤྲིན་གྱིས་བརྩེ་འཕྲིན་བར་སྣང་ལ་གཏོར་བས།།

  མགྲིན་པའི་ཨོལ་མདུད་དག་པའི་གླིང་བུ་ང་རང་གིས་དཀྲོལ་ཡོད།།

  2014/9/15

   

   ངག་ལ་སྨུག་པ་ལངས་སོང་། 

  ---གླུ་མ་བསྟན་པ་དབང་མོར་ཕུལ་བ།

  རྟོག་པའི་རི་ཟོམ་གྱི་བྱེ་འུ་ནགས་ལ་འཕུར་ཞིང་།།

  ཟབ་ཡངས་སྤྲོས་བྲལ་གྱི་ངག་ལ་ཆུ་ཀླུང་བྲུག་ན།།

  ན་ཆུང་ཟུར་མིག་གི་ཁ་མཐའ་བརྩེ་བས་རླན་གྱིན།།

  དབྱངས་ཅན་མགྲིན་པ་ལ་ཕྱག་གིས་ཡང་ཡང་ལོས་རེག།

  ཉི་མའི་གསལ་སྒྲིབ་ཀྱི་ཞྭ་མོ་དབུ་ལ་གཡོགས་ཏེ།།

  དབུ་ལྕང་ལན་བུ་དེ་སྤྲིན་པས་ཤད་ཀྱིན་འོང་ན།།

  གར་མའི་མཚན་མདོག་གི་ལྭ་བ་ཁྱོད་ལ་ཡག་སོང་།།

  རྒྱལ་མོ་རོང་ཁོག་གི་ངག་ལ་སྨུག་པ་ལངས་སོང་།།

  ༼ཆུང་འདྲིས༽་གཞས་དབྱངས་ཀྱི་ཁ་མཐའ་སྲིད་པ་གན་རེད།།

  བབ་ཆགས་ངང་འཇམ་གྱི་ཁྱོད་རང་འཁོར་བ་འདི་རེད།།

  གཉུག་མའི་ཁྲ་རྒྱན་ལ་བཏབ་པའི་སྣང་བའི་མུ་ཏིག།

  བརྩེ་གཞས་གསེར་ནག་གི་བཅུད་ལ་ད་ཡང་བསྙལ་དགོས།།

  རི་རྩེ་སྤྲིན་དཀར་གྱིས་གཅུད་པའི་༼ཧི་མ་ལ་ཡ༽།།

  མཚན་མལ་ཁང་ཁྱིམ་གྱི་ཡོལ་བས་ཁོག་ཡ་མི་འདུག།

  ཁྱོད་ཀྱི་གླུ་ངག་གི་གདངས་སུ་དྲོད་ཀྱིས་འཕྱུར་ཏེ།།

  དེ་རིང་གནམ་ས་ཡི་སྒོ་མོ་གཅིག་ཏུ་ཕྱེས་སོང་།།

  ༢༠༡༤/༡/༡༨

   

  བྱང་ལ་དྭགས། 

  བརྡ་གསར་རྙིང་ཐོབ་ཀྱི་གོ་ས་མི་རྩོད།།

  ངག་དབྱངས་གསལ་གནའ་བོའི་རི་དར་ཕྱར་མི།།

  གཏམ་བདེན་པའི་སྨྲ་བ་ཀ་ཁས་ཤོད་པའི།།

  བྱང་ལ་དྭགས་བོད་ཀྱི་ཚིག་མཛོད་ཡག་པོ།།

  གཤིས་མ་བཅོས་བྱང་ཐང་འབྲོག་བུའི་རང་ཚུགས།།

  ངག་དག་གཙང་ཕ་སྐད་རྡོ་རྗེའི་རང་གདངས།།

  སྲོལ་མ་ཉམས་ཡབ་ཆེན་སྨུག་པོ་གདོང་གཞི།།

  བྱང་གཡེར་ཆེན་ལ་དྭགས་འབྲོག་ན་ཡོད་ལེ།།

  འཛུམ་དམུལ་དམུལ་ཞལ་རིས་སྨུག་མདངས་འཁྱིལ་ལ།།

  འགྲམ་མཁུར་ཚོས་བྱིར་དམར་ཚོན་ཁ་གསལ་བའི།།

  ལས་ཀུན་སྤྱོད་དྲང་བའི་གཞུང་རྟ་སྲུང་མི།།

  ས་དེ་ཀའི་སྨན་ཆུང་ངང་འཇམ་རང་ཡོད།།

  མདོག་ཁམས་ཅན་དཀར་ཡོལ་འབྲུག་མའི་ནང་དུ།།

  ཟས་གང་ཞིམ་བརྩེ་བའི་སེམས་ཀྱིས་བླུགས་ཏེ།།

  རིན་མི་དགོས་མགྲོན་པོ་བསུ་བར་བྲེལ་བ།།

  བྱང་ལ་དྭགས་འབྲོག་གི་གཤིས་ལུགས་ཡིན་ལེ།།

  བློ་ཆོས་ལ་འདུན་པའི་རུས་རྐང་སྲ་ཞིང་།།

  མགོན་དམ་པའི་གསུང་གི་རང་སྒྲ་ཐོས་ཚེ།

  ལུས་བ་སྤུ་ལན་བརྒྱར་གཡོ་ཞིང་གུས་པ།།

  བྱང་ལ་དྭགས་མི་ཡི་ངང་ཚུལ་ཡིན་ལེ།།

  རི་གཅིག་མཐོ་གཅིག་ལ་འགྲན་པའི་ངང་ཚུལ།།

  གངས་གཡེར་ཆེན་གཡེར་ཆུང་བརྩི་བ་གྲངས་མེད།།

  དབྱར་ཟླ་གསུམ་གངས་ལ་ཁ་བ་བབས་པ།།

  ངས་མཐོང་བའི་ལ་དྭགས་བྱང་ཐང་རེད་དོ།།

  རླུང་སྨུག་པས་ངར་ཁ་ཤེད་ཀྱིས་འགྲན་ས།།

  གངས་ཁ་བས་གདན་ཐོབ་སུ་ཆེ་རྩོད་ས།།

  མཐོ་མཐོ་བས་ཉི་མ་མཆན་ནས་ཤར་ས།།

  བོད་བསིལ་མོ་ལྗོངས་ཀྱི་བྱང་ན་ཡོད་དོ།།

  ཙེག་བསེར་བུ་རྒོད་པོ་ལུས་ལ་གཟན་ཆེ།།

  དགོང་ཉི་མའི་ཚ་གཟེར་མིག་ལ་གཟན་ཆེ།།

  དེ་ཡིན་རུང་ངང་འཇམ་འཚོ་བའི་ཡུལ་དེ།།

  སེམས་ཐང་དཀར་ཡང་ཡང་འཁོར་ས་ཞིག་ཡིན།།

  དྭངས་གསལ་གསལ་སེམས་ཀྱི་རླབས་ལ་འདྲེས་ཤིང་།།

  སྔོ་ཡུག་ཡུག་ནམ་མཁའི་མདངས་ཞུན་འཛིན་པའི།

  རླབས་མེ་ཏོག་དགོད་པའི་སེང་གེ་ཁ་འབབ།།

  ཡུལ་འདི་ནས་འཁྱུག་པས་ང་རང་སྐྱིད་སོང་།།

  ཆབ་དྭངས་ལ་གཙང་པའི་བསིལ་མོ་དེ་ནས།།

  རླབས་དབུ་དཀར་རྩེན་པའི་བཞུར་འགྲོས་ཉན་ནས།།

  ལས་མི་བརྟན་སྤྲིན་གྱི་ཡོ་ལང་བསམ་གྱིན།།

  ལག་ཆུ་ལ་བྱིང་སྟེ་རེ་ཞིག་ལུས་སོང་།།

   

  སྦྲང་ཐལ། 

  བར་སྣང་ཁྱབ་པའི་མེ་ལོང་ཞིག།

  སྐར་མའི་ཚོགས་ཀྱི་འོད་དང་བཅས།།

  ཐེངས་རེར་མདུན་དུ་བཞད་པ་ན།།

  ང་ཡི་སྦྲང་ཐལ་དེ་རུ་འཁོར།།

  གང་ལ་ཧད་པའི་མིག་གཉིས་ཀྱིས།།

  བརླན་བཤེར་བསྒོས་པའི་མེ་ལོང་བཙལ།།

  གཤོག་པའི་རྩལ་ཤུགས་གང་ཡོད་ཀྱིས།།

  ཉི་ཟེར་བརྒལ་ཏེ་འཕུར་བའི་མཐར།།

  མེ་ལོང་ནང་གི་འོད་ཟེར་ནི།།

  སྟོང་པའི་རོ་ལ་འཐིམ་ཏེ་འདུག།

  ང་ཡི་གཤོག་པའི་རླབས་མཉེན་གྱིས།།

  ཆུ་ཁར་གཡེང་བའི་དབུ་བ་འཛིན།།

  དེ་ན་སྨིག་རྒྱུ་ཡངས་པའི་མཁའ།།

  དེ་ན་ས་སྲོད་གདུང་བའི་ཁམས།།

  གྲིབ་བརྙན་ནགས་སུ་མཆེད་པ་ལྟའི།།

  སྨྲེང་བའི་ཆུ་རུ་དཔྱངས་པ་ཡིས།།

  ཡིད་ཀྱི་འོད་གསལ་ཙམ་པོ་ཞིག།

  སྐད་ཅིག་འགྱུར་བའི་སྔས་ལ་ཕྱོགས།།

  ༢༠༡༤/༩/༥

    

  བཏགས་ཚུལ། 

  སྨུག་པ་ཚམ་ཚོམ་རེ་རེ་ཚུར་ལ་འོངས།།

  དེ་ལ་མཛེས་སྡུག་ཅེས་པ་རང་གིས་བསྙད།།

  སྣང་བ་དཀར་དམར་མང་པོ་སྤྲིན་ལ་འདྲེས།།

  དེ་ལ་བརྩེ་དུང་ཞེས་པ་རང་གིས་བཏགས།།

  སྡོང་མགོའི་ལོ་མ་ཁ་མདོག་ཡང་ཡང་བརྗེས།།

  དེ་ནི་འཇིག་རྟེན་ཟེར་ཡའི་མི་རྣམས་བརྗོད།།

  ཁྲ་ཚོམ་མེ་ཏོག་འགའ་ནི་མདུན་དུ་བཞད།།

  འཁོར་བའི་སྙིང་པོ་ཞེས་ཏེ་ཀུན་གྱིས་མྱོང་།།

  འགྱུར་བ་མང་པོ་གློག་དམར་འཁྱུག་གིན་ཐོན།།

  ཐམས་ཅན་སྨྲ་བ་མེད་པར་རེ་ཞིག་ཧད།།

  ༢༠༡༤/༡༡/༨ཉིན།

  • 顶