སྒྲོམ་བརྟན་གྱི་སྙན་ངག་བདམས་བཀོད།

2016-12-06
220

 

  སྒྲོམ་བརྟན། མིང་དངོས་ལ་སྒྲོལ་མ་ཚེ་བརྟན། དོན་གསུམ་ལོར་མང་རྫོང་གི་མགོ་མང་དུ་སྐྱེས། སྙན་ངག་གཙོས་ལྷུག་རྩོམ་དང་དཔྱད་རྩོམ། བསྒྱུར་རྩོམ་སོགས་བརྩམས་ཆོས་མང་པོ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྤེལ། བསྒྱུར་རྩོམ་དེབ་གཉིས་དང་སྒྲིག་རྩོམ་དེབ་གཉིས་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད།

   ད་ལོ།  ངའི་ཕ་ཡུལ་ན།  

   

  ད་ལོ། ངའི་ཕ་ཡུལ་ན།

  སྙན་ངག་མེད་ལ་འཛུམ་མདངས་ཀྱང་མེད།

  སྙིང་གཏམ་བཤད་མཁན་དེ་བས་ཀྱང་མེད།

  མི་རྣམས།

  ཅ་ཅོ་དང་ཀུ་ཅོའི་ཀློང་ན།

  ཚུལ་འཆོས་ཀྱིས་ཕྱི་ཤུན་མཐུག་པོ་རེ་གྱོན་ཏེ།

  རང་ཉིད་འུད་སྒྲོག་དང་གཞན་པར་ཁྱད་གསོད་ཀྱི།

  ཡོད་ཚད་བོར་བའི་ལག་པ་ཆུང་ངུས།

  རུལ་དྲི་འཐུལ་བའི་སྒོ་མོ་མང་པོ་ཕྱེ།

  ད་ལོ། ངའི་ཕ་ཡུལ་ན།

  ཁ་སང་ལ་ལེ་ལན་བདའ་མཁན་ཧ་ཅང་མང་།

  རང་རློམ་ཆེན་པོས་ཁ་སང་གླེངས་ནས།

  དེ་རིང་གི་ཉི་མར།

  མེད་མུག་དང་ཐོབ་ཤོར་ཁྲོད་ནས།

  ས་སྲོད་ལ་གྱེས་ཕྱག་ཕུལ་མཁན་རླུང་བཞིན་འཚུབ།

  ད་ལོ། ངའི་ཕ་ཡུལ་ན།

  སྐྲ་བཞིན་བྲེགས་པའི་ནགས་ཀྱི་ཚང་ཚིང་དང་།

  ཕྱི་ཤུན་བཀོག་པའི་སྤང་ལྗོངས་སྔོན་མོ་ལས།

  རླུང་དང་ཐན་པ།

  དུག་མཚོ་བཞིན་བྲུག

  ༢༠༠༡ལོའི《སྦྲང་ཆར》དེབ་གཉིས་པར་བཀོད།

  རེ་བའི་གཡབ་མོ། 

  

  ངལ་དུབ་ལུས་པོ་འདམ་བཞིན་ལྡུར་ཡང

  ནང་སེམས་ཀྱི་ཤེས་པའི་རྩེ་མོར

  ཁྱེད་ཀྱི་བཟོ་ལྟ    ཡོད་ཚད་མ་བརྗེད

  ངས་མཐུག་ལ་ཟབ་པའི་བཅོས་མའི་རང་མདངས་འདི

  ཚལ་བར་གཤགས་ནས    ལུས་ངག་ཡིད་གསུམ་གྱིས

  ཁྱོད་ལ    བལྟ་འདོད   ཉན་འདོད   མཇལ་འདོད

  མ་ཐོབ་པ་དེ ཐོབ་ན་བསམ་ཞིང

  ཐོབ་འོས་པ་དེ་གཏན་དུ་འཐོབ་འདོད་པའི

  ཞེན་ཆགས་འདིས   ང་པད་མ་ལྟར་གས་ཤིང

  ཟོར་ཟླ་བཞིན་གྱོང་ན་ཡང

  ནམ་ཡང་འབྲལ་མི་འདོད་པ་ཁྱོད

  ཁོང་གི་སྙིང་དང་དཔྲལ་བའི་མིག་བཞིན

  ང་ལ་ཇི་འདྲའི་མཁོ་ཨང

  རྒྱལ་སྲས་རྣམས་ག་ལེར་གཏན་དུ་གྱེས་ཤིང

  གྲོགས་པོ་རྣམས་ཡིད་ཆད་ཀྱི་ཆུ་ལ་བྱིངས་པས

  ད་ལྟ    བདག་ལ་ཁྱོད་ལས

  གཞན་ཅི་ཡང་མེད

  གཞན་པས    ཁྱོད་ལ་ཅི་ཞིག་བྱས་ཀྱང་རུང

  ཁྱོད་ནི་བདག་གི་ཡོད་ཚད་བཞིན

  ཁྱོད་ཡོད་པས    ང་ད་གཟོད་རེ་བས་ཁེངས་ཤིང

  ཁྱོད་ཡོད་པས    ང་ད་གཟོད་ང་རྒྱལ་གྱིས་འཚོ་ཆོག

  སྐྱི་གཡའ་བའི་གྲོག་རོང་རེ་རེར

  ཤུགས་ཀྱིས་བརྒལ་ནས

  ཕྱི་མིག་གི་འཇིག་རྟེན་ལ་ལྟ་དུས

  ཡུན་རིང་སྒོ་མོ་བརྒྱབ་པའི་ཁང་མིག་འདི

  རྩྭ་ལྡུམ་གྱིས་ཁེངས་ཤིང ཆར་རླུང་གིས་ཟད་པས

  དངོས་གནས

  ང་ཚོའི་ཁྱིམ་གཞིས་འདིར

  བྱི་དོར་བྱེད་རན་སོང

  ༢༠༠༢ལོའི《གངས་རྒྱན་མེ་ཏོག》དེབ་གཉིས་པར་བཀོད།

   རྡོ་དང་འགྲེལ་བ་གཞན་དག 

   

  ངས་ཁྱོད་ལ་འགྲེལ་བཤད་བྱེད་མི་འདོད

  འགྲེལ་བ་སྣ་ཚོགས་བགྱི་བའི་ཁྲོད

  ངའི་གསེར་ལས་ལྷག་པའི་དུས་ཚོད་མང་པོ

  རྒས་འཁོགས་ཀྱི་གཉེར་མས་བཏུས་འགྲོ

  དེའི་ཕྱིར  ངས་ཁྱོད་ལ་འགྲེལ་བཤད་མི་བྱེད

  ཁྱོད་ཀྱི་སྲ་མཁྲེགས་ཀྱི་ཕང་བ་ན

  ད་ལྟ  རྒྱང་ལ་བལྟ་མཁན་གྱི་ལྗང་བུ་འགའ

  མེ་ཏོག་བཞིན་འཛུམ་དུས

  ཁྱོད་ཀྱི་རྙིང་ཞེན་གྱི་ལག་པ་འཁྱགས་པོས

  སྙིང་ཉེ་བ་དེ་ཚོར

  བར་ཆད་ཀྱི་བགེགས་དེ་མ་བྱེད

  ལབ་གླེང་ཐན་ཐུན་འགའ་ཞིག་གིས

  ང་ཚོའི་བར  མི་འདོད་པའི་རླུང་དེ་ལྡང་སོང

  མ་གཞིར་རླུང་དེ་ནི

  རྒས་དྲེག་ཆགས་པའི་གཡའ་མ་དེ་ཚོའི

  བྲག་ཆའི་ངོས་ལས་བྱུང་བ

  ད་ལྟ    ཕལ་ཆེར་ཞིག་ལ་ངེས་ཤེས་རྙེད་ཡོད

  ཡོད་ཚད་རླུང་བཞིན་ག་ལ་ཡིན

  ཁྱོད་ཀྱི་བྱམས་བརྩེའི་ཐུ་འོག་ན

  ཁྱོད་ཀྱི་བཀའ་དྲིན་མི་ཚོར་བ་ཅི་ཙམ་ཡོད

  ཡོད་ཚད་སྨྲས་པ་ལྟར་ག་ལ་ཡིན

  ཁྱོད་ཀྱི་རྩ་བ་བརྟན་ལ་ཁོ་ལག་རྒྱས་པའི་ཁྱོད་ཉིད་ལས

  ང་ཚོས་མཁོ་བ་རྣམས་གཅིག་ཏུ་བླངས་ཏེ

  རང་ལ་བཟོ་བཅོས་ཡང་ཡང་བྱེད་དགོས་ཨང

  ལོ་ངོ་མང་པོའི་རིང

  རྙེད་དུ་མེད་པའི་སྟོང་འདང་ཟབ་མོའི་ཁྲོད

  རང་གི་ཡོད་ཚད    རང་ལས་ཆེས་ཆེར་རིང་བའི

  སྐྱེ་བ་དུ་མ་ཞིག་ལ་ཕུལ་བས

  ཡོད་ཚད་བློས་བཏང་བའི་ལག་པ་སྐམ་པོ་ཞིག་གིས

  ཡོད་ཚད་བདག་གིར་བཟུང་བའི་འཇིག་རྟེན་འདི་ལས

  འབྱོར་བ་ཀླུ་ཡུལ་དང  སྐྱིད་པ་ལྷ་ཡུལ་ཞིག

  ད་ལྟ་གང་ནས་བསྐྲུན

  སྐྱེ་བ་ནས    རྒས་གཉེར་ཆགས་པའི་རྡོ་བ་དེ་ཚོ་ལས

  ང་དང་ངའི་གྲོགས་པོ་ཚོ

  བསྐལ་བརྒྱར་བར་བརྒྱུད་པའི་རྐང་ལམ་ཕྲ་མོ་འདིར

  ཀྱག་ཀྱོག་དང་འབའ་འབུར་མེད་པའི

  ལམ་ཆེན་ཞིག་འགྲུབ་ཆེད   ཞེ་དག་པ་ནས

  ལམ་དུ་གདིང་ཕྱིར་འོས་པའི

  རྡོའི་གཟེགས་མ་དེ་བྱེད་འདོད

  ༢༠༠༤ལོའི《མང་ཚོགས་སྒྱུ་རྩལ》དེབ་གཉིས་པར་བཀོད།

  བོད་ཀྱི་ཙོང་ཁ།---མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ཆེད་བསྒྲིགས་ལེ་ཚན《ཙོང་ཁ་བོད་ཡུལ་དུ་ཕྱིན་པ》ཞེས་པར་བལྟས་རྗེས།

  

  མི་ཞིག་གི་ཚེ་ཚད་ཀྱི་ངོས་ནས་བརྗོད་ན

  ད་དུང་ཆེས་རྒན་པའི་གྲས་སུ་མི་ཐེ་བའི་ཡུལ་ཁམས་འདིར

  ལོ་ངོ་ལྔ་བཅུ་ལྷག་གི་དུས་ཡུན་ཏེ

  མི་མིང་ཙམ་ལས་ཅི་ཡང་བོར་བའི་ལོ་ངོ་ལྔ་བཅུ་ལ

  རྩམ་དྲི་དང་མར་དྲིས་ཁྱབ་པའི་སྦྲ་ནག་དུད་པ་ཅན་དེ་ཡང

  ད་ལྟ  སིབ་སིབ་ཏུ་ཞུས་ཟིན་པའི་ཁ་བ་ལེབ་མོ་གཅིག་དང་མཚུངས་པར

  ཤུལ་ཙམ་ཡང་མི་འདུག་ལ

  སྒོག་ཙོང་གི་དྲི་མས་ཁྱབ་པའི་སྲང་ལམ་གང་རུང་དུ

  ཕ་སྐད་ཀྱི་སྨྲ་ལྕེ་འགགས་པའི

  ངའི་ཕུ་ནུ་དང་ལྕམ་སྲིང་གང་རུང་དུ་གྱུར་པ་འདི་དག་གི

  ཕྱི་ནང་མཐོང་དུས   ངའི་ས་གཞིའི་ཁྱོན་ཧྲིལ་བོར

  ཤྭ་འོད་ཀྱི་རྒྱུན་རིང་མོ་ཞིག་གིས

  གསེར་མདོག་གི་ས་གཞི་མང་པོ་ཞིག་ལ

  ཧབ་ཐོབ་ཀྱིས་ཁྱུར་མིད་གཏོང་བ་ཇི་བཞིན

  མེས་པོ་དག་གཏམ་རྒྱུད་ཐིམ་པའི་དེ་རིང

  ང  གངས་ཅན་གྱི་བུ་ཕོ་ང

  དབུལ་ཕོངས་དང་ཁེར་རྐྱང་གི་ཡུལ་གྲུ་འདི་བྲང་ལ་གླན་ནས

  སྐྱོ་སྡུག་འདྲེས་མའི་མིག་ཆུ་དྭངས་མོ་འདིས

  གསལ་བྱེད་སུམ་ཅུ་ཡི་དབྱངས་རྟ  ངག་གི་སྒོ་མོ་ནས་གཏན་དུ་བསྡུས་པའི

  ཡུལ་མི་སྐྱ་སིང་བ་འདི་དག་གི

  མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ

  མ་ཡུམ་གྱི་ནུ་ཞོ་ལྟ་བུ་ཞིག་ཏུ་འགྱུར་བར་སྨོན

  ༢༠༠༩ལོའི་ཟླ༥ཚེས༡ཉིན་གྱི《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་དུ་བཀོད།

  • 顶