ཆབ་འགག་རྡོ་རྗེ་ཚེ་རིང་།
ཆབ་འགག་རྡོ་རྗེ་ཚེ་རིང་ངམ་དབྱངས་ཅན་དགའ་བའི་བློ་གྲོས། སྤྱི་ལོ༡༩༥༨ལོར་ཕ་ཡུལ་ཆབ་འགག་གསེར་གཞོངས་སུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པའོ། །
ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་། མཚོ་ལྷོ་ཁུལ་རིག་གནས་ཅུ། མཚོ་ལྷོ་ཁུལ་རིག་གནས་སྒྱུ་རྩལ་ལྷན་ཚོགས་བཅས་སུ་བྱ་བ་ལས།
ཉིད་ཀྱིས་བྲིས་པ་དང་། གཙོ་སྒྲིག་བྱས་པ། དག་སྒྲིག་བྱས་པ། མཉམ་འབྲི་བྱས་པར་ཆབ་འགག་རྡོ་རྗེ་ཚེ་རིང་གི་ལྗགས་རྩོམ་ཕྱོགས་བསྒྲིགས《འབོལ་རྩོམ་པད་མའི་སྐྱེད་ཚལ》 ། 《སྙན་རྩོམ་ཅོ་ཀའི་དྲུག་འགྱུར》 ། 《དཔྱད་རྩོམ་རིག་པའི་རྩེད་འཇོ》 ། སྒྲུང་རྩོམ་ག྄ེ་སར་དགོངས་རྒྱན》 ། 《སྒྲིག་རྩོམ་མུ་ཏིག་ཕྲེང་མཛེས》 ། དེབ་ལྔ་དང་། གཙོ་སྒྲིག་བྱས་པའི་མཚོ་ལྷོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས་ལ《ཁེད》 ། 《བཤད་པ》 ། 《རོགས་འཐེན》 ། 《མ་ཎི་ཁང་》 ། 《བསང་མཆོད》 ། 《ལབ་ཙེ》 ། 《གཏམ་དཔེ》 ། 《ངག་རྒྱུན》 ། 《མཆོད་རྟེན》 ། 《གཏམ་རྒྱུད》 ། དེབ་བཅུ། གེ་སར་སྒྲུང་གི་བྱིས་པའི་དཔེ་ཚོགས་ལ《འཇང་ཕྲུག》 ། 《ཨ་སྟག་ལྷ་མོ》 ། 《ལྷ་གླིང་གབ་ཙེ་དགུ་སྐོར》 ། 《རྟ་རྒྱུག་རྒྱལ་འཇོག》 ། 《གེ་སར་འཁྲུངས་རབས》 ། 《ཤན་འདན་ནང་འཁྲུག》 ། དེབ་དྲུག་དང་། 《ཡ་མཚན་ཆེ་བའི་གླིང་གེ་སར་སྒྲུང་བའི་གསང་བ》 ། 《གངས་རིའི་བརྩེ་དུངས》 ། 《ཆབ་འགག་ལོ་རྒྱུས》 ། 《སྙན་རྩོམ་ངག་གི་ལྷ་མོ་དགྱེས་པའི་མཆོད་པ་མེ་ཏོག་གི་ཕྲེང་བ》 ། 《ཆབ་འགག་རྡོ་རྗེ་ཚེ་རིང་གི་དཔྱད་རྩོམ་ཕྱོགས་བསྒྲིགས》 ། 《མཚོ་ལྷོའི་སྣོད་བཅུད་ཀྱི་རིག་གནས》 ། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང་། རྒྱ་ཡིག་གི《བླ་མ་ཐུབ་བསྟན་ཉི་མའི་རྟོགས་བརྗོད》 ། 《དག་གཙང་གི་བོད་ཡུལ་མཛེས་སྡུག་གི་མཚོ་ལྷོ》དེབ་གཉིས་དང་། སྒྲིག་རྩོམ་ལ་གེ་སར་གྱི་སྒྲུང་《བཀྲ་ཤིས་སྨོན་ལམ་ལྔ》 དང་། གེ་སར་སྒྲུང་དེབ་སྤུས་ལེགས《སྒ་བདེའི་ཤེས་རབ་རྫོང་》སྟོད་སྨད་ཆ་དེབ་གསུམ་བཅས་དེབ ༣༣ པར་དུ་བསྐྲུན་ཡོད་པ་དང། ད་དུང་འཁྲབ་གཞུང་བོད་རིགས་ཀྱི་གླུ་གར་ཆེན་མོ《འཇང་ཕྲུག》 ། བོད་རིགས་ཀྱི་གླུ་གར་ཆེན་མོ《རྒྱ་ཚ》 ། བོད་རིགས་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ། 《གསེར་གྱི་ཉི་ཟླ》 ། བོད་པའི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར《ལྷ་ཆབ་སྔོན་མོའི་མཆོད་པ》 ། གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ《སྐྱ་ལོའི་སྟོན་འཇོག》 ། བོད་རིགས་ཀྱི་གླུ་གར་ཆེན་མོ《མཚོ་སྔོན་པོའི་གཏམ་རྒྱུད》 ། གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར《སྐྱ་ལོའི་སྐྲ་སྟོན》བཅས་བྲིས་ཡོད་པ་འདི་དག་ཕ་ཟས་ཡུན་རིང་ཟོས་པའི་རིན་པའོོ། །
ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་གྲོན་དངུལ་ལོངས་སུ་སྤྱོད་མཁན་ཆེད་མཁས་པ་དང་། རིམ་པ་དང་པོའི་རྩོམ་པ་པོའི་ཐོབ་ཐང་ཡོད།
རླབས་དཀར་ཕྲེང་བ་གཡོ་བའི། །
རྨ་ཀླུང་སྒེག་མོའི་འགྲམ་ན། །
བཙན་པོ་ལྷ་གསུམ་དགྱེས་ས། །
གཉན་པོ་གདོང་གསུམ་བསྟོད་ས། །
མེ་ཏོག་མཆོད་པ་བཤམ་ས། །
ཤིང་ཏོག་འབྲས་བུ་སྨིན་ས། །
ཁྲི་ཀ་གསེར་མོ་གཞོང་གི །
སིལ་ཏོག་གླིང་ག་ཡིན་སོང་། །
རྔམ་བརྗིད་མཁའ་ལ་འགྱིང་བའི། །
སྐྱེས་ལྷ་སྲིན་པོའི་འདབས་ན། །
འགངས་ཆེན་རྟེན་གསུམ་བཞུགས་ས། །
དད་པས་ཕྱག་གསུམ་འཚལ་ས། །
མེ་ཏོག་མིག་ལ་མཛེས་ས། །
ཤིང་ཏོག་ཁ་ལ་ཞིམ་ས། །
ཁྲི་ཀ་གསེར་མོ་གཞོང་གི །
སིལ་ཏོག་གླིང་ག་ཡིན་སོང་། །
ངའི་དུང་མཚོ་དཀར་མོའི་མཚོ་ཁ་ནས།
མ་ཆུ་ཁུར་བཞི་ལ་ལམ་ནས་ཐུག
ཁྱིམ་གྲུ་བཞི་སྐྱིད་པོའི་རྟེན་འབྲེལ་རེད།
ངས་མཆོད་གཅིག་མཆོད་མགོ་གནམ་ལ་མཆོད།
གནམ་འཁོར་ལོ་རྩིབས་བརྒྱད་མ་མཆོད་ན།
སྐྱིད་ཉི་མ་འཆར་ས་ཨ་སྔོན་དགུང་།
དགུང་ཨ་སྔོན་སྐྱིད་ཀྱི་ལྷ་ཡུལ་རེད།
སྐྱིད་ལྷ་ཡུལ་རྟག་པའི་བཀྲ་ལ་ཤིས།
ངའི་དུང་མཚོ་དཀར་མོའི་མཚོ་ཁ་ནས།
མ་ཆུ་ཁུར་བཞི་ལ་ལམ་ནས་ཐུག
ཕྱུགས་རྐང་བཞི་འཕེལ་པའི་རྟེན་འབྲེལ་རེད།
ངས་མཆོད་གཅིག་མཆོད་གཉིས་བར་ལ་མཆོད།
བར་བཀྲ་ཤིས་རྟགས་བརྒྱད་མ་མཆོད་ན།
ཆར་བསིལ་མ་འཇོ་ས་བར་སྣང་ཁམས།
མཐོངས་བར་སྣང་སྐྱིད་ཀྱི་མགོ་སྦྲ་རེད།
སྐྱིད་མགོ་སྦྲ་རྟག་པའི་བཀྲ་ལ་ཤིས།
ངའི་དུང་མཚོ་དཀར་མོའི་མཚོ་ཁ་ནས།
མ་ཆུ་ཁུར་བཞི་ལ་ལམ་ནས་ཐུག
ཡུལ་ཕྱོགས་བཞི་བདེ་བའི་རྟེན་འབྲེལ་རེད།
ངས་མཆོད་གཅིག་མཆོད་གསུམ་ས་ལ་མཆོད།
ས་པད་མ་འདབ་བརྒྱད་མ་མཆོད་ན།
འབྲུ་ལོ་ཏོག་འཁྲུངས་ས་དོག་མོ་ས།
ས་དོག་མོ་སྐྱིད་ཀྱི་འཇིག་རྟེན་རེད།
སྐྱིད་འཇིག་རྟེན་རྟག་པའི་བཀྲ་ལ་ཤིས།
བུ་མོ་ལོ་ན་ཆུང་དུས། །
ནུ་ཞོ་འོ་མས་གསོ་མཁན། །
བཀའ་དྲིན་ཅན་གྱི་ཨ་མས། །
ང་ལ་འདི་སྐད་གསུངས་སོང་། །
དམར་ཆུང་སྙིང་གི་སྐྱ་ཡ། །
ཁྲ་ཆེན་མིག་གི་ཆ་ཡ། །
ཨ་མའི་ལོ་ལོའི་རྒྱུད་ལ། །
ཡ་རབས་བྱམས་བརྩེ་འབྱོར་དགོས། །
བུ་མོ་ཁྱོད་ཀྱི་ཁོག་ན། །
ཡབ་མེས་སྲོལ་བཟང་མེད་ན། །
གཡུ་དང་བྱུ་རུའི་རྒྱན་ཆ། །
རྒྱབ་ལ་བཏགས་ཀྱང་མི་མཛེས། །
བུ་ཆུང་ལོ་ན་ཕྲ་དུས། །
ཁ་ཏ་སློབ་གསོ་གཏོང་མཁན། །
བཀའ་དྲིན་ཅན་གྱི་ཨ་ཕས། །
ང་ལ་འདི་སྐད་གསུངས་སོང་། །
དམར་ཆུང་སྙིང་གི་སྐྱ་ཡ། །
ཁྲ་ཆེན་མིག་གི་ཆ་ཡ། །
ཨ་ཕའི་གཅེས་ཕྲུག་རྒྱུད་ལ། །
རིག་གནས་ཤེས་བྱ་འབྱོར་དགོས། །
བུ་ཆུང་ཁྱོད་ཀྱི་ཁོག་ན། །
ཡབ་མེས་སྲོལ་བཟང་མེད་ན། །
ཕྱུགས་ཟོག་རྟ་ནོར་ལུག་གསུམ། །
སྒོ་ན་ཡོད་ཀྱང་མི་ཕྱུག །
ཕ་ཡུལ་གངས་ཅན་ལྗོངས་ནས།
གསེར་གྱི་མཚོ་ཞིག་འཁྱིལ་ཡོད།
གསེར་གྱི་མཚོ་མོའི་ནང་ལ།
གསེར་བྱ་ངང་བ་བབས་ཡོད།
གསེར་བྱ་ངང་བ་སེར་པོ།
བན་ཆུང་སེར་མོའི་ལྷ་བྱ།
གསུང་སྐད་མགུར་ལས་སྙན་སོང་།
བློ་སེམས་ཆོས་ལ་འཁོར་སོང་།
ཕ་ཡུལ་གངས་ཅན་ལྗོངས་ནས།
དུང་གི་རི་ཞིག་འགྱིང་ཡོད།
དུང་རི་དཀར་པོའི་མགོ་ལ།
དུང་བྱ་ཁྲུང་ཁྲུང་བབས་ཡོད།
དུང་བྱ་ཁྲུང་ཁྲུང་དཀར་མོ།
སྟག་ཤར་གཞོན་ནུའི་ལྷ་བྱ།
གསུང་སྐད་དུང་ལས་སྙན་སོང་།
སེམས་ཁམས་བདེ་ལ་བཀོད་སོང་།
ཕ་ཡུལ་གངས་ཅན་ལྗོངས་ནས།
གཡུ་ཡི་ནགས་ཀླུང་རྒྱས་ཡོད།
གཡུ་ཡི་ནགས་ཀླུང་དཀྱིལ་ལ།
གཡུ་བྱ་ཁུ་བྱུག་བབས་ཡོད།
གཡུ་བྱ་ཁུ་བྱུག་སྔོན་མོ།
སྨན་ཆུང་བུ་མོའི་ལྷ་བྱ།
གསུང་སྐད་གླུ་ལས་སྙནསོང་།
ཡིད་སེམས་སྐྱིད་ལ་རོལ་སོང་།
ཕ་ཡུལ་གངས་ཅན་ལྗོངས་ཀྱི། །
བདག་པོ་སྟག་ཤར་གཞོན་ནུ། །
ཕ་བཟང་བུ་ཚ་ཨེ་ཡིན། །
ཕ་བཟང་བུ་ཚ་ཡིན་ན། །
ཕ་མེས་ཡ་རབས་སྲོལ་བཟང་། །
ཀུན་ཕན་ལྷག་བསམ་དཀར་པོ། །
མ་བརྗེད་སེམས་ནས་ཡོད་ན། །
དགེ་བའི་མཆོད་པ་ཡིན་སོང་། །
ཕ་ཡུལ་གངས་ཅན་ལྗོངས་ཀྱི། །
བདག་མོ་སྨན་ཤར་མཛེས་མ། །
མ་བཟང་བུ་མོ་ཨེ་ཡིན། །
མ་བཟང་བུ་མོ་ཡིན་ན། །
མ་མེས་ཡ་རབས་སྲོལ་བཟང་། །
བྱམས་བརྩེའི་ལྷག་བསམ་དཀར་པོ། །
མ་བརྗེད་སེམས་ནས་ཡོད་ན། །
དགེ་བའི་མཆོད་པ་ཡིན་སོང་། །
ཞེས་པའི་གླུ་ཚིག་འདི་ཁ་བ་ཅན་བོད་གཙོད་བྱམས་བརྩེ་ཚོགས་པར་ཆེད་དུ་བྲིས་པའོ། །
ཁྲི་ཀ་གསེར་མོ་ལྗོངས་ནས། །
རྔམ་བརྗིད་མཁའ་ལ་འགྱིང་བའི། །
སྐྱེས་ལྷ་ཨ་མྱེས་སྲིན་པོ། །
ཡབ་མེས་བླ་རི་སྨུག་པོ། །
དགྲ་ལྷའི་དཔའ་མཁར་མཐའ་ནས། །
འཇའ་རིས་དར་རྡང་གཡོ་སོང་། །
ཁ་ལས་རླུང་རྟ་བསྐྱོད་ནས། །
ཡུལ་ལྷ་གཞི་བདག་དགའ་སོང་། །
ལྷ་རི་ཨ་མྱེས་སྲིན་པོ། །
སེམས་ནས་གསོལ་བ་འདེབས་ཞོར། །
ལྷ་བསང་སྔོན་མོ་བཏང་ན། །
མགོན་སྐྱབས་འཕྲིན་ལས་མྱུར་དགོས། །
ཁྲི་ཀ་གསེར་མོ་ལྗོངས་ནས། །
རྔམ་བརྗིད་མཁའ་ལ་འགྱིང་བའི། །
སྐྱེས་ལྷ་ཨ་མྱེས་སྲིན་པོ། །
ཡབ་མེས་བླ་རི་སྨུག་པོ། །
དལ་འགྲོ་རྨ་ཀླུང་སྒེག་མོའི། །
རླབས་དཀར་ཕྲེང་བ་མཛེས་སོང་། །
མེ་ཏོག་མཆོད་པ་མཐོང་ནས། །
ལྷ་མིའི་སེམས་པ་སྐྱིད་སོང་། །
ལྷ་རི་ཨ་མྱེས་སྲིན་པོ། །
སྙིང་ནས་དད་པ་བྱེད་ཞོར། །
མཚན་ནས་ཐེངས་གསུམ་བོས་ན། །
སེམས་ཀྱི་རེ་བ་འགྲུབ་དགོས། །
སྟོན་གསུམ་སྟོན་འགོ་ཚུགས་ནས། །
བད་དཀར་ས་ལ་ལྷུང་སོང་། །
ཁུ་བྱུག་སེམས་པ་སྐྱོ་བཞིན། །
མི་འཕུར་རང་དབང་མེད་སོང་། །
ལྷ་བྱ་ཁུ་བྱུག་སྔོན་མོ། །
ཡ་ཆུང་སེམས་པ་མ་སྐྱོ། །
མི་རྟག་སྒྱུ་མའི་འགྱུར་ལྡོག །
དུས་ཀྱི་ཆོས་ཉིད་ཡིན་རུང་། །
གཅིག་སེམས་གཅིག་ལ་མཐུན་ན། །
རྨི་ལམ་ནང་ནས་མཇལ་ཆོག།
སྟོན་གསུམ་སྟོན་མཇུག་ཚར་ནས། །
མེ་ཏོག་འདབ་མ་ལྷུང་སོང་། །
གསེར་སྦྲང་སེམས་པ་སྐྱོ་བཞིན། །
མི་འཕུར་རང་དབང་མེད་སོང་། །
སེམས་ཀྱི་གསེར་སྦྲང་སེར་པོ། །
ཡ་ཆུང་སེམས་པ་མ་སྐྱོ། །
མི་རྟག་སྒྱུ་མའི་འགྱུར་ལྡོག །
སྔོན་བསགས་ལས་དབང་ཡིན་རུང་། །
གཅིག་སེམས་གཅིག་གིས་ཤེས་ན། །
རྨི་ལམ་ནང་ནས་མཇལ་ཆོག །
མདོ་སྨད་ས་ཡི་ཐིག་ལེ། །
ཆབ་འགག་གསེར་གཞོངས་ཐང་ནས། །
རྔམ་བརྗིད་མཁའ་ལ་འགྱིང་བའི། །
རི་བོ་བློན་པོ་གསེར་ཆེན། །
ཡབ་མེས་བླ་རི་སྨུག་པོ། །
སྙིང་གི་སྐྱེས་རི་དཀར་པོ། །
ཁྱོད་ཀྱི་བརྗོད་མི་ཚར་བའི། །
ཡིད་འཕྲོག་གཏམ་རྒྱུད་རེ་རེ། །
ནམ་ཡང་བྲིས་མི་ཚར་བའི། །
དར་རྒུད་རི་མོ་རེ་རེ། །
སེམས་ཀྱི་བློན་པོ་གསེར་ཆེན། །
ལོ་རྒྱུས་རྡོ་རིང་ཡིན་སོང་། །
མཇལ་བ་ལན་ཅིག་མིན་རུང་། །
དུངས་པ་ཚེ་གཅིག་ཡིན་སོང་། །
མདོ་སྨད་ས་ཡི་ཐིག་ལེ། །
གསེར་ཆེན་་གཡེར་མོ་ཐང་ནས། །
རླབས་ཕྲེང་ཟེགས་མ་འཕྱོ་བའི། །
མཚོ་མོ་ཁྲི་ཤོར་རྒྱལ་མོ། །
ཡབ་མེས་བླ་མཚོ་ཕྱུག་མོ། །
སྙིང་གི་ལྷ་མཚོ་སྔོན་མོ། །
ཁྱོད་ཀྱི་བརྗོད་མི་ཚར་བའི། །
ངོ་མཚར་གཏམ་རྒྱུད་རེ་རེ། །
ནམ་ཡང་བྲིས་མི་ཚར་བའི། །
མཛེས་སྡུག་རི་མོ་རེ་རེ། །
སེམས་ཀྱི་ཁྲི་ཤོར་རྒྱལ་མོ། །
སྐྱིད་སྡུག་འཚོ་བ་ཡིན་སོང་། །
མཇལ་བ་ལན་ཅིག་མིན་རུང་། །
དུངས་པ་ཚེ་གཅིག་ཡིན་སོང་། །
དཔྱིད་ཀྱི་ལང་ཚོ་སླེབས་སོང་། །
གཡུ་འབྲུག་སྐད་སྒྲ་སྙན་སོང་། །
སྦྲང་མའི་ཆར་བ་བབས་སོང་། །
འཇའ་ཚོན་སྣ་ལྔ་ཤར་སོང་། །
ས་གཞིའི་ཁ་དོག་འགྱུར་སོང་། །
དཔྱིད་གསུམ་མེ་ཏོག་མཛེས་སོང་། །
དབྱར་གྱི་ལང་ཚོ་སླེབས་སོང་། །
ཁུ་བྱུག་སྤང་ནས་གྲག་སོང་། །
སྤང་ལྗོངས་ཚོས་ལ་བསྒྱུར་སོང་། །
ནོར་ལུག་རྦ་རླབས་འཕྱུར་སོང་། །
འོ་མས་རྒྱ་མཚོ་བསྐྱིལ་སོང་། །
དབྱར་གསུམ་མེ་ཏོག་མཛེས་སོང་། །
སྟོན་གྱི་ལང་ཚོ་སླེབས་སོང་། །
གསེར་མདོག་ཉི་མ་ཤར་སོང་། །
ས་གཞི་གསེར་ལ་འདྲེས་སོང་། །
གསེར་སྙེའི་རླབས་ཕྲེང་འཕྱུར་སོང་། །
འབྲུ་རིགས་སྣ་ལྔ་འཁྲུངས་སོང་། །
སྟོན་གསུམ་མེ་ཏོག་མཛེས་སོང་། །
དགུན་གྱི་ལང་ཚོ་སླེབས་སོང་། །
དུང་མདོག་ཁ་བ་བབས་སོང་། །
རི་བོ་ཁ་བས་གཡོགས་སོང་། །
མཚོ་མོ་གཉིད་ལ་ཤོར་སོང་། །
གཙང་བོ་དར་ལ་འཐིམ་སོང་། །
དགུན་གསུམ་མེ་ཏོག་མཛེས་སོང་། །
བཀྲ་ཤིས་ཀི་གསོམ་དཀར་མགོ་ནས། །
གཡུ་དྲུག་དཀར་འདྲ་གི་ཁུ་ལོ། །
གསུང་སྙན་མོ་རྣ་བས་གོ་ན། །
དབྱར་ཕ་མ་འདྲ་བོ་ཐོན་ཡོད། །
ཆར་བསིལ་མ་ས་ལ་བབས་སོང་། །
སྤང་མཛེས་སྡུག་མེ་ཏོག་བཞད་སོང་། །
ཚེ་རིང་གི་ཁུ་བྱུག་སྔོན་མོ། །
སྐད་གོ་ན་སྣང་བ་སྐྱིད་སོང་། །
བཀྲ་ཤིས་ཀི་གསོམ་དཀར་མགོ་ནས། །
གཡུ་དྲུག་དཀར་འདྲ་གི་ཁུ་ལོ། །
གསུང་སྙན་མོ་གོ་རྒྱུ་མེད་ན། །
དགུན་རྒྱ་སྟག་འདྲ་བོ་ཐོན་ཡོད། །
སྤང་མེ་ཏོག་བཙག་གིས་སྐམ་སོང་། །
མགོ་འབྲས་བུ་ས་ལ་ཐོར་སོང་། །
ཚེ་རིང་གི་ཁུ་བྱུག་སྔོན་མོ། །
ཁྱོད་མེད་ན་སེམས་པ་སྐྱོ་སོང་། །
ཡར་བལྟས་ཨ་སྔོན་དགུང་གི །
ལྷ་བྱ་ཁྲུང་ཁྲུང་དཀར་མོ། །
ད་ནངས་གང་ནས་འཕུར་ཡོང་། །
ཕ་ཡུལ་ཕྱོགས་ནས་ཡོང་ན། །
བདག་གི་ཆུང་འདྲིས་མཛའ་མོའི། །
སྐྱིད་སྡུག་གནས་ཚུལ་གསུངས་རོགས། །
ཆུང་འདྲིས་མཛའ་མོ་དྲན་ནས། །
སྙིང་གི་རུས་པ་ཆག་སོང་། །
ཡར་བལྟས་ཨ་སྔོན་དགུང་གི །
ལྷ་བྱ་ཁྲུང་ཁྲུང་དཀར་མོ། །
དོ་ནུབ་གང་ལ་འཕུར་འགྲོ། །
ཕ་ཡུལ་ཕྱོགས་ལ་འཕུར་ན། །
ཡ་ཆུང་སྙིང་གི་སེམས་གཏམ། །
མ་བརྗེད་མཛའ་མོར་གསུངས་རོགས། །
ཆུང་འདྲིས་མཛའ་མོ་དྲན་ནས། །
སེམས་ལ་སེར་ག་ཤོར་སོང་། །
འགྱོད་པ།
གཞོན་དུས་བསམ་མེད་དབང་གིས། །
རྟ་ཕོ་རང་ལ་དབང་དུས། །
རྟ་ཕོའི་བཟང་ཐང་མ་ཤེས། །
རྟ་ཕོ་གཞན་ལ་བཙོངས་རྗེས། །
མི་ཚེ་གཅིག་གི་འགྱོད་པ། །
ཚེ་གཅིག་ལུས་གཅིག་འདི་ལ། །
གཞོན་དུས་བསམ་མེད་དབང་གིས། །
མཛའ་མོས་རང་ལ་དུངས་དུས། །
མཛའ་མོའི་བརྩེ་དུང་མ་ཤེས། །
མཛའ་མོ་གཞན་ལ་སོང་རྗེས། །
མི་ཚེ་གཅིག་གི་འགྱོད་པ། །
ས་ཆ་གང་ལ་སོང་ཡང་། །
སེམས་ནས་བརྗེད་ཐབས་མེད་པ། །
དྲིན་ཆེན་ཨ་མས་བརྫིས་པའི། །
སྦྲང་དཀར་རྩམ་པ་ཡིན་སོང་། །
བལྟས་ན་མིག་ལ་ཡག་པོ། །
ཐུག་ན་ལག་ནས་འཇམ་པོ། །
ཟོས་ན་ཁ་ལ་ཞིམ་པོ། །
སྦྲང་དཀར་རྩམ་པ་ཡིན་སོང་། །
ས་ཆ་གང་ལ་སོང་ཡང་། །
སེམས་ནས་བརྗེད་ཐབས་མེད་པ། །
དྲིན་ཆེན་ཨ་ཕས་བཟོས་པའི། །
ལུག་ཆུང་ཚ་རུ་ཡིན་སོང་། །
བལྟས་ན་མིག་ལ་ཡག་པོ། །
ཐུག་ན་ལག་ནས་འཇམ་པོ། །
གོན་ན་སེམས་ནས་དྲོན་པོ། །
ལུག་ཆུང་ཚ་རུ་ཡིན་སོང་། །
དྲན་གདུང་།
ཆུང་འདྲིས་བྱམས་པའི་དབྱར་ས། །
རྫ་ལུང་སྨུག་ལུང་ཁྲོད་ནས། །
ནག་མོ་ནོར་གྱི་ཁྱུ་ཚོགས། །
བྲེ་སེར་འབྲོང་ལ་འདྲེས་སོང་། །
སེམས་ཀྱི་ཆུང་འདྲིས་བྱམས་པ། །
སྙིང་གི་མཛའ་མཐུན་བུ་མོ། །
དྲན་གདུང་སེམས་ཀྱི་རི་མོ། །
ཞལ་རས་ངོ་ལ་བྲིས་ཡོད། །
ཆུང་འདྲིས་བྱམས་པའི་སྟོན་ས། །
རི་ལུང་ཨ་ལོང་ནང་ནས། །
འདོ་རིག་རྟ་ཕོའི་ཁྱུ་ཚོགས། །
ཁ་དཀར་རྐྱང་ལ་འདྲེས་སོང་། །
སེམས་ཀྱི་ཆུང་འདྲིས་བྱམས་པ། །
སྙིང་གི་མཛའ་མཐུན་བུ་མོ། །
དྲན་གདུང་སེམས་ཀྱི་རི་མོ། །
ཞལ་རས་ངོ་ལ་བྲིས་ཡོད། །
ཆུང་འདྲིས་བྱམས་པའི་དགུན་ས། །
སྤང་ལུང་མེ་ལོང་ཐང་ནས། །
གཡང་དཀར་ལུག་གི་ཁྱུ་ཚོགས། །
རི་དྭགས་རྒོ་བར་འདྲེས་སོང་། །
སེམས་ཀྱི་ཆུང་འདྲིས་བྱམས་པ། །
སྙིང་གི་མཛའ་མཐུན་བུ་མོ། །
དྲན་གདུང་སེམས་ཀྱི་རི་མོ། །
འཕྲིན་སྟེགས། weikangba