སེམས་ཀྱི་ཚོར་བ་ཕྱི་རུ་ཕྱོ་བ།

2016-03-01
459

 

གང་དྲན་སེམས་ལས་བྱུང་བའི་གཏམ་གྱི་ཚོགས།།  

རྒྱུ་དང་རྐྱེན་གྱིས་ཉེར་ལེན་འཛོམས་བྱས་ཏེ།། 

སྟོང་བའི་དབྱིངས་སུ་བསྐུར་བའི་འཕྲིན་པ་དེ།། 

གང་ལ་སྤྲིངས་འདོད་དེ་རུ་འབྱོར་བར་སྨོན།། 

སེམས་པ་ལྡོམ་པོ་འཕྲིན་པ་སྐྱེལ་བྱེད་ཡིན།། 

ཡིད་ཆེས་བརྟན་པོ་དམ་ཚིག་བསྲུང་བྱེད་ཡིན།། 

མྱི་ཁའི་གཏམ་དང་བར་ཆད་གང་བྱུང་ཡང་།། 

ཁྱེད་ཕྱོགས་འཆང་པའི་བརྩེ་བ་འགྱུར་ལེ་མིན།། 

སྤྲིན་པ་དཀར་བོ་ཆིབས་སུ་མ་བྱས་ཤིང་།། 

ཟླ་བ་དཀར་བོ་གྲོགས་སུ་མ་བརྟེན་པར།། 

ཡིད་འོང་མཚོ་མོའི་རྫིང་ལས་བྱུང་བ་ཡི།། 

མཛེས་ལྡན་བུ་མོ་ཀུན་ལས་འཕགས་སོ་ལོ།། 

ཁྱེད་ཕྱོགས་འཁྲེང་བའི་སེམས་ཡིད་དྭངས་ཤིང་གཙང་།། 

གཙང་བོ་མི་སྡོད་ལྷུང་ལྷུང་མཚོ་མོར་འདྲེས།། 

བསྐལ་བའི་མེ་ཡིས་མཚོ་མོ་མ་བསྐམ་ན།། 

མཚོ་འདི་མི་འཇིག་སྔར་ལྟར་ལྟེམས་ངེས་ཡིན།། 

སེམས་ཀྱི་གཅེས་ལོ་སྙིང་གི་ནོར་བུ་ཡིན།། 

རིན་ཐང་གཞལ་མེད་དགོས་འདོད་དཔུང་འཇོམས་ཡིན།། 

སུས་ཀྱང་མ་བསྩལ་རང་གི་བགོ་བསྐལ་ཡིན།། 

ཐོབ་པའི་ནོར་དེ་བདག་གེརགིར་འཛིན་ངེས་སོ།། 

དཀའ་སྡུག་ཁུར་བོ་མཉམ་དུ་འཁུར་ན་ཆོག། 

སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་བརྒྱབ་ཀྱང་རུང་།། 

ཡིན་ཡང་སྐྱིད་སྡུག་འདྲེས་མའི་འཚོ་བའི་ཁྲོད།། 

སོ་སོར་གྱེས་ཞེས་གཏམ་དེ་མ་འཆད་རོགས།། 

ཁྱེད་ཐུགས་རབ་ཡངས་མཚོ་མོའི་ཀློང་དབུས་ལ།། 

ས་རྡུལ་རི་རབ་བྱེ་མས་སྦགས་གྱུར་ན།། 

ཁོ་བོས་སེལ་ནུས་ཁྱེད་ཉིད་མ་སྐྲག་ཅིག། 

ང་ཡིས་ཁྱེད་ཀྱི་སླད་དུ་གང་ཡོད་འབུལ།། 

དགའ་བའི་མི་ལ་གཅེས་པ་འགྲོ་བའི་སྲོལ།། 

དུང་བའི་ནོར་དེ་འཛིན་པ་ཆོས་ཉིད་ཡིན།། 

འཇིག་རྟེན་བྱ་དངོས་ཆོས་ལས་མི་འདའ་བས།། 

ཁོ་བོ་དེ་དང་མཚུངས་ན་ཅིས་མི་ཆོག །

བཙན་བྷོ་ཊ། (མཚོ་ལྷོ) 
  • 顶