༄༅།།སངས་རྒྱས་ཀྱི་བསྟན་པ་དང་།སེམས་ཅན་སྤྱི་དང་།སྒོས་བོད་སྐད་སྨྲ་བ་ཐམས་ཅད་ལ་ཕན་པར་བསམས་ནས་ཧོར་དུ་འོང ༼འོངས། ༽ངེད་འབོད་མཁན་ལ་ཡོན་བདག་ཆེན་པོ་ཤིན་ཏུ་དགེས།འཕགས་པ་སྤུན་འདི་འདྲ་བའི་ཆུང་བ་ནས་ཁྲིད་ནས་འཁོར་དང་བཅས་པ་འོང༼འོངས། ༽བ་དེ་ངེད་ལ་བསམས་པ་ཡིན། ཁྱོད་མགོས་ངོ་བལྟས་པ་ཡིན། གཞན་ཚོ་རྐང་བས་ངོ་བལྟས་པ་ཡིན། ཁྱོད་ངས་བོས་པ་ཡིན། གཞན་ཚོ་སྐྲག་ནས་འོང་བ་ཡིན། དེ་ངས་མི་ཤེས་པ་ཨེ་ཡིན།འཕགས་པ་སྤུན་གྱིས་སྔར་ཡང་བོད་ཀྱི་ཆོས་ནི་ཤེས་པར་འདུགད་དུང་ཡང་འཕགས་པས་བོད་ཆོས་སློབ།ཕྱག་ན་རྡོ་རྗེས་ཧོར་ཡིག་དང་ཧོར་སྐད་སློབ། ངས་མི་ཆོས་ཀྱིས་བསྐྱངས། ཁྱོད་ཀྱིས་ལྷ་ཆོས་ཀྱིས་བསྐྱངས་ན་ཤཱཀྱ་མུ་ནིའི་བསྟན་པ་ཡང་ཕྱིའི་རྒྱ་མཚོའི་མཐའ་ཚུན་ཆད་ཁྱབ་པར་མི་འགྲོ་བ་ཨེ་ཡིན་གསུངས་སོ། །རྒྱལ་པོ་བྱང་ཆུབ་སེམས་དཔའ་འདི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་དཀོན་མཆོག་གསུམ་ལ་ཤིན་ཏུ་གུས།ཁྲིམས་ལུགས་བཟང་པོས་འཁོར་ཐམས་ཅད་ལེགས་པར་སྐྱོང་ཞིང་།ཁྱད་པར་དུ་ཡང་ངེད་ལ་གཞན་ལས་ལྷག་པའི་ཐུགས་ལ་འདོགས་པར་བྱུང་།ཁོང་གི་ཞལ་ནས་ཁྱོད་རང་བློ་བདེ་བར་ཆོས་ཤོད།ཁྱོད་ལ་གང་དགོས་ངས་སྟེར་བ་ཡིན།ཁྱོད་བཟང་པོ་གཏོང་ངས་ཤེས།ངས་བཟང་པོར་ཨེ་གཏོང་གནམ་ཤེས་གསུངས།ཁྱད་པར་འཕགས་པ་སྤུན་ལ་ཐུགས་འདོགས་ཆེ་བར་འདུགརང་ཤེས་ཁྲིམས་ལུགས་འཁུར་ཤེས་ན།རྒྱལ་ཁམས་ཐམས་ཅད་ལ་ཕན་པར་བྱ་སྙམ་པའི་ཐུགས་དགོངས་བཟང་པོ་ཅིག་འདུགསྒོས་ཁྱོད་རང་གི་མི་སྡེ་བོད་རྣམས་ལ་ཁྲིམས་ལུགས་ལེགས་པར་སློབས།སྐྱིད་དུ་འཇུག་པ་ངས་ཤེས་གསུངས་པ་དང་།རྒྱལ་པོ་དང་རྒྱལ་བརྒྱུད་རྣམས་ཚེ་རིང་བའི་སྨོན་ལམ་རིམ་གྲོ་བ་ཐམས་ཅད་ཀྱིས་འབད་པ་ཞུ།སྐབས་དོན་ཧོར་འདིའི་དམག་སྡེ་གྲངས་ལས་འདས། འཛམ་བུའི་གླིང་ཐམས་ཅད་ཁོང་གི་མངའ་རིས་སུ་འདུག་སྙམ་པའི་བསམ་པ་ཅིག་འདུག་ཁོ་རང་དང་མཐུན་པ་ཚོ་སྐྱིད་སྡུག་ཁོ་རང་དང་མཉམ་པར་བྱེད། ཁོང་ལ་ཞེ་ཐག་པས་གང་ཟེར་ལ་མ་ཉན་ན་ངོ་བལྟས་པ་ཡིན་ཟེར་བའི་མིང་གིས་མི་ཆོག་ལ། རྟིང་བརླག༼རློག༽པར་བྱེད་པ་ཅིག་འདུག ཡུ་གུར་གྱི་རྒྱལ་ཁམས་འདི་ཡང་མ་བརླག༼བརླགས༽པར་གོང་དུ་ཕན། མི་ནོར་རྣམས་ཁོང་གིས་བླངས་ནས། ཡིག་མཁན། ནོར་གཉེར་བ། བུ་དགའ་ཐམས་ཅད་ཁོང་གིས་བྱིད། རྒྱ། མི་ཉག སོག་པོ་ལ་སོགས་པ་མ་བརླག༼བརླགས༽གོང་དུ་ཧོར་འདྲ་བཏང་ཡང་ཅི་ཟེར་མ་ཉན་པས། བརླག༼བརླགས༽པའི་རྟིང་ལ་འགྲོ་ས་མ་རྙེད་ནས་ངོ་བལྟ་དགོས་བྱུང་།འོན་ཀྱང་དེ་རྟིང་ཅི་ཟེར་ཉན་པས་ད་ལྟ་ཐ་ཐད་སོ་སོ་ནས་བུ་དགའ།ནོར་གཉེར།དམག་དཔོན།ཡིག་མཁན་ལ་སོགས་པ་ཁོང་རང་གི་མི་ཆེན་རེ་བསྐོས་པ་དང་།འོ་སྐོལ་མི་སྡེ་ངན་ལ་གྱོང་བས་སྟོབས་ཀྱིས་བྲན་དང་གཡོག་གི་བྱེ་བྲག་མ་གཏོགས་པ།དཔོན་པོར་བསྐོས་པ་བརྒྱ་ལ་རེ་འགའ་ཙམ་ལས་མ་མཐོང་། བོད་ངོ་བལྟས་པ་མང་ཡང་འདབ་ནོར་ཉུང་བའི་སྟབས་ཀྱིས་མི་ཆེན་ཚོ་རྟིང་ནས་མ་མགུ་བའི་གནད་ཅིག་གདའ།ན་ནིང་གི་ལོ་འགའ་ལ་སྟོད་དུ་དམག་སོང་བ་མེད།ངས་བི་རི་ཁྲོད་ནས་ངོ་བལྟས། འདིར་ཤིན་ཏུ་ངོ་བལྟ་ལེགས་པས། སྟོད་མངའ་རིས། དབུས་གཙང་བ་རྣམས་ངོ་བལྟས། བི་རི་ཐ་ཐད་ཚོ་ཡང་ངོ་བལྟ་བར་ཡོད་བྱས་པས།ད་བར་ལ་དམག་མ་སོང་བ་དེ་ཕན་པ་ཡིན་ཏེ། སྟོད་ཀྱི་མི་རྣམས་དེ་ཚོ་མི་ཤེས་ཏེ་མཆིས། དེ་སྐབས་སུ་འདི་ན་མར་ངོ་བལྟས་པ་ཡིན་ཀྱང་འདབ་ནོར་ལེགས་པོ་མ་བྱས་པ་དང་། བློ་མ་གཏད་པ་ཀུན་ལ་དམག་རྒྱབ་༼བརྒྱབ༽ནས་མི་ནོར་ཐམས་ཅད་གཏོར་བ་དེ་ཁྱོད་རྣམས་ཀྱིས་ཐོས་ཏེ་མཆིས། དམག་རྒྱབ ༼བརྒྱབ༽པ་དེ་ཚོ་ཡུལ་བཙན། མི་དཔའ་། དམག་མང་། གོ་ཆ་སྲ་ཞིང་མདའ་མཁས་པ་རྣམས་ཀྱིས་ཐུབ་ཏུ་རེ་བྱས་པས་བརླག ༼བརླགས༽ འདུག མི་རྣམས་ཀྱི་བསམ་པ་ལ། ཧོར་ཁོ་རང་འུ་ལག་དང་དམག་ཁྲལ་ཆུང་།གཞན་ཚོ་འུ་ལག་དང་དམག་ཁྲལ་ཆེ་བསམ་སྟེ། གཞན་ཚོ་བས་ཧོར་རང་འུ་ལག་དང་དམག་ཁྲལ་ཆེ། དེ་དང་སྦྱར་ན་གཞན་ཚོ་ཆུང་བར་གདའ།ད་དུང་ཡང་ཅི་ཟེར་གྱི་ངག་ལ་ཉན་ན་ཁྱེད་རྣམས་ཀྱི་ཡུལ།ས་ཕྱོགས་ཀྱི་མི་སྡེ།སོ་སོའི་དཔོན་གང་ཡོད་པ་དེ་དཔོན་དུ་བསྐོས།ས་སྐྱ་པའི་གསེར་ཡིག་པ་དང་དངུལ་ཡིག་པ་བོས་ལ།ངེད་ཀྱི་ད་ར་ཁ་ཆེ་འདི་བསྐོས་ན་འཐད་པ་ཨེ་ཡིན་ཟེར་བའི་ངོ་སྤྲོད་གྱིས་ལ་ཕར་འགྲོ་ཚུར་འགྲོའི་བང་ཆེན་པ་གོ་ཆོད་པ་ཚུད། དེ་ནས་དཔོན་གྱི་མིང་།མི་སྡེའི་གྲངས།འདབ་ནོར་གྱི་ཚད་ཡི་གེ་ལེགས་པོ་གསུམ་གྱིས་ལ།གཅིག་ངེད་ལ་བསྐུར།གཅིག་ས་སྐྱར་ཞོགགཅིག་རང་རང་གི་དཔོན་གྱིས་བཟུང ༼ཟུངས༽། ཡང་ངོ་བལྟས་པ་འདི་ཡིན།མ་བལྟས་པ་འདི་ཡིན་ཟེར་བའི་ས་རིས་ལེགས་པོ་གྱིས།ཤན་མ་ཕྱེ་ན་ངོ་མ་བལྟས་པའི་ཞོར་ལ་བལྟས་པའི་ཚོ་ཡང་བརླག་དོགས་ཡོད། ས་སྐྱ་པའི་གསེར་ཡིག་པས་ཡུལ་གང་ཡིན་པའི་དཔོན་དང་གྲོས་གྱིས་ལ། སེམས་ཅན་ལ་ཡང་ཕན་པར་གྱིས་ལ་རང་ཚོད་དབང་ཆེ་མ་བྱེད། ཡུལ་དཔོན་གྱིས་ཀྱང་ས་སྐྱ་པའི་གསེར་ཡིག་པ་དང་གྲོས་མ་བྱས་པར་རང་ཚོད་མ་བྱེད། གྲོས་མ་བྱེད་པར་རང་ཚོད་བྱེད་པ་ཁྲིམས་ལ་མེད། །ཉེས་པ་ལ་ཐུག་ན་འདི་ན་ཞུ་བ་དཀའ། དེར་ཐམས་ཅད་བློ་མཐུན་པར་གྱིས། ཧོར་གྱི་ཁྲིམས་ལུགས་བྱས་ན་ལེགས་པོ་འོང་།གསེར་ཡིག་པ་བསུ་སྐྱེལ་དང་ཞབས་ཏོག་ལེགས་པོར་གྱིས།དེགཡང་གསེར་ཡིག་པ་ཡོང་བ་ཀུན་ལ་གཞན་འདྲི་བའི་སྔོན་ལ་མ་བྲོས་སམ། འཐབ་བམ། གསེར་ཡིག་པ་ཚོ་ཉ་ར་ལེགས་པོར་བྱས་སམ། འུ་ལག་བྱུང་ངམ། །ངོ་བལྟས་པ་རྣམས་བརྟན་ནམ། བྱས་པ་དེ་ཚོ་སྔོན་ལ་འདྲི་བར་འདུག གསེར་ཡིག་པ་དེ་མ་མགུ་ན་གནོད་ཐུབ་པའི་གཏམ་གཏོང་བར་ངེས། མགུ་ན་ཕན་ཐོགས་ནུས་པ་ཅིག་གདའ།གསེར་ཡིག་པའི་ངག་ལ་མ་ཉན་ན་བྱས་ཀྱང་དཀའ་བར་མཐོང་། འདིར་མི་གང་དྲག་པ་དང་འཐབ་ནོར་ཁྱེར་ནས་འོང་བ་ཚོ་བཟང་པོར་གཏོང་བར་གདའ། རང་རེ་ཚོ་ཡང་བཟང་པོ་བྱ་སྙམ་པའི་བསམ་པ་ཡོད་ན། ངེད་རང་གི་དཔོན་པོ་ཀུན་འདབ་ནོར་བཟང་པོ་བཟུང་ལ་ས་སྐྱ་པའི་མི་དང་འགྲོགས་ལ་བྱོན། འདབ་ནོར་འདི་ཙམ་ཅིག་འདབ་ཟེར་བའི་གྲོས་གྱིས། འདིར་ངས་ཀྱང་གྲོས་བྱེད།དེ་ནས་རང་ཡུལ་འོངས་ནས་རང་གཞན་ཐམས་ཅད་ལ་ཕན་པར་འོང་།སྤྱིར་ངས་ཀྱམ་ན་ནིང་ནས་མི་བཏང་ནས་འདི་ལྟར་བྱས་ན་ལེགས་བྱས་ནས་གྲོས་བསྟན་པ།ཁྱོདརང་རྣམས་ཀྱིས་ཀྱང་དེ་བཞིན་བྱེད་པའི་རིགས་སུ་མེད་པ་འདུག བརླག་པའི་རྗེས་ལ་ཁྱོད་ཐ་དང་ཚོ་ཅི་ཟེར་ཉན་པ་ཅིག་འདོདཔ་ཡིན་ནམ། ཅི་ཟེར་བ་ཡིན་ཡང་མ་གོ།ཕྱིས་ས་སྐྱ་པ་ཧོར་གསེབ་ཏུ་སོང་བ་ཡིན་ཏེ་ངེད་ལ་མ་ཕན་ཟེར་བ་དེ་མི་གསུང་བར་ཞུ།ངས་བདག་པས་གཞན་གཅེས་པའི་བསམ་པ་བྱས་ནས།བོད་སྐད་སྨྲ་བ་ཐམས་ཅད་ལ་ཕན་པའི་ཕྱིར་དུ་ཧོར་གསེབ་ཏུ་འོང་བ་ཡིན་ཏེ།ང་ཅི་ཟེར་ལ་ཉན་ན་ཕན་པར་འདུགཁྱོད་རྣམས་ཀྱིསའདིའི་སྣང་ཚུལ་མི་མཐོང་།ཐོས་པ་རྣམས་ལ་ཡིད་ཆེས་པ་ཤེན་ཏུ་དཀའ།དེའི་སྟོབས་ཀྱིས་ད་དུང་བཏུབ་པར་འོང་སྙམ་སྟེ།དེ་བའི་འཕྲོ་ལ་གློ་བུར་དུ་འདྲེས་མནན་པ་ལྟ་བུའི་འཐིབ་གནོན་ཅིག་བྱུང་ནས།དབུས་གཙང་གི་བུ་ཚ་དང་མི་ལ་སོགས་པ་ཧོར་གསེབ་ཏུ་སོང་གིས་དོགས། ངེད་ནི་ལེགས་ཉེས་ཅི་བྱུང་ཡང་ང་ལ་འགྱོད་པ་མེད། བླ་མ་དཀོན་མཆོག་གི་བྱིན་རླབས་དང་བཀའ་དྲིན་གྱིས་ད་དུང་ལེགས་པོ་འོང་བའང་སྲིད། ཁྱོད་རང་རྣམས་ཀྱང་དཀོན་མཆོག་ལ་གསོལ་བ་ཐོབ། རྒྱལ་པོས་ངེད་ལ་སུ་དང་ཡང་མི་འདྲ་བའི་ཐུགས་ལ་བཏགས།དེའི་སྟོབས་ཀྱིས་རྒྱ་བོད།ཡུ་གུར།མི་ཉག་ལ་སོགས་དགེ་བཤེས་མི་ཆེན།ཡུལ་མི་གཅིག་པ་ཐམས་ཅད་ཀྱིས་ངོ་མཚར་ཆེ་སྙམ་ནས་ཆོས་ཉན་པ་དང་གུས་པ་ཆེ་བ་འདུགངེད་འདིར་འོང་བ་རྣམས་ལ་ཧོར་གྱིས་ཅི་འདྲ་བྱེད་སྙམ་པའི་དོགས་པ་མི་དགོས།ཐམས་ཅད་ཀྱི་ཐུགས་ལ་བཏགས་ནས་བཟང་པོར་ཡོད་པས།ངེད་ཀྱི་ཕྱོགས་ནས་ཐམས་ཅད་བློ་བདེ་བར་བཞུགས་པས་ཆོག་འདབ་ནོར་ལ་གསེར། དངུལ། གླང་པོ་ཆེའི་མཆེ་བ། མུ་ཏིག་རྡོག་པོ་ཆེ་བ། མཚལ། བཙོད། རུ་རྟ། གི་ཝང་། སྟག གཟིག གུང་གསུམ། སྲམ། བོད་སྣམ། དབུས་ཕྲུག་བཟང་པོ། འདི་ན་དེ་ཚོ་དགའ་བར་འདུགསྤྱོར་ནོར་ལ་འདིར་གཙིགས་ཆུང་ཡང་རང་རང་གི་ཡུལ་ན་གང་བཟང་གི་ནོར་རྫས་འོང་བས་ཆོག་པ་ཡིན།གསེར་ཡོད་ན་གང་འདོད་འོང་བ་འདུག་པས་དགོངས་མཛོད།སངས་རྒྱས་ཀྱི་བསྟན་པ་ཕྱོགས་མཐའ་དག་ཏུ་རྒྱས་པར་གྱུར་ཅིག ། ། །
ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས།
འཕྲིན་སྟེགས། weikangba