བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ།

2016-01-14
265

  ༄༅།། ན་མོ་གུ་རུ་མཉྫུ་གྷོ་ཥཱཡ། བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ་ཞེས་བྱ་བ།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། གང་གི་རང་བཞིན་ནམ་མཁའི་དབྱིངས་ལྟར་གདོད་ནས་རྣམ་དག་སྲིད་དང་ཞི་བའི་དངོས་པོ་ཀུན་གྱི་རང་བཞིན་ཉིད་གྱུར་ཉེར་ཞི་ཡང་།།  གཞན་དོན་དགའ་བའི་ཐུགས་རྗེའི་རྒྱལ་མཚན་རྣམས་པར་བསྒྲེང་ཞིང་སྣ་ཚོགས་ཐབས་བརྩོན་ཤེས་བྱ་ཀུན་སྦྱངས་སྨོན་ལམ་རྒྱ་མཚོ་ལས་འཁྲུངས་པས།། ། ཐུན་མོང་པ་དང་ཕུལ་དུ་བྱུང་བའི་ཡོན་ཏན་དཔལ་གྱིས་རྣམ་པར་བརྒྱན་པའི་སྐུ་གསུང་ཐུགས་ལྡན་གསང་བ་མཐའ་ཡས་མི་ཟད་པ།། ལྷུན་གྱིས་གྲུབ་པའི་ཕྲིན་ལས་བཟང་པོས་སྣ་ཚོགས་གདུལ་བའི་འདོད་དགུའི་དཔལ་འབྱོར་ཡོངས་སུ་རྫོགས་མཛད་བླ་མ་མཆོག་ལ་ཕྱག་འཚལ་ལོ།  །བསོན་ནམས་རྒྱ་མཚོས་རྣམ་བསྐྲུན་ཞིང་།། ཡེ་ཤེས་ཚོགས་ཀྱིས་ཆེ་བའི་སྐུ།  །བརྙེས་པ་ཁྱོད་ཀྱིས་སྲིད་པ་ཡི།།  ཉེས་པ་རྩད་ནས་གཞོམ་པའི་སླད།  །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བས།  །ཡོན་ཏན་རྒྱ་མཚོའི་ཡོན་ཏན་གྱི། །ཆ་ཡང་ཉམས་པ་མི་མངའ་ན།  །འཆི་འཕོ་ལྷ་ཡང་ག་ལ་མཆིས།  །དེ་ལྟ་མོད་ཀྱི་གདུལ་བྱ་ཡི།  །རི་ལ་འཆར་དང་ནུབ་པར་སྣང་། ། འོན་ཀྱང་མཛད་པའི་ཕྲིན་ལས་ལ།   །འཕེལ་འགྲིབ་ཡང་ཡེ་མ་མཆིས་ཤིང་།  །དངོས་གྲུབ་དག་ཀྱང་མོས་པ་ཡི།  །ཡིད་ཀྱི་རྗེས་སུ་འབྲང་བའི་སླད།  །མཅོམ་ལྡན་བཞུགས་དང་གཤེགས་པ་དང་།  །ཁྱོད་ཀྱི་སྐུ་དང་སྐུ་གཟུགས་འདི། །ཐ་དད་ལྟ་བུར་སྣང་ན་ཡང་།  །རང་གི་རང་བཞིན་དག་པ་དང་། །མཛད་པ་དག་གིས་རྣམ་ཀུན་ཏུ། །གཉིས་སུ་མེད་པར་བདག་གིས་འཚལ།  །སྲིད་ལ་སྲེད་པའི་སྲད་བུའི་འཆིང་བྲལ་སླད།  །ཐོགས་མེད་སླད་དུ་འདིར་ཡང་ཐོགས་མེད་ལགས།  །འགྲོ་བ་ཀུན་ལ་ཐུགས་རྗེ་གོམས་པའི་ཕྱིར།  །འདིར་ཡང་ཐུགས་རྗེས་རྗེས་འཛིན་གདོན་མི་ཟ།  །དེ་སླད་བསོད་ནམས་བྱེ་བ་ཕྲག་བརྒྱ་ཡིས།  །ཉེ་བར་བསྒྲུབས་པའི་སྐུ་ལྟར་སྐུ་གཟུགས་འདི།  །ཀུན་ནས་མོས་སླད་ངཁྱེན་བརྩེ་ནུས་པ་ཡིས།  །རྣམ་པར་གཟིགས་ཤིང་ཉེ་བར་དགོངས་ནས་ཀྱང་།  །མོས་པ་ཇི་བཞིན་བྱིན་གྱིས་རློབ་མཛད་ལ།  །རེ་བའི་འབྲས་བུ་ཡོངས་སུ་རྫོགས་བགྱིའི་སླད།  །ཐུན་མོང་པ་དང་ཕུལ་དུ་བྱུང་བ་ཡི། །དངོས་གྲུབ་རིན་ཆེན་ཆར་ཡང་དབབ་ཏུ་གསོལ། །དེ་ལྟར་དངོས་གྲུབ་དོན་དུ་དངོས་གྲུབ་འབྱུང་གནས་སྐྱོབ་པ་ཁྱོད་ལ་བདག  །དངོས་པོ་ཀུན་གྱིས་ཀུན་ཏུ་འདུད་ཅིང་མཆོད་པའི་སྤྲིན་གྱི་རྒྱ་མཚོ་ཡིས།  །ཉེ་བར་མཆོད་ཕྱིར་མཆོད་འོས་ཁྱོད་ཀྱི་ཚུལ་ཡང་ཚུལ་བཞིན་ངེས་བགྱིའི་སླད།  །ལེགས་པར་གསུངས་པའི་གསུང་གི་མཛོད་ལས་ཇི་ལྟར་རྟོགས་བཞིན་གླེང་བར་འཚལ།  །ཡོན་ཏན་ཕ་རོལ་ཕྱིན་པ་བཞི་།  །བརྙེས་པ་ཁྱོད་ཀྱིས་དམ་པའི་དོན།  །འགྲོ་འོང་མེད་པར་ཐུགས་ཆུད་སླད།  །མི་གཡོ་བར་ཡང་བཞུགས་པ་ལགས།  །དེ་ལྟ་མོད་ཀྱི་ཆོ་འཕྲུལ་གསུམ་གྱིས་རྣམ་པར་འཕྲུལ་ཁྱོད་བྱེ་བ་ཕྲག་བརྒྱའི་ཞིང་།  །གཞན་དུ་གཞན་ལ་མོས་པ་ཇི་བཞིན་ཀུན་ཏུ་སྤྲུལ་པའི་སྐུ་ཡི་རྣམ་འཕྲུལ་གང་།  །སྐད་ཅིག་གཅིག་ལའང་བགྲང་བ་ལས་འདས་ཉེ་བར་སྟོན་མཛད་ཡིད་ལྟར་མགྱོགས་པ་སྟེ། །མཛད་པ་དེ་དག་རྨད་དུ་བྱུང་བའི་འབྲས་བུ་མཆོག་གིས་བརྒྱན་པར་སྨོས་ཅི་འཚལ།  །བསམ་གྱིས་མི་ཁྱབ་དམ་པའི་དོན།  །གཟིགས་པ་ཁྱོད་ཀྱིས་ཆོས་ཀྱི་དབྱིངས།།བརྗོད་དུ་མེད་པར་ཐུགས་ཆུད་སླད།  །མི་གསུང་བར་ཡང་བཞུགས་པ་ལགས།  །དེ་ལྟ་མོད་ཀྱི་མི་འཇིགས་བཞི་ཡིས་བསྙེངས་པ་དང་བྲལ་ཞིང་། །སོ་སོ་ཡང་དག་རིག་པ་བཞི་ལ་ཀུན་ནས་དབང་འབྱོར་ཁྱོད།  །བྱེ་བ་ཕྲག་བརྒྱའི་ཆོས་ཀྱི་སྒོ་ཡིས་སྣ་ཚོགས་རབ་བཀྲའི་དངོས། །ཉེ་བར་མཚོན་ཕྱིར་གཞན་དོན་ཆོས་ཀྱི་ཆར་ཆེན་འབེབས་མཛད་ལགས།  །དག་པ་གཉིས་ཀྱིས་རྣམ་དག་པས།  །དབྱིངས་དང་ཀུན་ཏུ་རོ་གཅིག་ཕྱིར།  །སྤྲོས་པའི་མཚན་མ་རབ་ཞིའི་སླད།  །མི་རྟོག་པར་ཡང་བཞུགས་པ་ལགས།། དེ་ལྟ་མོད་ཀྱི་མགོན་པོ་ཁྱོད་ཀྱིས་བསྐལ་པ་རྒྱ་མཚོར་ཤེས་བྱ་ཀུན་ལ་ཀུན་ནས་ལེགས་སྦྱངས་ཤིང་།  །སྡུག་བསྔལ་རྒྱ་མཚོར་རྣམ་པར་བྱིང་བའི་སེམས་ཅན་རྒྱ་མཚོ་གྲངས་མཐའ་ཡས་ལ་རབ་ཏུ་བརྩེ་བ་ཡི།  །ཐུགས་རྗེ་ཆེན་པོས་རྣམ་པར་བརླན་པའི་ཡང་དག་ཐབས་ལ་རབ་ཏུ་བརྩོན་མཛད་སྨོན་ལམ་རྒྱ་མཚོའི་ཚོགས།  །ལེགས་པར་གྲུབ་པས་ཤེས་བྱའི་དཀྱིལ་འཁོར་ཇི་སྙེད་མཁྱེན་ཕྱིར་མཁྱེན་པའང་ཤེས་བྱ་ཇི་བཞིན་བཀྲ་བ་ལགས།  །དེ་ལྟར་གང་ལ་ཕྱག་བྱ་བའི། །ཡུལ་དེ་ཕྱག་འོས་ཐམས་ཅད་ཀྱི།  །རང་བཞིན་ལགས་པར་ལེགས་འཚལ་ནས།  །སླར་ཡང་དེ་ལ་ཕྱག་བགྱིའོ།  །ཁ་དོག་མེད་ཅིང་དབྱིབས་དང་བྲལ།  །གོང་བུ་མེད་ཅིད་རྡུལ་ཡང་མེད།  །བསྟན་དུ་མེད་ཅིང་བལྟར་མེད་པ།  །ཟུགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ།  །སུམ་ཅུ་རྩ་གཉིས་མཚན་དང་ལྡན།  །དཔེ་བྱད་བརྒྱད་ཅུས་རྣམ་པར་སྤྲས།  ། འོད་ཟེར་ཕྲེང་བས་ལམ་མེ་བ།  །བལྟར་འོས་ཁྱོད་ལ་ཕྱག་འཚལ་ལོ།  ། ཡི་གེ་མེད་ཅིང་མིང་དང་བྲལ།  །ཚིག་གི་ཚོགས་ནི་རྣམ་པར་སྤངས།  ། སྒྲ་མེད་མཉན་དུ་མེད་པ་ཅན།  །བརྗོད་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །འགག་པ་མེད་ཅིང་སྒོ་ཀུན་ནས།  ། ཡན་ལག་དྲུག་ཅུས་བརྒྱན་པ་ཡི།  །དབྱངས་ཀྱིས་ཆོས་རྣམས་ལེགས་སྒྲོགས་པ།  ། མཉན་འོས་ཁྱོད་ལ་ཕྱག་འཚལ་ལོ།  །རྣམ་ཤེས་མེད་ཅིང་ཡིད་དང་བྲལ།  ། རྣམ་པར་རྟོག་པ་ཀུན་སྤངས་ཤིང་།  །མཚན་མ་ཐམས་ཅད་རབ་ཞི་བ། དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟ་བ་དང་ཇི་སྙེད་མཁྱེན། ། ཏིང་ངེ་འཛིན་དང་གཟུངས་ཀྱི་གཏེར།  །འགྲོ་བའི་ཡིད་ལ་མཉམ་འཇུག་པ།  ། བསམ་བྱ་ཁྱོད་ལ་ཕྱག་འཚལ་ལོ།    གང་གི་རང་བཞིན་གདོད་མ་ནས།  ། འདུས་མ་བྱས་པའི་མཚན་ཉིད་ཕྱིར།  །གཞི་མེད་སླད་དུ་ཁྱད་པར་དང་།  ། བྲལ་བ་ཁྱོད་ལ་ཕྱག་འཚལ་ལོ།   །འཁོར་བའི་ཆོས་རྣམས་བགྲང་ཡས་པ། ། ལམ་གྱི་བདེན་པས་རབ་བསྒྱུར་ཕྱིར།  །ཡོན་ཏན་རྒྱ་མཚོས་ཁྱད་པར་དུ།། འཕགས་པ་ཁྱོད་ལ་ཕྱག་འཚལ་ལོ། །གཟུང་བ་དང་ནི་འཛིན་པའི་ཆོས།། གང་ལགས་གང་གིས་རྣམ་ཀུན་ཏུ།  །སྤང་བའི་སླད་དུ་བྱ་བྲེད་ལས།  ། གྲོལ་བ་ཁྱོད་ལ་ཕྱག་འཚལ་ལོ། །ཚོགས་དང་ཡོངས་སུ་བསྒྱུར་བ་དང་།  ། ཐབས་དང་རྣམ་པར་གཏོང་བ་ཡིས།  །ཡུལ་དུས་རྣམ་པར་མཛད་པ་ཡང་།  ། རྒྱ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་དང་མི་མཉམ་སྲིད་ཞི་ཡི།   །འདུ་བྱེད་གང་ལགས་བཅོམ(གཞོམ)པའི་སླད། །  མཐའ་རྣམས་ཀུན་ལ་མི་གནས་པ།  །རྣམ་གྲོལ་ཁྱོད་ལ་ཕྱག་འཚལ་ལོ།  །  འཛིན་དང་གྲོལ་བའི་ཡེ་ཤེས་ཀྱིས།  །འཁོར་དང་མྱ་ངན་འདས་པ་ལ།  ། མཉམ་པ་ཉིད་དུ་ལེགས་པ་ཡི།  །སྲིད་ཞིའི་དབང་ཕྱུག་ཕྱག་འཚལ་ལོ།  ། ཀུན་འབྱུང་སྤྲོས་པའི་མཚན་མ་ཡིས།རྣམ་པ་ཀུན་ཏུ་མ་སྤྲོས་ཤིང་།  སྤྲོས་པ་ཉེ་བར་གཅོད་མཛད་པ།  །སྤྲོས་བྲལ་ཁྱོད་ལ་ཕྱག་འཚལ་ལོ།  །ཐབས་མཁས་ཐུགས་རྗེའི་སྤྲོས་པ་ཡིས།  །རྣམ་པ་ཀུན་ཏུ་རབ་སྤྲོས་ཤིང་།  །མཛད་པའི་ཕྲིན་ལས་སྤྲོ་མཛད་པ།  །སྤྲོས་བཅས་ཁྱོད་ལ་ཕྱག་འཚལ་ལོ།  །དཔེ་རྣམས་བྱེ་བ་ཕྲག་བརྒྱ་ཡིས།  །དཔེ་ཙམ་ཉིད་དུའང་མི་བཟོད་ཅིང་།  །དཔེ་ཟླ་ཀུན་དང་རྣམ་བྲལ་བ།  །དཔེ་མེད་ཁྱོད་ལ་ཕྱག་འཚལ་ལོ།  །དཔེ་དང་གཏན་ཚིགས་ཐམས་ཅད་དང་།  །ཡི་གེ་མིང་དང་ཚིག་གི་ཚོགས།  །བརྡ་རྣམས་ཀུན་གྱིས་རྣམ་ཀུན་ཏུ།  །མཚོན་བྱ་ཁྱོད་ལ་ཕྱག་འཚལ་ལོ།། དེ་སླད་བླ་མའི་བླ་མ་སྟེ།  །ཆེན་པོའི་ཆེན་པོར་གྱུར་པ་ལགས།  །མཆོད་འོས་རྣམས་ཀྱིས་མཆོས་འོས་པ།  །ཕྱག་འོས་ཁྱོད་ལ་ཕྱག་འཚལ་ལོ།  །དེ་ལྟར་ཕྱག་འོས་ཐུབ་པ་ཁྱོད་ལ་ཕྱག་བགྱིས་ནས།  །སླར་ཡང་བསོད་ནམས་ཞིང་གི་མཆོག་ལ་བསོད་ནམས་ཀྱི། །ལོ་ཏོག་དམ་པ་ཀུན་ནས་སྤེལ་སླད་ཀུན་བཟང་གི། རྣམ་འཕྲུལ་ཇི་བཞིན་མཆོད་པའི་སྤྲིན་གྱིས་མཆོད་པར་བགྱི།  །སྒྱུ་མ་མཁན་གྱིས་སྒྱུ་མའི་རྫས་ལྟར་མཆོད་སྤྲིན་རྒྱ་མཚོའི་རྣམ་འཕྲུལ་སྤྲོ་པྱིར་མཆོད་པའི་རྫས།  །སྣམ་སྦྱར་ཆོས་གོས་སྣམ་ཕྲན་གླེགས་བུ་ཀུན་ནས་སྦྱར་ལེགས་པདྨ་དམར་པོ་ལྟར་དམར་བ།  །གསེར་གྱི་རི་མོ་གསེར་གྱི་འོད་འབྱིན་བཀྲམ་པས་ཆེར་བཀྲ་ལྕགས་རིའི་ཁོར་ཡུག་མུ་ཏིག་གི།  །ཕྲེང་བ་ཟུང་གིས་ཕྲེང་དུ་དངར་ཞིང་ཟུང་དུ་སྦྱར་འདི་ཏིང་འཛིན་སྒྱུ་འཕྲུལ་གྱིས་སྤྲུལ་པས།  །མཆོད་པའི་རྣམ་འཕྲུལ་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས།  །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། ། ལྷ་དང་མི་ཡི་འདོད་ཡིན་རྨད་ནི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱ་ལེགས་གནས་པ།  ། ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི།  ། ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཀུན་ནས་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་པར།  ། རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས།  ། ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པས་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག  །མཆོད་རྫས་དྲི་མེད་ལྷ་ཡི་གོས།  །ཡིད་དབང་མཛེས་པ་གང་གི་སྐུ།  །མཚན་གྱི་དཔལ་གྱིས་འབར་བ་གང་།  །ཀུན་ནས་གཡོགས་པས་མཛེས་བྱས་པ། །རིན་ཆེན་གསེར་གྱི་ལྷུན་པོའི་རྒྱལ། །ཚ་ཟེར་བྱེ་བས་བཞུ་བའི་སྤྲིན། །པདྨ་རཱ་གའི་མདོག་སྣང་བས། །ཡོངས་སུ་བསྐོར་བ་ལྟ་བུ་ལགས། །ཡང་ན་མཅོམ་ལྡན་ཁྱོད་སྐུ་དྲི་མེད་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལྟ་བུར་ཀུན་ནས་རབ་ཏུ་གསལ་བ་གང་།། ཆོས་གོས་འོད་ཟེར་སྣམ་ཕྲན་གླེགས་བུའི་ཕྲེང་བ་སྤེལ་ལེགས་ཉེ་བར་འཁྲིགས་པ་བལྟ་ན་སྡུག་པས་ཡོངས་བསྐོར་པས།། མཛེས་པ་གཞན་ཀུན་སྐར་མའི་ཚོགས་ལྟར་ཟིལ་གྱིས་མནན་ནས་གདུལ་བྱ་རབ་དགའི་མེ་ཏོག་པདྨོའི་ཚལ་རབ་རྒྱས་བྱེད་ཅིང་།། སྙན་དངགས་མཁན་གྱི་སྦྲང་རྩི་འཛིན་པས་སྙན་དངགས་ངག་གི་བསྟོད་དབྱངས་དར་དིར་ཀུན་ཏུ་སྒྲོགསཔར་བགྱིད་པ་ལགས།  །ཡང་ན་ཁྱོད་སྐུ་ལྷུན་པོ་བཞིན།  །ཆོས་གོས་ནམ་མཁའ་ལྟ་བུར་མཆིས། །དེ་ལ་གསེར་གྱི་རི་མོ་ནི། །བཀྲམ་པ་གཟའ་སྐར་ཚོགས་ལྟར་བཀྲ།  ། ཡང་ན་རྒྱལ་བའི་གཞལ་མེད་ཁང་མཛེས་ཤིན་ཏུ་དྭངས་པའི་ཡིད་བཞིན་མཚོར། །ན་བཟའ་ཆོས་གོས་ཆུ་སྐྱེས་དམར་པོའི་འདབ་རྒྱས་ལྟ་བུར་སྣང་བའི་དཀྱིལ།  །བཅོམ་ལྡན་ཁྱོད་སྐུ་ཡོངས་སུ་རྫོགས་པའི་སྙིང་པོ་ལྟར་ཡང་མཛེས་པ་སྟེ།  །མཚན་གྱི་དཔལ་དང་དཔེ་བྱད་བཟང་པོའི་ཟེའུ་འབྲུའི་ཕྲེང་བས་སྤྲས་པ་ལགས།  །དེ་སླད་དེ་ཡི་སྙན་པའི་དྲི་བསུང་ཕྱོགས་བཅུར་ཁྱབ་པས་ཉེར་བསྡུས་པའི།  །དད་ལྡན་བུང་བའི་སྤྲིན་ཕུང་ལྟ་བུར་ཉེ་བར་འཁྲིགས་པས་ཁྱོད་ཀྱི་སྐུ།  །དཔལ་གྱིས་འབར་བ་མངོན་སུམ་སྣང་བས་ཡིད་རབ་འཕྲོག་པས་བསྔགས་པ་ཡི།  །དར་དིར་སྒྲ་དབྱངས་སྒྲོགས་པར་བགྱིད་རྣམས་དངོས་གྲུབ་སྦྲང་རྩིས་ཚིམ་མཛད་ལགས།  །ཡང་ན་ཐུབ་པ་ཁྱོད་ཀྱི་ཁམས། །ཆོས་རྣམས་ཀུན་གྱིས་དབྱིངས་ཉིད་ལགས།  །དེ་ལ་ཀུན་རྫོབ་ཆེར་བཀྲའི་ཆོས།  །ཉེ་བར་བསྟན་པ་ཉེར་མཚོན་སླད།  །ཁྱོད་སྐུ་ལྷུན་པོ་ལྟར་བརྟན་པའི།རྟེན་ལ་ཞིང་ཁམས་རྒྱ་མཚོའི་ཚོགས།  །རྣམ་པར་བཀྲ་བའི་ཆོས་གོས་ནི།  །བརྟེན་པ་ལྟར་ཡང་གྱུར་པ་ལགས།  །ཡང་ན་གང་ཚེ་ཐུབ་པའི་རྣམ་འཕྲུལ་མིག་འཕྲུལ་མཁན་གྱི་སྒྱུ་འཕྲུལ་ལྟ་བུར་སྤྲུལ་མཛད་པ།  །དེ་ཚེ་ཞིང་ཁངས་རྒྱ་མཚོའི་རྡུལ་སྙེད་འགྲིབ་པ་མེད་པར་ཁྱོད་ཀྱི་སྐུ་ཡི་དཀྱིལ་འཁོར་ལ།  །ཀུན་ཏུ་སྣང་བའི་སྣང་བ་དམ་པ་སྐྱེ་དགུ་ཀུན་ལ་ཀུན་ནས་སྐྱེད་མཛད་ཇི་བཞིན་དུ།  །འདི་ཡི་སྐུ་གཟུགས་བརྟན་པར་བཞུགས་ལ་ཆོས་གོས་ཞིང་ཁམས་རྒྱ་མཚོ་བཀྲམ་པའང་སྣང་བ་ལགས།  །དེ་འདྲ་སྣང་བས་གང་གི་ཡིད།  །ཀུན་ནས་འཕྲོག་པར་བགྱིད་པ་ནི།  །འདོད་ལྡན་དག་གི་ལྷ་མོའི་ལུས།  །ཡིད་འོང་མཐོང་བ་ལྟ་བུར་མཆིས།  །ཀུན་ནས་ཉོན་མོངས་དྲི་བྲལ་སླད།  །ཤིན་ཏུ་མཚུངས་པའང་མ་ལགས་སོ།  །ང་དང་ང་ཡིར་འཛིན་པ་ཡིས།  །ཀུན་ཏུ་རྟོག་པ་ཀུན་བྲལ་ཡང་།  །འགྲོ་བའི་ཡིད་ནི་ཡོངས་བསྒྱུར་པས།  །སྒྱུ་མའི་སྤྲུལ་པ་ལྟ་བུར་མཆིས།  །དགེ་བའི་ས་བོན་བརྟས་བགྱིད་སླད།  །ཤིན་ཏུ་མཚུངས་པའང་མ་ལགས་སོ། །དེ་ཡིས་དད་པའི་ཆུ་གཏེར་ནི། །རྣམ་པར་རྒྱས་པར་བགྱིད་པས་ན།  །ཆར་ཆེན་རབ་ཏུ་འབེབས་བགྱིད་པའི།  །རྣམ་པར་སྒྲོགས་པའི་སྤྲིན་འདྲར་མཆིས།  །འབྲས་བུ་འབྱིན་པས་མི་ཟད་སླད།  །ཤིན་ཏུ་མཚུངས་པའང་མ་ལགས་སོ།  །འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི།  །ལོ་ཏོག་ཡོངས་སུ་འཕེལ་བ་ཡི། །རྟེན་གྱི་དམ་པར་གྱུར་པས་ན།  །ས་ཆེན་དང་ཡང་འདྲ་བར་མཆིས།  །ཀུན་གྱི་བླ་ན་ལྷམ་པའི་སླད།  །ཤིན་ཏུ་མཚུངས་པའང་མ་ལགས་སོ།  །དད་ཅད་རྣམས་ཀྱིས་སྨོན་བགྱིད་པའི།  །འདོད་དགུའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ཡོངས་སུ་རྫོགས་བགྱིད་པས།  །ལྷ་ཡི་དཔག་བསམ་ཤིང་འདྲར་མཆིས།  །ཡང་སྲིད་རྣམ་པར་སུན་འབྱིན་སླད།   །ཤིན་ཏུ་མཚུངས་པའང་མ་ལགས་སོ།  །གསོལ་བ་བཏབ་ན་སྒྲ་མེད་ཀྱང་།  །དད་ལྡན་རྣམས་ཀྱི་ཡིད་ལ་ཆོས།  ཤིན་ཏུ་ངེས་པར་བགྱིད་པ་ནི།། རང་རྒྱལ་རྣམས་ཀྱི་འཕྲུལ་འདྲར་མཆིས།།  ཕྲིན་ལས་རྩོལ་བ་མི་མངའི་སླད།  །ཤིན་ཏུ་མཚུངས་པའང་མ་ལགས་སོ།  །སྐྱེ་དགུའི་བློ་གྲོས་པདྨོ་ནི།  །ཀུན་ནས་ཁ་འབྱེད་བགྱིད་པས་ན།། ཆུ་སྐྱེས་རྣམ་པར་རྒྱས་བྱེད་པའི།   །ཚ་ཟེར་བྱེད་པ་ལྟ་བུར་མཆིས།  །གདུང་བ་དག་ཀྱང་སེལ་བགྱིད་སླད།  །ཤིན་ཏུ་མཚུངས་པའང་མ་ལགས་སོ།  །འགྲོ་བའི་ལོག་པར་སྲེད་པ་ཡི།   །ཡིད་ཀྱིད་དྲི་མ་འཕྲོགས་བགྱིད་པས། །མིག་གི་རབ་རིབ་རྣམ་སེལ་བའི།  །བསིལ་ཟེར་བྱེད་པ་ལྟ་བུར་མཆིས།  །ཀུན་ཏུ་འགྲིབ་པ་མ་མཆིས་སླད།  །ཤིན་ཏུ་མཚུངས་པའང་མ་ལགས་སོ །  །སྲིད་ཞིའི་རྒུད་པ་རྣམ་སེལ་ཞིང་།  །ལྷ་དང་བཅས་པའི་འཇིག་རྟེན་གྱི།  །རྒྱན་གྱི་དམ་པར་གྱུར་པས་ན།  །དབང་གི་རྒྱལ་པོ་ལྟ་བུར་མཆིས། །ཡེ་ཤེས་ཆེན་པོའི་དབང་བགྱིད་སླད། །ཤིན་ཏུ་མཚུངས་པའང་མ་ལགས་སོ།། དེ་ལྟར་རྨད་དུ་བྱུང་བའི་ཆོས།།  ཤིན་ཏུ་ངོ་མཚར་གྱུར་པ་རྣམས།  །ཁྱོད་ཀྱི་ཆ་ཡི་དཔེ་ཟླར་མཆིས། །ཀུན་ནས་མཚུངས་པ་འགའ་མ་མཆིས།  །དེསླད་དཔེ་རྣམས་ཐམས་ཅད་ཀྱིས།  །མཚོན་ཡང་བས་པ་མ་མཆིས་སོ།  །རང་བཞིན་ཡོན་ཏན་རྒྱན་གྱིས་ཕུལ།  །བླ་ན་མེད་པས་ལེགས་བརྒྱན་སླད།  །གཞན་གྱི་བཅོས་མའི་རྒྱན་རྣམས་ཀྱིས།  །བརྒྱན་པར་བགྱི་ཡང་ཅི་ཞིག་འཚལ།  །དེ་ལྟ་མོད་ཀྱི་འཕགས་མཆོག་དང་། །འགྲོ་མཆོག་རྣམས་ཀྱི་ཉིན་དང་ཉིན།  །བསྟོད་པའི་རྒྱན་གྱིས་རྣམ་ཀུན་ཏུ།  །བརྒྱན་པར་བགྱིད་པ་མ་ལགས་སམ།  །དེ་སླད་བདག་ཀྱང་མཆོད་པ་དང་།  །སྣ་ཚོགས་བསྟོད་པའི་སྒྲ་དབྱངས་ཀྱི།  །རྒྱན་རྣམས་ཀུན་གྱིས་མགོན་པོ་ཁྱོད།  །ཀུན་ཏུ་བརྒྱན་ཕྱིར་སྤོབས་པར་གྱུར།། འདི་ལྟར་མཆོད་པས་མཆོད་པར་བགྱིད་འོས་མ་ལུས་ཀུན་བདག་མགོན་པོ་མཆོག་ཁྱོད་མཆོད་སྤྲིན་རྒྱ་མཚོ་སྙན་ཚིག་ཆར་རྒྱུན་བསྟོད་དབྱངས་འབྲུག་གི་སྒྲ་དབྱངས་ལྡན་པས་ལེགས་མཆོད་པས། ། དེ་ལྟར་མཆོད་པས་མཆོད་བྱེད་དུ་འོས་མ་ལུས་ལུས་ཅན་ཆོས་ཀྱི་དབྱེངས་གཏུགས་ནམ་མཁའི་མཐའ་ཀླས་ཀུན་གྱིས་ཀྱང་ནི་ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་ལྟ་བུས་ལེགས་མཆོད་ཅིང་།  ། ཡོན་ཏན་རྒྱ་མཚོའི་ཡོན་ཏན་ཚོགས་རྣམས་ཡོན་ཏན་ཤེས་པའི་དད་པའི་དབང་བྱས་ཡོན་ཏན་བསྔགས་པའི་བསྟོད་དབྱིངས་རྒྱ་མཚོ་དབྱངས་ཅན་ཚིག་དང་ཚངས་དབྱངས་ལྟར་སྙན་ལེགས་བསྒྲགས་པས།  ། སྡུག་བསྔལ་རྒྱ་མཚོ་རྣམ་པར་སྦྱངས་ནས་བསོད་ནམས་རྒྱ་མཚོ་ཀུན་ནས་རྒྱས་པའི་དཔལ་ལས་ལེགས་བྱུང་མཆོད་སྤྲིན་རྒྱ་མཚོས་ཡོན་ཏན་རྒྱ་མཚོ་སྲས་བཅས་རྟག་ཏུ་མཆོད་གྱུར་ཅིག། གཅིག་ལ་མཆོད་པས་མཆོད་འོས་ཀུན།  །ཀུན་ནས་མཆོད་པར་འགྱུར་བ་སྟེ།  དངོས་གྲུབ་བདེ་བླག་ཉིད་སྩོལ་བས།  །ཡུལ་འདི་བླ་ན་མེད་པར་འཚལ།  །ངོ་བོ་རྣམ་དག་བཀོད་པ་རྨད།།  སེམས་ཀྱི་རྣམ་འཕྲུལ་ཕུལ་བྱུང་བས། །ཞིང་ཀུན་རྒྱས་པར་འགེངས་པས་ན། །མཆོད་རྫས་དམ་པ་ཉིད་ལགས་གྲང་།  །དམིགས་པ་མེད་བཞིན་གཞན་དོན་དམིགས། ། སྙན་དངགས་སྙན་པའི་བསྟོད་དབྱངས་བཅས། །གུས་པས་འདུད་བཞིན་གུས་མཆོད་པས། །ཚུལ་འདི་ཆོས་ཚུལ་མ་ལགས་སམ། །ཕྱག་འོས་ཕྱག་དང་མཆོད་པས་མཆོད་སླད་བདག་དང་གཞན་གྱིས་ཚུལ་མིན་བགྱིས་པའི་ནོངས་པ་གང་དེ་སླན་ཆད་བསྡམ་བའི་ཡིད་ཀྱིས་བཤགས།། དགེ་དང་དགེ་འབྲས་གང་དང་གང་ཡོད་དེ་དང་དེ་ལ་དགའ་བས་ཡི་རང་དགེ་ལེགས་རྒྱ་མཚོ་ཀུན་ཏུ་སྤེལ་སླད་རྫོགས་སངས་རྒྱས།  ། གང་དང་གང་བཞུགས་དེ་དང་དེ་ལ་འཁོར་ལོ་རིན་ཆེན་བསྐོར་བར་བསྐུལ་ཞིང་འཁོར་བ་ཇི་སྲིད་བརྟན་པར་བཞུགས་གསོལ་དེ་དག་གིས།  །ཇི་ལྟ་ཇི་ལྟར་སྤྱོད་པ་སྤྱད་དེ་ལྟ་དེ་ལྟར་གཞན་གྱི་དོན་ཕྱིར་བདག་གིས་སྤྱད་བགྱི་མ་ལུས་སྐྱེ་དགུའང་སྤྱོད་གྱུར་ཅིག  །བྱང་ཆུབ་སྤྱོད་པའི་ཡན་ལག་ཡན་ལག་བདུན་།  །བདག་གིས་ཇི་ལྟར་སྤྱད་པ་སྤྱོད་པ་ལྟར།  །སྐྱེ་དགུ་ཀུན་གྱིས་སྤྱོད་པ་སྤྱད་བྱས་ནས། །རང་བྱང་རྒྱལ་བ་ལྷ་ཡི་ལྷར་གྱུར་ཅིག  །མཆོད་འོས་ཡོན་ཏན་རྒྱ་མཚོ་ལེགས་མཆོད་པའི།  །དགེ་དེས་འགྲོ་ཀུན་མཆོད་བྱའི་གནས་ཐོབ་ནས།  །དེ་དག་ཀུན་ལ་མཆོད་སྤྲིན་རྒྱ་མཚོ་ཡིས།  །མཆོད་བྱེད་ཀུན་ཏུ་བཟང་པོར་བདག་གྱུར་ཅིག  །བསྟོད་འོས་རྣམས་ལ་བསྟོད་དབྱངས་སྙན་པའི་སྒྲས།   །བསྟོད་པའི་དགེ་བ་གང་དེས་ལུས་ཅན་ཀུན།  །བསྟོད་བྱར་གྱུར་ནས་དེ་དག་རྣམས་ལ་བདག  །  བསྟོད་བྱེད་སྙན་དངགས་མཁན་དུའང་འགྱུར་བར་ཤོག  །བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།  །རྒྱལ་དང་རྒྱལ་བའི་སྲས་པོ་ཐམས་ཅད་ལ།  །བླ་མེད་མཆོད་སྤྲིན་རྒྱ་མཚོས་མཆོད་བྱེད་ཅིང་།  །བསྟོད་དབྱངས་རྒྱ་མཚོའི་སྒྲ་ཡིས་བསྟོད་པར་ཤོག  །མཐོང་བའི་ཆོས་འདིར་ཆོས་ལ་རབ་དད་པའི། །ཆོས་རྒྱལ་ཆོས་ཀྱིས་རྒྱལ་ཞིང་ཞབས་བརྟན་ལ།  །ཆོས་བཞིན་ཆབ་སྲིན་ལེགས་སྐྱོང་སྐྱེ་དགུ་ཀུན། །ཆོས་དང་ཟང་ཟིང་དཔལ་གྱིས་འབྱོར་བར་ཤོག  །འདིར་ནི་ཆོས་དོན་ཕུན་ཚོགས་པ།  །ཡང་དག་སྤོབས་པས་དབང་བྱས་ནས།  །ཚིག་སྦྱོར་སྙན་པས་བསྡེབས་པ་གང་།  །དབྱངས་ཀྱིས་ཀུན་ནས་བསྙད་པའི་ཚེ།  །འཕགས་པའི་ཚོགས་རྣམས་དགྱེས་འ་གྱུར་ཞིང་། །བློ་གསལ་རྣམས་ཀྱི་ཡོད་འཕྲོག་ལ།  །བླུན་པོའི་རྣ་བའི་དཔལ་བསྐྱེད་པ །འདི་འདྲ་སོ་སོ་རིག་པའི་རྒྱུ།  །ཚིག་གི་སྡེབ་སྦྱོར་སྦྱོར་བའི་ཚུལ་ལ་ཚུལ་བཞིན་ཤེས་པའི་ཤེས་ལྡན་ཞིང་།  །དོན་གྱི་རིན་ཆེན་ཆེན་པོའི་ཆེན་པོས་ཆེས་ཆེར་མཛེསབྱེད་སྣ་ཚོགས་ཀྱིས།  །གང་བློའི་ཁང་མཛེས་མཛེས་པར་རབ་སྤྲས་སྤྲོས་པས་སྤྲོས་པའི་ཡིད་དབང་ཕྱིར།། གཞན་གྱི་སྙན་དངགས་ངག་གི་དཔལ་འཕྲོག་འཕྲོག་བྱེད་ཡིད་རབ་འཕྲོག་པར་སྦྱར།  ། ཀུནྡའི་ཕྲེང་བ་ཀུན་ནས་བསྟར་འདྲའི་སོ་ཡི་ཟེའུ་འབྲུའི་ཕྲེང་བ་ཅན།  །དཀར་ནག་རྣམ་འབྱེད་གསལ་བའི་མདངས་ལྡན་མིག་གི་པད་འདབ་རྣམ་པར་རྒྱས།  །རབ་ཏུ་དགའ་བའི་རླུང་གི་ཤུགས་ཀྱིས་རོ་འཚིན་སྙིང་པོ་བསྐྱོད་པ་ལས།  །སྙན་ཚིག་དྲི་བསུང་ཕྱོགས་བཅུར་ཁྱབ་པས་ཤེས་ལྡན་བུང་བའི་ཡིད་རབ་འཕྲོག  །ཚུལ་འདི་མཁྱེན་རབ་རྒྱ་ཆེར་རབ་རྒྱས་ཀུན་ནས་བརྩེ་བའི་ཐུགས་མངའ་བའི། །ཆོསཀྱི་རྒྱལ་པོ་བཟང་པོའི་ཞབས་ཀྱི་ཞབས་པད་སྤྱི་བོས་གུས་བླངས་ཤིང་།  །བློ་གྲོས་རྒྱལ་མཚན་ཡོན་ཏན་ནོར་བུའི་དཔལ་གྱིས་མཚན་པ་ལེགས་འཛིན་པ། །ཐེག་པ་མཆོག་གི་བརྟུལ་ཞུགས་བཟང་པོས་རྣམ་པར་འཕགས་པས་སྦྱར་པ་ཡིན།  །ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་བླ་མ་བདེ་བར་གཤེགས་པ་ལ།  །ཆོས་གོས་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྒྱན་རྣམ་པར་བཀྲམ་བ་ཞེས་བྱ་བས་མཆོད་པར་བྱེད་པའི་རབ་ཏུ་བསྔགས་པ།  བསྟོད་དབྱངས་རྒྱ་མཚོ་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ་ཞེས་བྱ་བ་འདི་ནི། དགེ་སློབ་ཆོས་སྨྲ་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། ས་མོ་ལུག་གི་ལོ་དགུན་ཟླ་འབྲིང་པོ་ལ། རྒྱ་ནག་པོའི་རྒྱལ་པོ་གྲངས་མེད་པ་བྱུང་པའི་གནས་བཀྲ་ཤིས་དང་། དགེ་མཚན་དུ་མས་རྣམ་པར་བརྒྱན་པ་ཅོང་ཏོའི་མཁར་ཆེན་པོར་སྦྱར་བའོ།  ། ཚུལ་འདི་ནི་རྐང་བ་ཐུང་ངུ་དང་། རིང་པོ་དང་།  ཤིན་ཏུ་རིང་པོ་རྣམས་སྤེལ་ཞིང་འབྱུང་བས་རྒྱ་མཚོའི་རྦ་རླབས་ཀྱི་ཕྲེང་བ་ལྟ་བུ་ཞེས་བྱ་བའི་སྡེབ་སྦྱོར་ཡིན་ལ།  འདིའི་དོན་དྲན་བཞིན་པའི་དབྱངས་རྣམ་པར་དག་པས་བརྗོད་ཅིང་གཞན་དག་ལའང་བསྙད་ན།  རྒྱ་ཆེ་བའི་བསོད་ནམས་ཀྱི་ཕུང་པོ་ཉེ་བར་བསྐྲུན་པར་འགྱུར་རོ་སྙམ་དུའང་བསམས་མོད།  །དེ་ལྟ་ནའང་ཚུ་རོལ་མཐོང་བའི་བྱིས་བློའི་ངང་ཚུལ་དུ་གྱུར་པས་ཚིག་དང་།  དོན་གྱི་ཆ་ལ་འགལ་བ་དང་།  འཁྲུལ་བར་གྱུར་པ་དེ་དང་དེ་དག་ལེགས་པར་སྦྱངས་པའི་ཐུགས་ཤིན་ཏུ་དྭངས  པའི་མེ་ལོང་ལྟར་གསལ་བར་ཤེས་བྱའི་དཀྱིལ་འཁོར་གྱི་གཟུགས་བརྙན་ཀུན་ཏུ་སྣང་བ།  ཤིན་ཏུ་མཁས་པའི་སྐྱེ་བོ་རྣམས་དང་། དམ་པའི་དོན་གྱི་དེ་ཁོ་ན་ཉིད་ལ་ཤིན་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་ལ་གོམས་པས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤིན་ཏུ་གཟི་ཆེ་བ་བརྙེས་པའི་འཕགས་པའི་ཙོགས་རྣམས་ཀྱི་ཐུགས་ཀྱིས་བས་པར་འགྱུར་བ་ནི།  ཤིན་ཏུ་གནོང་བའི་ཡིད་ཀྱིས་བཟོད་པར་གསོལ་ཞིང་མཆིས་པས། རིགས་པ་དང་རྣམ་པར་གྲོལ་བའི་སྤོབས་བ་རྡོ་རྗེའི་ངག་ཕྱེན་ཅི་མ་ལོག་པའི་དོན་དང་མཅས་པའི་དངོས་གྲུབ་ཀྱང་སྩལ་དུ་གསོལ་ལོ། ། ། །  

                                                 འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་གྱིས། 

  • 顶