ཡོན་ཏན་གཞིར་གྱུར་མ་བཞུགས་སོ།།

2016-01-14
137
༄༅།།ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།།ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།། 

 

  ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།།གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས།། 

  ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།།ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས།། 

  ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ།།རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།། 

  ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན།།མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌།། 

  ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན།།དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ།། 

  ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས།།ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌།། 

  དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ།།རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས།། 

  སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ།།ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི།། 

  ཉེས་དམིགས་རིག་ནས་ཐར་བའི་བདེ་བ་ལ།།དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས།། 

  རྣམས་དག་བསམ་པ་དེ་ཡིས་དྲངས་པ་ཡི།།དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས།། 

  བསྟན་པའི་རྩ་བ་སོ་སོར་ཐར་བ་ལ།།སྒྲུབ་པ་སྙིང་བོར་བྱེད་པར་བྱིན་གྱིས་རློབས།། 

  རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ།།མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།། 

  མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི།།བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས།། 

  སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ།།གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར།། 

  ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ།།བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས།། 

  ལོག་པའི་ཡུལ་ལ་གཡེངས་པ་ཞི་བྱེད་ཅིང༌།།ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡིས།། 

  ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ།།མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། 

  ཐུན་མོང་ལམ་སྦྱང་སྣོད་དུ་གྱུར་བ་ན།།ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག། 

  སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར།།བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།། 

  དེ་ཚེ་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་གཞི།།རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ།། 

  བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས།།སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་རློབས།། 

  དེ་ནས་རྒྱུད་སྡེ་སྙིང་བོ་རིམ་གཉིས་ཀྱི།།གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།། 

  ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར།།དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས།། 

  དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌།།ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌།། 

  ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས།།ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།།

  • 顶