ཕྱི་ནང་སྨིན་དང་མ་སྨིན་པའི། ། ཨ་མྲའི་འབྲས་བུ་རིགས་བཞིར་གསུངས། ། མི་ཡང་སེམས་དང་སྤྱོད་པ་གཉིས། ། དག་དང་མི་དག་དབྱེ་བ་མང་། །
མཁས་པ་ཡོན་ཏན་ཀུན་ལྡན་དེ། ། རློམས་སེམས་མེད་པར་ཞི་ཞིང་དུལ། ། སྙེ་མའི་ཁུར་གྱིས་ལྗིད་པ་ཡི། ། ལྗོན་ཤིང་རྩེ་མོ་དུད་དེ་གནས། །
ཡོན་ཏན་མེད་པའི་སྐྱེ་བོ་དེ། ། ང་རྒྱལ་མགོ་འཕང་ཅི་ལས་མཐོ། ། འབྲས་བུའི་བཅུད་ཀྱིས་མི་བཟུང་བའི། ། ལྗོན་པ་རེངས་པ་ཆོས་ཉིད་ཡིན། །
ལྷན་སྐྱེས་ཡོན་ཏན་མེད་གྱུར་ན། ། ཕྱི་ཚུལ་བཅོས་པས་ཅི་ལ་ཕན། ། ཡལ་འདབ་མེད་པའི་ཤིང་སྐམ་དེར། ། ཅོད་པན་བཏགས་ཀྱང་ག་ལ་མཛེས། །
བསླབ་སྦྱངས་དུས་ན་གཡེལ་བ་དེས། ། མཁས་འདོད་རེ་བ་འབྲས་མེད་ཡིན། ། མེ་ཏོག་སད་ཀྱིས་ཁྱེར་བ་ཡི། ། ཤིང་ལ་འབྲས་བུའི་རེ་བ་མེད། །
བློ་གྲོས་རྩལ་དང་མི་ལྡན་ན། ། གོ་ས་མཐོ་ཡང་ཁྲེལ་བའི་གཞི། ། ཤིང་ལས་བྱས་པའི་སེང་གེ་དེ། ། འཇིགས་འཇིགས་འདྲ་ཡང་སྙིང་པོ་མེད། །
དྲི་ཞིམ་བསུང་དང་མ་ལྡན་ན། ། ཙན་དན་ཡིན་ཞེས་སྨྲས་ཀྱང་རྫུན། ། དམ་པའི་ཚུལ་དང་མི་མཐུན་ན། ། དམ་པར་ཁས་འཆེ་དོན་དང་བྲལ། །
དམན་པ་རྒྱལ་སར་བཏོན་ན་ཡང་། ། མ་རབས་སྤྱོད་པའི་རྗེས་སུ་འཇུག ། ཆུ་ཤིང་གྱེན་དུ་སྐྱེས་ན་ཡང་། ། འདབ་མ་ཐུར་དུ་འཕྱང་བར་གྱུར། །
ཨ་གར་དུམ་བུ་བརྒྱར་གཏུབས་ཀྱང་། ། ལྷན་སྐྱེས་དྲི་བཟང་མི་གཏོང་ལྟར། ། དམ་པ་ཅི་ཙམ་རྒུད་ན་ཡང་། ། བཟང་པོའི་རང་བཞིན་ག་ལ་འདོར། །
ཤུག་པའི་ལོ་མ་མེར་བཅུག་ན། ། ལྷག་པར་དྲི་བཟང་རྒྱས་པ་བཞིན། ། དམ་པ་རྣམས་ལ་གནོད་བྱས་པས། ། ཕྱིར་ཞིང་དེ་ཡི་ཆེ་བ་འདོན། །
དམ་པ་དབེན་པར་གནས་ན་ཡང་། ། གྲགས་སྙན་ལྷ་ཡིས་སྒྲོག་པར་བྱེད། ། ལྷོ་ཡི་རི་ལས་སྐྱེས་པ་ཡི། ། ཙན་དན་དྲི་བསུང་རླུང་གིས་འགྱེད། །
ཁྱོག་པའི་ཤིང་དེ་བསྲངས་ན་ཡང་། ། རླན་དང་འཕྲད་ཚེ་ཡ་ཡོར་འགྱུར། ། རང་བཞིན་ངན་པ་བཅོས་ན་ཡང་། ། རྐྱེན་དང་འཕྲད་ཚེ་རང་མཚང་འདོན། །
ཀླད་ཆུང་རང་བཞིན་ངན་པ་ལ། ། ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། ། རྩ་བ་དུག་ཏུ་གནས་པ་ཡི། ། མེ་ཏོག་མཛེས་ཀྱང་སུ་ལ་མཁོ། །
ཙན་དན་ཤུག་པའི་ཀ་བ་གཉིས། ། གདུང་མ་འདེགས་པའི་ནུས་པ་མཚུངས། ། སྙིང་སྟོབས་ལྡན་ན་དབུལ་ཕྱུག་གཉིས། ། བྱ་བ་བྱེད་པའི་དུས་སུ་འདྲ། །
ལོངས་སྤྱོད་མངའ་ཐང་མཉམ་ན་ཡང་། ། བཟང་ངན་ལས་ལ་སྦྱར་ན་ཤེས། ། ཕྲ་སྦོམ་མཉམ་ཡང་ཆུར་འཕངས་ན། ། ཤིང་གི་མགོ་མཇུག་ཤེས་པར་ནུས། །
མཁས་པའི་སྐྱེ་བོ་ཡུལ་གཞན་དུ། ། བྲིན་ཞིང་ཀུན་གྱིས་བཀུར་བར་འགྱུར། ། ནགས་སུ་སྐྱེས་པའི་ཤིང་གིས་ནི། ། གཞན་དུ་ཤིང་གི་བྱ་བ་བྱེད། །
ཤིང་བལ་རླུང་གིས་བདས་པ་དེ། ། རི་རྩེར་མི་སྡོད་གཤོང་དུ་ཆགས། ། བློ་ཆུང་ཕྱོགས་མཐར་འཁྱམས་འཁྱམས་ནས། ། མཐའ་མར་རྒུད་པའི་གནས་སུ་ལྷུང་། །
སྐྱོན་གྱིས་གོས་པ་ཆེས་སླ་སྟེ། ། ཡོན་ཏན་སློབ་པ་དེ་ལྟ་མིན། ། ཤིང་ལ་མེ་ལྕེ་མཆེད་སླ་ཡང་། ། ཆུ་བོ་སོ་སོར་འགྱེས་པར་དཀའ། །
མ་རབས་སྐྱེ་བོ་གཉིས་འགྲོགས་ན། ། ཕུགས་སུ་རང་གཞན་གཉིས་ཀ་འཕུངས། ། གཙུབ་ཤིང་ཟུང་དུ་བརྡར་བ་ཡིས། ། མཇུག་ཏུ་གཉིས་ཀ་བསྲེག་པར་བྱེད། །
ཕུན་སུམ་ཚོགས་པའི་ལྗོན་པ་ཡང་། ། ཆུ་དང་འགྲོགས་ན་རྩ་བ་འབྱིན། ། ཡ་རབས་ཡོན་ཏན་ལྡན་པ་ཡང་། ། གྲོགས་པོ་ངན་པས་ཉམས་པར་བྱེད། །
འབྲས་ལྡན་ཤིང་གཉིས་སྦྱར་བ་ལས། ། འབྲས་བུ་ཕུང་གསུམ་འབྱུང་བ་ལྟར། ། བློ་དང་ལྡན་པ་གཉིས་འགྲོགས་ན། ། སྔོན་མེད་ལེགས་པའི་བློ་གྲོས་སྐྱེ། །
ལྗོན་པའི་གྲིབ་བསིལ་བསྟེན་པ་ཡིས། ། གླང་པོས་ཤིང་གི་རྩ་བ་འབྱིན། ། གཡོག་འཁོར་ངན་པ་བསྟེན་པ་ཡིས། ། ལེགས་བྱས་རྩ་བ་ཉམས་པར་བྱེད། །
ཤིང་སྡོང་གཙུག་གིས་བཀུར་བ་ཡི། ། འདབ་ཆགས་འགྲོ་ཚེ་བྱ་ཐལ་གཏོང་། ། ཟླ་གྲོགས་ངན་པ་བསྟེན་ན་ཡང་། ། ནམ་ཞིག་རྗེས་ངན་བཞག་ནས་འགྲོ། །
ངན་པར་ཅི་ཙམ་ཕན་བཏགས་ཀྱང་། ། ལན་དུ་ཕན་པའི་རེ་བ་མེད། ། ཤིང་གིས་རྟག་ཏུ་མེ་གསོས་ཀྱང་། ། མེ་ཡིས་དེ་ཉིད་ཐལ་བར་བྱེད། །
བློ་དང་མཐུ་ལྡན་རེ་རེས་ཀྱང་། ། མཆོག་དམན་ཀུན་གྱི་དགོས་པ་བསྒྲུབ། ། འོད་མའི་གནམ་རུ་གཅིག་གིས་ཀྱང་། ། ཉག་ཕྲན་སྟོང་གི་བྱ་བ་བྱེད། །
ལོངས་སྤྱོད་དཔལ་དང་མི་ལྡན་ན། ། རིགས་རུས་མཐོ་ཡང་དགོས་པ་ཆུང་། ། དགོས་པའི་གྲིབ་བསིལ་མེད་གྱུར་ཚེ། ། རྩེ་མོ་མཐོ་བས་ཅི་ལ་ཕན། །
རྩ་བ་བསོད་ནམས་མེད་གྱུར་ན། ། བསགས་པས་དབུལ་བ་མི་སེལ་ཏེ། ། སྡོང་པོ་རླན་དང་བྲལ་བ་ལ། ། ཡལ་གར་ཆུ་བོས་བྱུགས་ཀྱང་ཅི། །
བུན་དང་བསྐྱེད་ཀྱིས་ནོར་སྤེལ་བར། ། འདོད་ཀྱང་རྩ་བ་སྟོང་པ་མང་། ། ཤིང་སྐྱེས་བཅད་ནས་ས་གཞན་དུ། ། བཙུགས་པ་ཕལ་ཆེར་སྐམ་པར་འགྱུར། །
གཡང་ས་མཐོན་པོར་སྐྱེས་པ་ཡི། ། ས་ཧ་ཀཱ་རའི་འབྲས་བུ་བཞིན། ། རང་གཞན་གང་ལའང་མི་ཕན་པའི། ། ལོངས་སྤྱོད་ཆེ་དེ་སྦ་བ་ཡིན། །
ལོངས་སྤྱོད་སྤེལ་བར་འདོད་པ་ཡིས། ། ཆ་ཤས་གཏོང་བ་མན་ངག་སྟེ། ། ལྗོན་ཤིང་ཡལ་ག་རྒྱས་འདོད་ན། ། རྩེ་མོ་འབྲེག་པ་ཐབས་སུ་བཟང་། །
དམན་པས་བསགས་ཀྱང་མི་འགྲུབ་ལ། ། བསོད་ནམས་ལྡན་པས་བཏང་ཡང་འབྱོར། ། རླན་སར་བཅད་ཀྱང་སྐྱེ་བའི་ཤིང་། ། སྐམ་སར་བཙུགས་ཀྱང་ག་ལ་སྐྱེ། །
ལམ་ཁའི་ཤིང་གི་འབྲས་བུ་དེ། ། བྱིས་པའི་རྡོ་ཆར་འབེབས་པའི་རྒྱུ། ། བདག་པོ་ངན་པའི་ལོངས་སྤྱོད་ཀྱང་། ། ཕལ་ཆེར་དགྲ་ཡི་གཡབ་མོ་ཡིན། །
བསོད་ནམས་དམན་པའི་སྐྱེས་བུ་དེར། ། དཔལ་འབྱོར་བྱུང་ན་སྲོག་ཀྱང་བརླག ། སྨྱུག་མའི་ཤིང་གི་རྩེ་མོ་ལ། ། འབྲས་བུ་ཆགས་པ་ཉམས་པའི་ལྟས། །
བུར་ཤིང་གཅོད་པ་རོ་ཡི་ཕྱིར། ། ཝ་སྐྱེས་གསོད་པ་པགས་པའི་སླད། ། དོན་མཐུན་འཇོམས་པ་ནོར་གྱི་དོན། ། རྒྱལ་པོར་རྒོལ་བ་འབངས་ཀྱི་ཆེད། །
ཤིང་ལ་ཐོག་མར་ཐིག་འདེབས་ཀྱི། ། དྲས་ཤིང་གཏུབས་ནས་བསྒྱུར་དུ་མེད། ། བྱ་བའི་ཐོག་མར་བསམ་དགོས་ཀྱི། ། རྗེས་ནས་གྱོད་བརྡལ་བླུན་པོའི་རྟགས། །
སྟབས་ལེགས་ཙམ་གྱིས་དོན་གྲུབ་ཀྱང་། ། བློ་དང་ལྡན་པར་སུ་ཞིག་རློམ། ། ལོ་མ་འཁུམས་ནས་ཉལ་བའི་ཤིང་། ། སེམས་ལྡན་བསྒྲུབས་པ་མུ་སྟེགས་ལུགས། །
སྲང་མདོར་ལོ་འདབ་ཉལ་ཉིལ་དུ། ། གནས་པའི་ཤིང་དེ་ཀུན་གྱིས་བརྫི། ། དོན་མེད་འཆོལ་བའི་གཏམ་མང་བའི། ། མི་དེ་ཀུན་ལ་ངོ་ཐང་ཆུང་། །
མི་ངན་བྱས་པ་ཆུང་ན་ཡང་། ། དྲིན་ཆེའི་ཡུས་ཀྱིས་རྣ་བ་འགེངས། ། བུད་ཤིང་རློན་པ་མེ་ཆུང་ཡང་། ། དུད་པ་ནག་པོས་ཚང་མང་འགེངས། །
ཤིང་ལ་ལན་གཅིག་སྦྲུལ་གནས་དེ། ། ཕྱིས་ཀྱང་མཐོང་ཚེ་འཇིགས་པ་ལྟར། ། རྐུ་དང་རྫུན་ལ་གཅིག་ཞུགས་པའི། ། མི་དེར་རྟག་དུ་དོགས་པ་སྐྱེ། །
ཚེར་མ་རྣོ་ཡང་བྲག་རི་ལ། ། བསྣུན་ན་རྩེ་མོ་འཇིལ་བར་བྱེད། ། སྐྱེས་བུ་དམ་པར་ཕྲག་དོག་གིས། ། སྨོད་པ་རང་གི་དམའ་འབེབས་ཡིན། །
གནས་མིན་ལ་ཡང་དུལ་ཆེ་ན། ། སྙིགས་མའི་དུས་འདིར་ཀུན་གྱིས་བརྙས། ། ཤིང་བལ་འཇམ་མོ་འཇམ་མོ་ཞེས། ། ཀུན་གྱིས་གདན་དུ་མི་བྱེད་དམ། །
ཤིང་སྐྱེས་དྲང་པོ་མཛེས་ན་ཡང་། ། སྒ་ཤིང་འཁྱོག་པོ་ཅི་ལས་བཟང་། ། རང་བཞིན་དྲང་ན་བཟང་མོད་ཀྱང་། ། རེས་འགའ་ལྡེམ་པོ་རྒྱལ་བས་གསུངས། །
མདེའུ་མེད་པའི་མདའ་འཕེན་པ། ། དགྲ་བོ་སྤྱན་འདྲེན་ཕོ་ཉ་ཡིན། ། དགྲ་བོ་འཇོམས་པའི་མཐུ་མེད་ན། ། དོན་མེད་དཔའ་སྐད་ཅི་ལ་སྨྲ། །
གཉེན་ལ་ཧ་ཅང་བྱམས་པ་ཡང་། ། འཁོན་གྱི་རྒྱུ་རུ་འགྲོ་བ་མང་། ། བུར་ཤིང་མངར་མོ་སྤྱོད་ཆེས་ན། ། མ་ཞུས་སྒྲེགས་པ་སྐྱུར་མོ་བྱུང་། །
ཤིང་དགྲ་སྟ་རེ་ཡིན་མོད་ཀྱང་། ། དེ་ཡི་ཡུ་བ་ཤིང་གིས་བྱེད། ། དགྲ་ཡིས་བརྩམས་པའི་ཕུང་ཀྲོལ་ཀྱང་། ། ཕལ་ཆེར་རྩ་བ་གཉེན་གྱིས་བྱེད། །
སྡོང་པོ་གཅོད་པའི་ཐབས་ཉེས་ན། ། རང་གི་སྟེང་དུ་ལྷུང་བར་འགྱུར། ། དགྲ་ལ་ཧ་ཅང་སྡང་བ་ཡང་། ། རང་གི་གཤེད་དུ་འགྲོ་བ་མང་། །
ཤིང་སྐམ་དགུགས་པར་མི་ནུས་དེ། ། རླན་གྱིས་བསྒོས་ན་ལས་སུ་རུང་། ། དགྲ་བོ་མི་བསྲུན་སེམས་ལྡན་ཡང་། ། ཐབས་ལ་མཁས་ན་འདུལ་བར་ནུས། །
ཉི་ཟླས་མི་ཕྱེད་མྱ་ངན་མེད། ། ན་ཆུང་རྐང་གདུབ་རེག་པས་འབྱེད་། ། ལེགས་པར་བཤད་ཀྱང་མི་གོ་བའི། ། མ་རབས་ལ་ལ་སྨད་པས་ཐུལ། །
གནས་ན་གནས་རྣམས་ཁང་བཟང་དང་། ། དེར་གནས་སྐྱེད་མོས་ཚལ་ལ་དགའ། ། འཚོ་བས་དབུལ་བ་རབ་བྱུང་དང་། ། རྒྱགས་པས་མྱོས་པ་ཁྱིམ་ལ་ཕྱོགས། །
ནགས་དེར་སྐྱེས་པའི་སྤྲེའུ་ཡང་། ། འབྲས་བུ་ཟད་ན་གཞན་དུ་འགྲོ། ། རྒུད་ཚེ་སྙིང་དུ་སྡུག་པ་ཡི། ། བུ་ཡང་གཞན་གྱི་ཕྱོགས་སུ་འབྲོས། །
ནགས་ཚལ་ཕུན་སུམ་ཚོགས་པ་དེར། ། དོན་མེད་ནམ་མཁའི་བྱ་ཡང་འཁོར། ། གང་ན་བདེ་སྐྱིད་འཛོམས་པ་དེར། ། མ་བསྡུས་པར་ཡང་སྐྱེ་བོ་འདུ། །
ཤིང་གི་འབྲས་བུ་ལེགས་བསྐྱངས་ན། ། ལོ་འདབ་ལ་སོགས་ཞར་ལ་འབྱུང་། ། དམ་པའི་ཆོས་ལ་བརྩོན་བྱས་ན། ། སྲིད་ཀྱི་དཔལ་ཡང་དེ་ཡིས་འགྲུབ།
དེ་ལྟར་ལུགས་གཉིས་བླང་དོར་ཀུན། ། ཤིང་གི་ཁྱད་པར་ཁོ་ན་ཡིས། ། མཚོན་བྱེད་གཏམ་གྱི་སྦྱོར་བ་འདི། ། སྔོན་མེད་མཁས་པའི་དགའ་སྟོན་ཡིན། །
གང་མགྲིན་འོ་མའི་རྒྱ་མཚོ་རུ། ། དབྱངས་ལྡན་ངང་མོ་རྣམས་རོལ་བ། ། དེ་ཡི་ཁ་ལས་ལེགས་བཤད་ཀྱི། ། རྦ་རླབས་འཁྲི་ཤིང་ཅི་ཡང་གཡོ། །
གྲགས་སྙན་ནོར་བུའི་ཞགས་པ་ཡིས། ། རྒྱ་བོད་འཛིན་མའི་མཐའ་བཅིངས་པ། ། དཔལ་ལྡན་ས་སྐྱ་པཎྜི་ཏའི། ། ལེགས་བཤད་ལམ་ལ་བརྟེན་པ་ཡིན། །
དོན་གྱི་སྒོ་ལྕགས་མཁྱིད་གང་ལ། ། དཔེ་ཡི་ལྡེ་མིག་ཁྲུ་གང་བ། ། དེ་ལྟའི་གཞུང་ཡང་སྣང་མོད་དེ། ། མཁས་བླུན་སུ་ཡི་དབང་དུ་བྱས། །
ལུགས་གཉིས་བླང་དོར་ཤེས་འདོད་རྣམས། ། དཔེ་ཡི་སོར་མོ་ཙམ་མིན་པར། ། དོན་གྱི་ཟླ་ཤེལ་ལྟོས་ཤིག་དང་། ། ངོ་མཚར་རི་དྭགས་མཚན་མ་ཡོད། །
འདིར་འབད་ལེགས་བྱས་ནྱ་གྲོ་ཏའི། ། ས་བོན་སྨིན་པའི་དགེ་མཚན་གྱི། ། ཡལ་ག་ཕྱོགས་བཅུར་རྒྱས་པ་ཡིས། ། འགྲོ་བ་ཀུན་གྱི་དོན་བྱེད་ཤོག །
ཅེས་ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ཞེས་བྱ་བ་འདི་ནི་མཐོང་སྣང་སྣ་ཚོགས་ཀྱིས་རྐྱེན་བྱས་ཏེ། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཚ་རྒན་སྨན་ཆུར་ཕྱིན་པའི་ལམ་ཁར་གང་དྲན་སུག་བྲིས་སུ་བགྱིས་པའོ། །
རྩོམ་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།