དགེ་བའི་བཤེས་གཉེན་རྣམས་ལ་ཕུལ་བའི་བསྟོད་ཚིག་ངག་གི་རོལ་མོ།

2015-11-20
180

 

  དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།

  འཕགས་བོད་གཞུང་ལུགས་ནམ་མཁའི་ཀློང་ཡངས་སུ།།

  མཁྱེན་དཔྱོད་རྩལ་གྱི་འཁྱུག་པའི་དབྱར་སྐྱེས་རྔ།།

  གང་གི་དྲིན་ལས་སྙན་ཚིགས་སྨྲ་བའི་མགྲིན།།

  ཅུང་ཟད་གྲོལ་བ་བཛྲའི་མཚན་ཅན་བསྔགས།།

  མཁྱེན་བརྩེ་ནུས་པའི་མཛའ་བཟང་གང་ལ་ཡང་།།

  འགྲན་པའི་དོ་ཟླ་དབང་ཆེན་གསེར་གཞིའི་སྟེང་།།

  རྙེད་མིན་རང་ཉིད་རང་གིས་དཔེར་མཚོན་དེས།།

  དགེ་ལེགས་ཤིས་པ་འབུམ་གྱིས་འཁྱུད་གྱུར་ཅིག།

  ལོ་ཆེན་བཻ་རོ་རྗེ་བཙུན་གྲོལ་མགོན་སོགས།།

  སྐྱེ་རྒྱུད་ཕྲེང་བར་བསྟར་བའི་མཛད་རྗེས་རྣམས།།

  འགྱུར་མེད་ལོ་རྒྱུས་གཡུང་དྲུང་རིས་བཞེངས་བའི།།

  ངེས་དོན་གྲུབ་པའི་དབང་ཕྱུག་ནིརྨ་ཀཱ།

  ལྔ་བརྒྱ་ཐ་མར་གྱུར་པའི་དུས་ཉིད་དུ།།

  གང་སྐུ་བརྗིད་ཆགས་གསེར་གྱི་མཛེས་རིས་ཅན།།

  དགེ་ལེགས་འདོད་འཇོའི་དཔལ་དུ་རྩེན་པ་ཡིས།།

  བསྟན་འགྲོའི་ཕན་བདེ་རྫོགས་ལྡན་གསར་བས་འཚོ།།

  སྐུ་གཞོན་གསར་བ་མྱུ་གུའི་སྐབས་དག་ནས།།

  ལེགས་བཤད་ཐོས་པ་འཚོལ་བའི་སོ་ནམ་གྱིས།།

  རིང་མིན་ཁོ་ལག་རྒྱས་པའི་ལྗོན་ཤིང་རྩེར།།

  སྐུ་ཡོན་མེ་ཏོག་བཞད་པའི་ངོ་མཚར་བཞེས།།

  སྡོམ་གསུམ་མུ་ཏིག་དཀར་པོའི་དོ་ཤལ་ཕྲེང་།།

  ཁྱེད་སྐུ་མཛེས་པའི་རྒྱན་དུ་སྤུད་མ་ཐག།

  ལྷར་བཅས་འགྲོ་བའི་མཆོད་སྡོང་ལྕི་གྱུར་བས།།

  ཨེ་མ་འདེགས་བཟོད་ནོར་འཛིན་བསོད་ནམས་མཐོ།།

  མདོ་རྒྱུད་འོ་མཚོར་འཁྱིལ་བའི་སྡེ་སྣོད་འཇིངས།།

  བརྒལ་བའི་འབྲས་རྟགས་སོར་མོའི་རྩེད་འཇོ་ལས།།

  འཁྲུངས་པའི་གསུང་རབ་གླེགས་བམ་ནོར་བུའི་དཔྱ།།

  ཕྱི་རབས་མཁས་མང་འཇུག་པའི་མཛོད་དུ་གྲུབ།།

  མཁས་པའི་ལྗགས་བཟང་ནོར་འཛིན་སྒེག་མོའི་ཟོལ།།

  ས་ལ་འགྱིང་བའི་ཤྲྀ་སེང་དཔལ་གྱི་རིར།།

  བོད་ཡིག་སློབ་གྲྭའི་འཆད་ཉན་དབུ་བསླངས་ཚེ།།

  སྒྲ་རིག་ལེགས་སྦྱར་སྐད་ཀྱི་ཆོས་འཁོར་བསྐོར།།

  བསྟུན་མར་ཞབས་རྡུལ་ཁྲིར་འཁོད་བྱིན་རླབས་ཀྱིས།།

  དེང་གི་བར་དུ་གྲངས་མེད་བློ་གསལ་གྱི།།

  རིགས་གཞུང་ལེགས་བཤད་མྱོང་བའི་དགའ་སྟོད་དག།

  དངོས་སམ་བརྒྱུད་པའི་བཀའ་དྲིན་བསྒྱུར་དུ་མེད།།

  བསྒྲང་བྱ་བཅུ་ཕྲག་འདས་པའི་ལོ་རྒྱུས་ཁྲོད།།

  ཐུགས་རྗེ་གདུགས་དཀར་ཕུབ་པའི་གྲིབ་བསིལ་འོག།

  ལེགས་བཤད་ཆོས་ཀྱིས་བསྐྱངས་བའི་དགའ་སྟོན་རྣམས།།

  ད་ལྟ་ཕྱིར་དྲན་རྟོག་པའི་མིག་ན་བཀྲ།

  ཟབ་མོའི་དེ་ཉིད་གཞལ་བའི་པདྨའི་ཁ།།

  ཀླུ་སྒྲུབ་དགོངས་པའི་ཟེར་གྱིས་ཕྱེས་པའི་མོད།།

  སྒྲོ་སྐུར་རྟག་ཆད་ཀུན་དཱ་ཟུམ་དང་ལྷན།།

  ཡང་དག་ལྟ་བའི་གཏད་སོ་ཉིན་མོར་བྱས།།

  ཕྱི་ཚུལ་ནང་མཛོད་འདུལ་བའི་བབ་དང་བསྟུན།།

  ནང་གི་རྟོགས་པ་ནམ་མཁའི་མཐའ་མཉམ་པའི།།

  དགེ་བའི་བཤེས་གཉེན་དཔག་བསམ་ལྗོན་པའི་ཞལ།།

  མཇལ་བའི་ལུས་ཅན་དག་གི་སྐལ་བ་སྦོམ།།

  ཐུན་མོང་ལམ་གྱི་སྦྱང་བ་མཐར་སོན་ནས།།

  ཕྱག་རྫོགས་རྩེ་མོའི་ཐེག་པའི་ཉམས་བཞེས་སོགས།།

  མཛད་པ་ཆ་ཤས་རྫོགས་པའི་རྣམ་ཐར་རྣམས།།

  རྗེ་བཙུན་བཞད་པ་རྡོ་རྗེའི་ཟླ་བོར་གྲུབ།།

  སྙན་པའི་གྲགས་པ་སྲིད་པའི་མཐའ་བརྒལ་ཡང་།།

  བྱ་བཏང་སྦས་པའི་བརྟུལ་ཞུགས་ལ་དགྱེས་པའི།།

  དམ་པ་རྩོད་དུས་བླ་མའི་བླ་གྱུར་ཞེས།།

  བསྔགས་པའི་མེ་ཏོག་སྤྱི་བོར་བཅིངས་པ་མང་།།

  གང་སྐུ་བརྗིད་ཆགས་གསེར་གྱི་ལྷུན་པོའི་རྩེར།།

  འཕྲིན་ལས་མཚམས་སྤྲིན་གསར་བའི་མཛེས་པ་ངོམ།།

  ཕྱོགས་བཞི་སྤང་གཞུང་གཡུ་ཡི་གདན་སྟེང་དུ།།

  མི་ཤིགས་རྡོ་རྗེའི་ཁམས་སུ་རྟག་བརྟན་ཤོག།།

  • 顶