རྡོ་རྗེ་དོན་གྲུབ་ཀྱི་རང་མོས་སྙན་ངག་ཁག་གཉིས་བདམས་བཀོད།

2015-07-17
209
ཚེ་གྲོགས། 

 

གཞས་ཚིག

སེམས་འཕྲིན་སྙིང་གཏམ་དྲོན་མོ། ། 

 

ཚུར་བསྐྱལ་རླུང་ལ་བསྐུར་དུས། ། 

ཁྱེད་ཀྱི་ཞལ་རས་དུང་ཟླ། ། 

ནམ་ཡང་བརྗེད་ཐབས་མི་འདུག ། 

ལོ་ཟླའི་འཁོར་བསྐྱོད་བར་ནས། ། 

ཕན་སྐྱོང་ལན་མང་མཛད་པས། ། 

ཚེ་གྲོགས་འདི་ཕྱིའི་བར་དུ། ། 

གཞིས་བྱེས་འཛོམས་པའི་སྨོན་ལམ། ། 

གཡང་ཆགས་གངས་ཅན་ལྗོངས་ནས། ། 

མཛའ་མཐུན་གཡུ་མོ་ཟེར་བ། ། 

ཚེ་རབས་འདི་ཡི་གཏན་གྲོགས། ། 

དུས་གསུམ་བརྟན་པའི་སྨོན་འདུན། ། 

 

ཙོང་ཁ་བདེ་ཁམས།
ཙོང་ཁ་བདེ་ཁམས 

 

སྔོན་བྱོན་གྱི་སྐྱེས་ཆེན་ཚོས 

ཁྱེད་ཉིད་ཀྱི་སྙན་པ་རྒྱལ་ཁམས་ཀྱི་གཏོས་སུ་དྲངས་མྱོང 

མཚར་སྡུག་དང་ཡུལ་ཁོབས་ཀྱིས་བཞེས་པའི་ལོ་རྒྱུས་ཀྱི་རྟོགས་པ 

གཟི་ཉམས་ཀྱིས་ཞུགས་པའི་བཀོད་རིས 

བསྟན་པ་རྒྱས་མཛད་ཀྱི་རླབས་བཀོད 

མཁས་བཙུན་བཟང་གསུམ་གྱི་ཕྱག་བསྟན་དང་ཞབས་ཀྱིས་བཅགས་ས 

ཙོང་ཁ་བདེ་ཁམས 

དེབ་ཕྲེང་གླེགས་བམ་ཁྲོད་ན 

གཟི་སྤོབས་ཆེ་ཞིང་གྲགས་པ་འབར 

རྒྱལ་རྒྱུད་འཁོར་གྱི་མཛད་པ་བསྐྱངས་ས 

ཙོང་ཁ་བདེ་ཁམས 

དེ་དུས ཁྱེད་ཉིད་ཀྱི་གྲགས་པ་ཧི་མ་ལའི་བྱང་རྒྱུད་ཀྱི་སྤྲིན་པའི་ཀློང་དུ་འཁྱུག་མྱོང་ལ 

ཙོང་ལ་རིང་མོའི་ཁུགས་སོ་ན་རྒྱུ་བའི་ཙོང་ཆུ་དྭངས་མོས 

ས་དོག་མོའི་ཆུ་ལག སྨིན་གྲོང་ཁ་བའི་ལྗོངས ས་འཛིན་གྱི་ཐིག་ལེ 

དབུས་མཐའི་བཀོད་རིས་བཅས་བཅུམ་ཡང་མྱོང 

ཁ་སང ཨ་ཐང་ཆད་པའི་ཙོང་ཆུ་བཞུར་དལ་ཉམས་ཤིང་རླབས་སྒྲ་ཆུང 

མི་ཚོགས་དང་གྲོང་ཁྱེར་གྱི་འཛེར་སྒྲས་རླབས་ཤུགས་བཅོམ་སོང 

ད་དུང ཡུལ་བཀོད་ཀྱི་མཛེས་རིས་ཀྱང་བསྒྱུར་ཟིན་བདའ 

སྐྱ་ཐིང་ཐིང་གི་ས་རིས་ལ་བཀྲག་མདངས་ཀྱི་མཚོན་རིས་ཕབ་བྱུང 

དེ་རིང སྙན་པ་རྒོད་ཅིང་ཉམས་པ་རླིང་མོད་ཀྱི 

འགོས་ནད་ཕོག་པའི་འབུ་ཕྲ་བཞིན་བར་དོའི་ཁམས་སུ་མྱུལ 

བ་ཚྭ་ཅན་གྱི་ས་རིལ་བཞིན 

མི་ཚོགས་ཀྱི་རྐང་བར་ནས་ས་བཅག་རྡོ་བཅག་ཐེབས་སོང 

ལྷ་སའི་བར་སྐོར་དུ་ལུས་པའི་སྤྲང་པོ་བཞིན 

མཇལ་སྐོར་ཕྱག་དད་པ་རྣམས་ལ་འཐམ་ཞིང་ངུ་འབོད་བྱེད 

གཙང་ངོགས་ཀྱི་གྲམ་པའི་ཁྲོད་དུ་ལུས་པའི་གད་སྙིགས་བཞིན་གཙང་ཆུས་ཕ་མཐར་བསྐྱེད 

ཁབ་ལེན་རྡོ་ཡི་འདྲེན་ཤུགས་ཇི་བཞིན་གྲོང་ཁྱེར་གྱི་ལྕགས་སྙིགས་དང་འབྱར་ཞིང 

གཅེས་འཛིན་གྱིས་དབུལ་པས་གཡའ་དང་དྲི་མས་བསྣོགས 

སང་ཉིན ཉི་ཟླའི་འཆར་ནུབ་དང་ལྷན་དུ་སྤྲིན་པའི་གསེབ་ཏུ་གཡའ་པར་ངེས

                                      སྤྱི་ལོ2015ལོའི་ཟླ5བའི་ཚེས14ཉིན་གནའ་མཁར་ཟི་ལིང་གྲོང་ནས་བྲིས།
  • 顶