འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ།
ཁྲུ་ཙེ་ཇན་གྱིས་བརྩམས།(རྒྱ་རིགས)
སྟག་འབུམ་རྒྱལ་གྱིས་བསྒྱུར།
ལེའུ་གཉིས་པ། སྲུ་མོ་ཅཱང་པེ་ཡིས་ཆང་ཁང་དཀྲུགས་པ།
ཝུའུ་ཐང་དུ་ང་རང་མེ་འཁོར་ལས་བབས་པ་ཡིན། དེ་ནི་ང་རང་རི་གསུམ་མཚོ་ཁུལ་དུ་འགྲོ་འདོད་མ་བྱུང་བ་མ་ཡིན་པར། དེ་ལས་ལྡོག་སྟེ་མདུན་ཕྱོགས་སུ་གློ་བུར་བའི་དྲག་ཆར་བབས་ཏེ་རི་ཉིལ་ནས་གོམ་པ་ལྔ་བརྒྱ་ལྷག་གི་ལྕགས་ལམ་མནན་པས་མེ་འཁོར་ཝུའུ་ཐང་དུ་འགྲོ་མཚམས་མི་འཇོག་ག་མེད་བྱུང་། ལྕགས་ལམ་སྡེ་ཁག་གིས་བཤད་པ་ལྟར་ན། ལྕགས་ལམ་བསྐྱར་ལས་བྱེད་པར་ཆེས་མགྱོགས་ན་ཡང་ཉིན་གཉིས་ཀྱི་དུས་ཚོད་དགོས་འདུག་ཟེར། འགྲུལ་བ་དག་གིས་སྡིགས་སྨྲེ་སྣ་ཚོགས་བཏོན་ཏེ་ལན་རེར་འཁོར་ཁང་འགོ་གཙོར་གུད་གསབ་བྱེད་དགོས་ཟེར་བ་དང་། སྐབས་རེར་རྦབ་ཉིལ་ཤོར་བའི་རི་བོ་དེ་ནི་འཕྱོན་མ་ཡིན་པ་སྟེ། ལྕགས་ལམ་གྱིས་ཁོ་མོ་འདོད་ཀྱིན་མི་འདུག་ཀྱང་ཁོ་མོས་ད་དུང་དེ་ལ་འཐམས་འཁྱུད་བྱེད་དོན་ཅི་ཡོད་ཟེར་ནས་སྡིགས་མོ་བྱེད། ཐ་ན་འཁོར་ཁང་ནང་ནས་སར་འབབ་མཁན་ཡང་མི་འདུག་སྟེ། ཕལ་ཆེར་མེ་འཁོར་ནི་སྲོག་སྐྱོབ་ཀྱི་གྲུ་གཟིངས་ཡིན་ཞིང་དེ་ལས་བབས་ཚེ་བདེ་འཇགས་ཀྱི་རེ་བ་ཡོངས་སུ་ཤོར་འགྲོ་བ་དང་མཚུངས།
འགྲུལ་བཞུད་ཀྱི་ལམ་ནས་དུས་ལྟར་དམིགས་སར་མ་ཐོན་པ་ནི་ང་ལ་མཚོན་ན་ཐོག་དང་བོ་མིན་ཏེ། འདི་ལ་བཟློག་ཐབས་མེད་པའི་གནམ་གཤིས་ཀྱི་རྒྱུ་རྐྱེན་ཡོད་པར་་མ་ཟད་མི་ཡི་རྒྱུ་རྐྱེན་ཡང་ཡོད་འདུག ཐེངས་ཤིག་ང་རང་ལོའུ་ཐེན་ལ་འགྲོ་དུས། རྒྱང་བཞུད་རླངས་འཁོར་དེ་ཆུ་ནག་མཁར་ཟེར་བའི་ས་རུ་སླེབས་འཕྲལ་ཏག་ཏག་དུས་ཚོད་བཅུ་ཐམ་པར་བཀག་བྱུང་། ཞིང་བ་རྣམས་ཇ་ཤིང་འདེབས་ཡུལ་གྱི་ཞིང་ས་དེ་ས་གནས་ཀྱི་ལུས་རྩལ་ཐང་ཆེན་སྐྲུན་སར་བཀོལ་བར་ཡིད་མ་ཁེངས་པར་འགྲིམ་འགྲུལ་འགག་སྒོ་རུ་ལྷན་དུ་འདུས་ནས་འགྲིམ་འགྲུལ་འགྲོ་འོང་བཅད་དེ། ས་གནས་སྲིད་གཞུང་གིས་ངེས་པར་ཁོ་ཚོར་སེམས་ལ་འཛིན་རྒྱུའི་ཚིག་ཅིག་བཤད་དགོས་ཟེར། ཞིང་བ་དག་འགྲིམ་འགྲུལ་ལམ་ནང་དུ་སྡོད་པའི་རྣམ་པ་ནི་ཐང་སྟོང་གི་མཚན་མོའི་གསོལ་སྟོན་རི་མོ་ཞིག་དང་ཡོངས་སུ་མཚུངས་ཏེ། ཁོ་ཚོའི་ཁྲོད་མི་ལ་ལས་འཁྱག་དར་ཟ་བ་དང་འགའ་རེས་བ་དམ་ལ་སྤོད་ཡ་བྱས་ཏེ་ཆང་རག་འཐུང་བར་བྱེད་ལ། ཁ་ཅིག་གིས་ལ་ཕུག་འཆའ་བ་དང། ད་དུང་སྐོར་ཞིག་གིས་བུར་ཤིང་ཟ་བཞིན་འདུག མཇུག་མཐར་སྲིད་གཞུང་སྡེ་ཁག་ཀྱང་གདོང་དུ་མི་འབུད་ཐབས་མེད་བྱུང་སྟེ་ཐོག་མར་ངག་ཐོག་ནས་ཁོ་ཚོའི་རེ་བ་དང་ལེན་བྱས་པས་ཁོ་ཚོ་ཡང་གཞི་ནས་གཞུང་ལམ་དང་ཁ་གྱེས་པ་རེད། ངའི་སེམས་སུ་སྐབས་དེའི་གནས་ཚུལ་གསལ་བོར་དྲན་གྱིན་འདུག་སྟེ། སྐབས་དེར་ས་གནས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པས་ཁོ་ཚོར་ཁ་རྡུང་བཏང་སྟེ་མྱུར་དུ་གཞུང་ལམ་ལས་གྱེས་པར་སྐུལ་བ་དང་། ཁོ་ཚོས་འདི་ལྟར་བྱས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ཚུལ་བཤད་པ་ན། ཞིང་བ་དག་གིས་བདེན་ཡོད་ཞུམ་མེད་ངང་ནས། འོ་ན་ང་ཚོའི་ཇ་ཤིང་ར་བ་བདག་བཟུང་བྱས་པ་ནི་ཁྲིམས་འགལ་མིན་པ་ཨེ་རེད། སྔོན་ལ་མགོ་ཁྲིད་ཁྲིམས་དང་འགལ་བ་དང་རྗེས་སུ་ང་ཚོ་ཁྲིམས་དང་འགལ་བ་ཡིན་པས། འཛིན་བཟུང་བྱེད་ན་ཡང་ཐོག་མར་ཁོ་ཚོ་འཛིན་བཟུང་བྱེད་དགོས་ཟེར།
ཝུའུ་ཐང་ནི་རྡོ་སོལ་གྱི་ཐོན་ཁུངས་ཡིན་པས། གཏེར་ཁུང་ཧ་ཅང་མང་ཞིང་མཁའ་དབུགས་ལ་ཡང་བཙོག་སྐྱོན་ཐེབས་འདུག སྐབས་དེར་ཏག་ཏག་དགོང་ཁའི་དུས་སུ་སླེབས་འདུག་པས། མེ་འཁོར་གྱི་འཁོར་ཁང་དུ་སྡོད་པའི་འགྲུལ་བ་དག་གིས་སྐད་ཅོར་བརྒྱབ་སྟེ་ཞབས་ཞུ་བ་བོས་ནས་ཁོ་ཚོར་རིན་མེད་ངང་དགོང་ཟས་ལྡུད་དགོས་ཟེར། མེ་འཁོར་གྱི་དྲ་སྒོའི་ཕྱི་རོལ་ཏུ་དངོས་བོ་རྩག་རྩིག་འཚོང་བའི་ཝུའུ་ཐང་གི་བུད་མེད་སྐོར་དང་སྐོར་འདུས་ཟིན་ཞིང་། ཁོ་མོ་ཚོའི་ལུས་ལ་གོང་སླ་ཞིང་སྤུས་ཀ་ཞན་པའི་ཁ་དོག་སྣ་ཚོགས་ཅན་གྱི་ལྭ་བ་གྱོན་འདུག་པ་སྟེ། སྟོད་གོས་ཁྲ་ཁྲ་དང་ཤམ་ཐུལ་དམར་བོ་ལྷམ་མདོག་གློ་ཁ་གྱོན་པའམ། སྟོད་གོས་དམར་སྨུག་དང་དོར་མ་སེར་བོ་གོན་ཏེ་ཁ་དོག་སྣ་ལྔའི་འགྱིག་བཟོས་ཀྱི་མགུལ་རྒྱན་བཏགས་འདུག་པས་བལྟས་མ་ཐག་ཏུ་མེ་བྱ་ཁྱུ་གཅིག་དང་འདྲ་བར་འདུག ཁོ་ཚོས་ཧུར་ཐག་འབད་ཐག་ངང་རླངས་འཁོར་ནང་གི་མི་རྣམས་སར་འབབ་པར་འབོད་སྐད་གཏོང་བཞིན་འདུག ཁོ་མོ་ཚོ་ཚང་མས་རང་རང་མགྲོན་ཁང་གི་མལ་ཁྲི་གཙང་ཞིང་སྐྱིད་པོ་ཡིན་ཚུལ་དང་། ཉིན་གཅིག་ལ་ཟས་ཐུན་གསུམ་སྟེ་གར་སླ་གཉིས་ཀ་ཡོད་ཚུལ། དམར་ཟས་སྔོ་ཟས་བསྡེབས་མར་ཡོད་ཚུལ་སོགས་བཤད་ཀྱིན་འདུག སྐྱེས་པ་འགའ་རེས་ཟས་ཞིམ་པོ་དང་གོས་དྲོན་པོའི་བསླུ་བྲིད་མ་བཟོད་པར་སྔོན་མ་བྱས་ནས་ས་རུ་བབས་སོང་། ང་རང་ཐེ་ཚོམ་ངང་སྡོད་པའི་སྐབས་སུ། འགྲམ་གྱི་འདུག་སྟེགས་སྟེང་དུ་བུས་བར་ནུ་མ་བསྣུན་གྱིན་པའི་བུད་མེད་དེས་ཁ་སྣ་གཅུ་བཞིན་དུ་འགྲམ་དུ་ལྡབ་ལྡིབ་ངང་སྡོད་པའི་སྐྱེས་པར་བཤད་རྒྱུར། མེ་འཁོར་ཡང་སྡོད་མི་ཤེས་པར་ས་སྡུག་འདི་འདྲ་ཞིག་ཏུ་བསྡད་བྱུང་། ཝུའུ་ཐང་འདྲ་བའི་ས་སྡུག་ཅིག་གང་ན་ཡོད། ཚང་མས་བཤད་ན་འདི་རུ་གཏེར་ཁུང་དུ་འཛུལ་བའི་སྐྱེས་པ་མང་བོ་ཤི་སོང་བས། ཝུའུ་ཐང་ན་ཡུགས་ས་མ་ཧ་ཅང་མང་བ་རེད་ཟེར། དངོས་གནས་དེ་འདྲ་རེད་ཨང་། སྟེགས་བུའི་སྟེང་གི་བུད་མེད་གན་དག་ལ་ལྟོས་དང་། སྐྱེ་བ་དུ་མར་སྐྱེས་པ་ཞིག་མཐོང་མ་མྱོང་བ་དང་འདྲ་འདུག་ཟེར་ནས་ཞེན་ལོག་གི་ཚུལ་གྱིས་བུད་མེད་དེ་དག་གི་ཕྱོགས་སུ་ལྟ་ཙམ་བྱས་པ་དང་། དེར་མཐུད་ནས་པང་གི་བུས་བའི་ཁ་ནས་ནུ་མ་ཕྱིར་བླངས་ཏེ་ཁྲོ་ཚུལ་ངང་བཤད་རྒྱུར། ངའི་ནུ་མ་འདི་གཉིས་ཀ་ཡང་ལས་ངན་པས་ཁྱོད་ཕ་བུ་གཉིས་ཀར་འཕྲད་སོང་བ་རེད། ཉིན་མོ་ཆུང་བར་བསྣུན་དགོས་པ་དང་མཚན་མོར་ཆེ་བར་བསྣུན་དགོས་པ་རེད་པས། ངལ་གསོ་ཁོམ་ཙམ་ཡང་མི་འདུག དོ་དགོང་ཁ་ནང་དུ་ནུབ་ཟས་རེག་མིན་ཡང་ཤེས་དཀའ་བས་ལྟས་ངན་འདིས་ང་རང་འཐག་ཏུ་བཅུག་ཐལ་ཟེར། ཁོ་མོའི་པང་གི་བུས་པས་ནུ་མ་ཁ་ནས་བླངས་སོང་བ་ཤེས་ནས་དེ་འཕྲལ་དུ་ཨང་ང་ཟེར་ནས་ངུས་བྱུང་། བུད་མེད་ནི་ཐབས་ཟད་དེ་སླར་ཡང་ནུ་མ་བུས་པའི་ཁ་ནང་དུ་འཇོག་དགོས་བྱུང་སོང་ལ་བུས་བས་ཀྱང་དེ་འཕྲལ་ངུ་མཚམས་བཞག་སྟེ་ནུ་མ་ནུ་བཞིན་འདུག བུད་མེད་ཀྱིས་སྡིགས་མོའི་ཚུལ་དུ། ལྟས་ངན་ཁྱོད། ནར་སོན་རྗེས་བཟང་བོ་ཞིག་མིན་ཐག་ཆོད་ཡིན་འདུག། སུ་ཞིག་ལ་ནུ་མ་ཡོད་ན་དེའི་རྗེས་སུ་འབྲངས་ཏེ་ཨ་མ་ཡང་དགོས་རྒྱུ་མ་རེད་ཟེར།
ཝུའུ་ཐང་ན་ཡུགས་ས་མ་མང་བོ་ཡོད་ཅིང་། ང་རང་ཡང་ཡུགས་ས་མ་ཡིན་པས། བུད་མེད་དེའི་སྐད་ཆས་ང་རང་ས་རུ་འབབ་པར་སེམས་ཐག་གཅོད་དུ་བཅུག་སོང་། ངས་མདུན་སྟེགས་སྟེང་གི་ཇ་ཕོར་དེ་གནས་སྐོར་ཀོ་སྒམ་དུ་བཅུག་རྗེས་གཞི་ནས་མེ་འཁོར་ལས་སར་བབས་པ་ཡིན། ས་ཚིགས་ཀྱི་ཨར་འདམ་སྔོན་པོའི་ཐང་གཅལ་དུ་རྐང་མཐིལ་སྤོས་མ་ཐག་དགོང་ཁའི་ལྷག་ཟེར་ནི་གསེར་མདོག་གི་ལྕག་ཚན་ཞིག་དང་འདྲ་བར་ང་ལ་ནན་ནན་ངང་ཐེངས་གཅིག་གཞུས་སོང་བའི་སྣང་བ་སྐྱེས་བྱུང་། མེ་འཁོར་གྱི་ནང་དུ་འཁོར་སྒམ་གྱི་འགེབས་སྲུང་ཡོད་པས་སྲོད་ཁའི་ལྷག་ཟེར་དེ་དྲ་སྒོ་བརྒྱུད་ནས་ནང་དུ་འཕྲོས་ན་ཡང་ཉི་འོད་ཀྱི་ནུས་བ་གཉོམ་དུ་ཕྱིན་ཏེ་བཙན་དུག་མི་རེག་ན་ཡང་། ཕྱི་རོལ་ཏུ་བབས་མ་ཐག་ལྷག་ཟེར་འོད་རྣོན་ཐོལ་གྱིས་ཕོག་པས་དེ་འདྲའི་ངར་ཤུགས་ཆེ་ཞིང་བཟོད་མི་ནུས་པར་གྱུར་བ་རེད་ཅིང་། འོད་དང་འོད་གཅིག་ཏུ་འདྲེས་ཤིང་འཁྲུག་པའི་ངར་ཁ་དེར་མི་ལ་ལྕག་ཚན་གྱིས་བྲབས་པ་ལྟ་བུའི་ཚ་ཤུགས་ལྡན་པ་རེད།
བུད་མེད་ཀྱི་དཔུང་བ་བདུན་བརྒྱད་ཙམ་གྱིས་ང་རང་འཐེན་རེས་བྱས་སོང་ལ། ཁོ་མོ་ཚོའི་དམིགས་ཡུལ་ནི་ང་རང་སོ་སོའི་མགྲོན་ཁང་དུ་ཕེབས་བསུ་བྱེད་པ་ཡིན་འདུག་ཀྱང་། ངས་ནི་ཆེད་དུ་ཕ་རོལ་གྱི་ལན་ཀན་ལྗང་ཁུའི་གན་དུ་གཅིག་པུར་ལག་པ་མཆན་བསྣོལ་བྱས་ནས་བསྡད་ཡོད་པའི་བུད་མེད་དེ་བདམས་པ་ཡིན། ཁོ་མོས་ཀྱང་བུད་མེད་གཞན་དག་དང་འདྲ་བར་འཕྱོར་སྤྲས་བྱས་ཡོད་པ་སྟེ། དོར་མ་ལྗང་ཁུ་མེ་ཏོག་ཁམ་པ་ཅན་ཞིག་དང་སྟོད་གོས་གློ་ཁ་རི་མོ་སེར་བོ་ཅན་དཔུང་ལོ་ཞིག་གོན་ཡོད་འདུག་པ་དང་། མགོ་སྐྲར་ཡང་ཚ་གཅུན་བྱས་མྱོང་འདུག་ཀྱང་བདག་དོམ་གྱིས་མ་འདང་བས་ཟིང་ལོང་ངེར་གྱུར་འདུག་པའི་ཁར། ད་དུང་སྐྲ་སྟེང་དུ་སྲིང་བལ་དཀར་ལིང་ངེར་འདུག་པར་བལྟས་ན། ཁོ་མོས་ད་སྔོན་ཏག་ཏག་ཏུ་སྲིང་བལ་གྱིས་ལས་ཀ་ལས་པ་ཡིན་པ་རྟོགས་ཐུབ། ཁོ་མོ་ངོ་མདོག་དམར་ནག་ཏུ་སྣང་ཞིང་སྐྱི་མོ་རྩུབ་ཤས་ཆེ་བ་དང་། མིག་སྐྱི་མཐུག་ཅིང་སྣ་གདོང་རྐོ་ལ། མིག་ཟུང་གི་བར་ཐག་ནི་མི་གཞན་ལས་ཞེང་ཆེ་བར་སྣང་བར་མ་ཟད་མཆུ་སྒྲོས་དམར་ཞིང་འཇམ་པར་འདུག ཁོ་མོའི་དམར་ཞིང་འཇམ་པའི་མཆུ་སྒྲོས་ཀྱང་དེ་འདྲའི་མིག་ལ་གཟན་པ་ཞིག་མི་འདུག་པས། བལྟས་མ་ཐག་ཏུ་སྐག་ཚོས་བསྐུས་པ་མ་ཡིན་པར་ཤ་གཏིང་ནས་བརྡོལ་བའི་རང་བྱུང་གི་གཟི་མདངས་ཤིག་ཡིན་པ་རྟོགས་ཐུབ། ང་རང་མི་ཚོགས་ལས་ཐར་ཐབས་བྱས་ཏེ་ཐད་ཀར་ཁོ་མོ་བསྙེགས་ནས་འགྲོ་སྐབས། ཁོ་མོས་ཀྱང་ང་ལ་བལྟས་ནས་དགོད་བཞིན་དུ། ངེད་ཚང་གི་མགྲོན་ཁང་ནས་འདུག་རྒྱུ་ཡིན་ནམ། ངེད་ཚང་གི་མགྲོན་ཁང་ནི་ཚད་མཐོ་ཤོས་ཅན་མིན་ན་ཡང་གཙང་སྦྲ་ཧ་ཅང་བཟང་བོ་ཡོད་ཟེར། ངས་ཀྱང་ཁོ་མོར་དེ་འདྲ་ཡིན་པས་ཆོག་འདུག་ཅེས་བཤད། བུད་མེད་དེས་ད་དུང་བཤད་རྒྱུར། ང་ལ་ཞག་སྡོད་ཀྱི་འཛིན་བྱང་སྟེར་རྒྱུ་མེད་ཟེར། ངས་ཀྱང་ང་ལ་འཛིན་བྱང་མཁོ་དགོས་མེད་ཅེས་བཤད། ཁོ་མོས་གཞི་ནས་ངའི་གནས་སྐོར་ཀོ་སྒམ་ཕར་བླངས་ཏེ་ང་རང་ཁྲིད་ནས་ཚིགས་མལ་དང་གྱེས་པ་རེད།
ཝུའུ་ཐང་གི་ས་ཚིགས་མདུན་གྱི་ཐང་ཆེན་ནི་ངས་མཐོང་བའི་འཇིག་རྟེན་ཐོག་གི་འགྲིམ་འགྲུལ་ཡོ་བྱད་ཆེས་སྣ་མང་རྙོག་འཛིང་ཅན་ཡིན་པའི་ས་ཁུལ་རེད། དེ་གར་སྟོད་ནས་སྨད་དུ་འགྲོ་བ་དང་སྨད་ནས་སྟོད་དུ་མངགས་པའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཡོད་པ་དང་། ཞཱ་ལེ་རྟགས་ཅན་གྱི་གླ་གཏོང་རླངས་འཁོར། ཞིང་སྤྱོད་རྐང་གསུམ་འཁོར་ལོ་དང་རྐང་བསྐོར་མིས་འདྲུད་འཁོར་ལོ་སོགས་ཡོད་པར་མ་ཟད། བསམ་ཡུལ་ལས་འདས་པ་ཞིག་ལ་ད་དུང་རྟ་དང་བོང་བུར་བརྒྱབ་པའི་ཤིང་རྟ་འགའ་ཡང་འགྲམ་ཞིག་ཏུ་བསྟར་ནས་བསྡད་འདུག རིགས་མི་གཅིག་པའི་འཕྲུལ་ཆས་འཁོར་ལོའི་རིགས་ཀྱིས་ཕྱིར་གཏོང་བ་དབུགས་རླངས་ཡིན་པ་དང་རྟ་དང་བོང་བུ་བརྒྱབ་པའི་ཤིང་རྟ་དག་གིས་ཕྱིར་གཏོང་བ་ནི་སྦངས་ལུད་ཡིན་པ་རེད།
བུད་མེད་དེས་སྣ་ཆུ་འབྱིད་ཙམ་བྱས་རྗེས་། ང་རང་ཁྲིད་ནས་ནུབ་བྱང་གི་གྲུ་གར་ཡོད་པའི་བོང་བུ་བརྒྱབ་པའི་ཤིང་རྟ་དེའི་གན་དུ་སོང་། ཤིང་རྟའི་སྟེང་དུ་ལོ་ན་བརྒྱད་དགུར་སོན་པའི་བྱིས་པ་རིད་པོ་ཞིག་གིས་མགོ་བོ་དགྱེ་ནས་གནམ་ངོར་ཅེར་ནས་བསྡད་འདུག བུད་མེད་ཀྱིས་སྐད་བརྒྱབ་སྟེ། ཟན་ཧྲིན། འགྲུལ་བ་འདུག་པས་ང་ཚོ་ཕྱིར་ཡུལ་དུ་འགྲོ་བར་བྱ་ཟེར། མིང་ལ་ཟན་ཧྲིན་ཟེར་བའི་བྱིས་པ་དེས་གཞི་ནས་མགོ་བོ་མར་ཕབ་སྟེ་རྒྱུས་མེད་ངང་ང་ལ་བལྟས་འདུག ཁོས་པུས་མོའི་ཐོག་གི་ཤ་སྐྱི་ཕྱིར་མངོན་འདུག་པའི་དོར་མ་སྔོན་པོ་སྙེར་བོ་ཞིག་དང་རི་མོ་དཀར་སེར་ཅན་གྱི་རྔུལ་ལེན་ཞིག་གོན་འདུག་ཅིང་། ངོ་གདོང་སྔོ་ཞིང་རིད་པ་དང་སྣ་གདོང་ཆུང་ཞིང་ཐུང་ལ། འཇག་མ་ལྟར་ཕྲ་ཞིང་རིང་བའི་མིག་ཟུང་ལས་ཁོའི་ན་ཚོད་དང་མི་རན་པའི་སྐྱོ་སྣང་རིགས་ཤིག་ཕྱིར་མངོན་འདུག བུད་མེད་ཀྱིས་ཀོ་སྒམ་ཤིང་རྟའི་ནང་དུ་བཞག་རྗེས། བལྟབས་ནས་ཡོད་པའི་ཕྱིང་གདན་ཞིག་བཏིང་ནས་ང་རང་དེའི་སྟེང་དུ་སྡོད་ཟེར། ཟན་ཧྲིན་གྱིས་དེ་འཕྲལ་བོང་བུའི་འཕོངས་ངོས་སུ་ལག་པས་རྡེབ་ཙམ་བྱས་ཏེ་། རྩྭ་ཤོག ད་འགྲོ་བྱ་ཟེར། ཕར་བལྟས་ན་རྩྭ་ཤོག་ཟེར་བ་ནི་བོང་བུའི་མིང་ཡིན་འདུག
རྩྭ་ཤོག་གིས་མི་གསུམ་དང་ཀོ་སྒམ་དྲུད་ནས་མཁར་གྲོང་ནུབ་ཕྱོགས་སུ་ཁ་གཏད་ནས་དལ་དལ་ངང་བུད་སོང་། ངས་བུད་མེད་དེར་སྐར་མ་ག་ཚོད་ལ་འགྲོ་དགོས་པ་དྲིས་པ་ན། བུད་མེད་དེས་བོང་བུས་ནར་འགྱངས་བྱས་ཚེ་སྐར་མ་ཉི་ཤུར་བསྐྱོད་དགོས་ཀྱིན་འདུག་མོད། ཁོ་རང་འཐད་པོ་ཡོད་པའི་སྐབས་སུ་སྐར་མ་བཅུ་ཙམ་གྱིས་སླེབས་འགྲོ་ཟེར། ངས་རྩྭ་ཤོག་དལ་མེད་བྲེལ་མེད་ངང་འགྲོ་བའི་ཚུགས་ཀར་བལྟས་པ་ན་སྐར་མ་བཅུ་ཙམ་གྱིས་ཐོན་འགྲོ་བའི་རེ་བ་གཏན་ནས་མེད་པ་རྟོགས། འོན་ཀྱང་རྩྭ་ཤོག་ཀྱང་སྒྱིད་ལུག་ནར་འགྱངས་བྱེད་མཁན་ཞིག་གཏན་ནས་མིན་པར་སྣང་སྟེ། ཁོས་ཤར་ལྟ་ནུབ་ལྟ་མི་བྱེད་པར་སྔོན་དུ་འགྲོ་རྐྱང་བྱེད་མོད་གོམ་འགྲོས་ཅུང་དལ་བ་དེ་རེད། དེ་ནི་ཁོ་རང་ད་ལྟ་ན་སོ་མཐོ་བས་མིན་ཚེ་ད་སྔོན་ཏག་ཏག་ཏུ་ལས་ཀ་གཞན་དག་ལས་ཏེ་ཐང་ཆད་པས་ཡིན་ཚོད་འདུག ངོ་མ་བཤད་ན་ས་ཆ་རྒྱུས་མེད་ལ་སླེབས་ཚེ་ང་རང་འདི་ལྟར་དལ་མེད་བྲེལ་མེད་ཀྱི་འགྲོས་ལ་དགའ་བ་ཡིན་ཏེ། འདི་ལྟར་སོང་ན་ངས་སྔར་བས་ཞིབ་ཕྲའི་ངང་གནས་དེའི་རང་བྱུང་རྣམ་པ་ཉམས་སུ་མྱོང་ཐུབ་པར་འདུག དེ་བས་ངའི་སེམས་ལ་བྱ་གླག་གིས་གྲོང་བརྡལ་ཞིག་ལ་རྒྱུས་ལོན་བྱས་པ་ནི་གྲོག་མ་ཞིག་ལ་གཏན་ནས་འགྲན་མི་ནུས་ཏེ། བྱ་གླག་གིས་སྟོང་དབྱིངས་བརྒྱུད་ནས་གྲོང་བརྡལ་བརྒལ་སྐབས་མིག་ལམ་དུ་སྣང་བ་ནི་མཁར་གཞིས་ཆུང་ཆུང་ཙམ་ལས་མ་ཡིན་མོད། ཡིན་ན་ཡང་གྲོག་མས་དཀའ་བ་ཁྲི་ཕྲག་གིས་གོག་བགྲོད་བྱས་པའི་བརྒྱུད་རིམ་ཁྲོད་ནས་གྲོང་བརྡལ་ཆུང་ངུ་ལ་རྒྱུས་ལོན་གསལ་རྟོགས་བྱ་ཐུབ། ཁོས་ཞོགས་པའི་ཉི་ཟེར་དུས་ནམ་ཚོད་ཨར་འདམ་གྱི་རྩིག་པ་སྔོན་པོའི་སྟེང་དུ་ཕོག་ངེས་པ་རྟོགས་པར་མ་ཟད། ཟམ་འོག་གི་ཆུ་བོའི་ནང་དུ་དུས་ནམ་ཞིག་ལ་སྡོང་ལོ་རྙིད་པོ་ལྷུང་ངེས་པ་ཤེས་ལ། མེ་ཏོག་རིགས་གང་ཞིག་གིས་ཕྱེ་ལེབ་རིགས་གང་ཞིག་འགུགས་མཁས་པ་ཤེས་པ་དང་། སྐྱེས་པ་སུ་ཞིག་ནི་ཆང་འཐུང་རྒྱུར་དགའ་བོ་ཡོད་པ་དང་སྐྱེས་མ་སུ་ཞིག་གླུ་ལེན་པར་མཁས་ཚུལ་སོགས་ནོར་མེད་དུ་རྟོགས་པ་ཡིན་པས། ངས་ནམ་ཡང་གྲོག་མ་ལ་དགའ་མགུ་ཡི་རངས་བྱེད་ཀྱིན་ཡོད། མིའི་རིགས་ཀྱི་གདུག་རྩུབ་ངང་རྡོག་པས་མ་བརྫིས་ན་ཁོ་ཚོ་ནི་ནམ་ཡང་ལྷོད་བདེ་བག་ཡངས་ཀྱི་ལྷ་ཞིག་ཡིན་པས། ང་རང་ཡང་དེ་དང་དེ་འདྲ་བའི་གྲོག་མ་ཞིག་བྱེད་འདོད་ཡོད།
ཝུའུ་ཐང་གི་ཁ་དོག་ནི་སྐྱ་བོ་དང་སེར་བོ་འདྲེས་མ་ཡིན་འདུག ཐོག་ཁང་ཡོད་ཚད་ཀྱི་ཕྱིའི་རྩིག་པ་ཡོངས་རྫོགས་ས་མདོག་སེར་བོར་བསྒྱུར་འདུག་ཅིང་། སྤྱིར་བཏང་གི་ཁང་ལེབ་དག་ནི་མདོག་སྐྱ་བོ་ཡིན་འདུག ནངས་དགོང་གི་ཉི་ཟེར་ནི་སེར་བོ་དང་སྐྱ་བོའི་བར་ནས་ཡར་འཛེགས་མར་འབབ་བྱས་པ་ཡིན་པས། ཁ་དོག་སྐྱ་བོ་དྲོད་ཁོལ་ཅན་དུ་བསྒྱུར་བ་དང་ཁ་དོག་སེར་བོ་བཀྲག་མདངས་ཅན་དུ་བསྒྱུར་འདུག སྲང་ལམ་དག་ཏུ་སྡོང་རྒན་ཆེན་པོ་མཐོང་རྒྱུ་མེད་པར་བལྟས་ན་འདི་གའི་མི་དག་གིས་ལྗང་མདོག་ལ་ཡིད་འཇོག་བྱས་པ་ནི་ཉེ་བའི་ལོ་འདི་འགའི་རིང་གི་དོན་དག་ཡིན་པར་སྣང་། དེའི་རྐྱེན་གྱིས་སྡོང་བོ་ཡོངས་རྫོགས་དམའ་ཞིང་ཕྲ་བ་དང་ཡུན་རིང་གི་ལོ་རྒྱུས་ལྡན་པ་ལྟ་བུའི་སྡོད་ཁང་ནི་ཕན་ཚུན་འགལ་ཟླར་གྲུབ་ཡོད་པ་ལྟར་སྣང་། ད་ལྟ་ལས་གྲོལ་བྱས་མ་ཐག་པའི་སྐབས་ཡིན་པས་ལམ་ནང་དུ་འགྲོ་འོང་བྱེད་པའི་མི་ཧ་ཅང་མང་། བུད་མེད་འགའ་རེས་སྔོ་ཚོད་གཟེབ་རེ་གྲུ་ཁུག་ཏུ་བཟུང་ནས་བྲེལ་སྟབས་ཀྱིས་ལམ་དུ་བགྲོད་ཅིང་། བགྲེས་པོ་འགའ་རེས་ལག་པ་ཡ་གཅིག་གིས་སློབ་གྲོལ་བྱས་པའི་བྱིས་པ་དག་ཁྲིད་ཅིང་ཡ་གཅིག་ཏུ་སྒྲ་སྡུད་འཕྲུལ་ཆས་ཆུང་ངུ་རེ་ཁྱེར་ནས་དལ་ལྷོད་ལྷོད་ངང་འགྲོ་བཞིན་འདུག བརྙན་སྡུད་གཏོང་ཁང་ཞིག་གིས་སྦྱར་བའི་བརྡ་སྦྱོར་ནི་ཕོ་མོ་ཟུང་གཅིག་གིས་ཆགས་སྲེད་དྲག་པོས་འོ་སྦྱོར་བྱེད་པའི་རི་མོ་རེད་ལ། ཆང་ཁང་གི་སྒོ་བྱང་གཞན་ལས་གཟེངས་སུ་བསྒྲེངས་འདུག་པ་དང་སྐྲ་བཞར་ཁང་གི་མདུན་རོལ་གྱི་སྟེགས་བུའི་སྟེང་དུ་སྐྱེས་པ་འགུགས་པའི་མགོ་སྐྲ་སེར་བོར་བསྒྱུར་བའི་ན་ཆུང་མ་འགས་ལག་པ་དཀུ་ལ་བརྟེན་ནས་འདུག་ཅིང་། རྣམ་པ་འདི་དག་ནི་གྲོང་ཁྱེར་གྱི་འཚོ་བ་དང་ཁྱད་པར་ཆེན་པོ་མེད་པར་གྲོང་ཁྱེར་གྱི་འཚོ་བ་ཉིང་བསྡུས་ཀྱི་ཚུལ་དུ་མངོན་པར་སྣང་ལ། རང་བཞིན་ཡང་དེ་བས་རྩུབ་དྲག་ཆེ་བ་དང་སྤོབས་པ་ཆེ་བའི་ཚུལ་དུ་གྱུར་ཡོད་པར་སྣང་། དེ་བས་མགྲོན་ཁང་ཞིག་གི་སྒོ་བྱང་སྟེང་དུ་མངོན་སུམ་འཛེམ་མེད་ངང"ན་ཆུང་བུ་མོའི་རྩེད་གྲོགས་ཡོད་ཅིང་རིན་གོང་ངོ་ཐུག་གིས་གཏམས་ཆོག"ཅེས་པའི་ཡི་གེ་ཡང་བྲིས་འདུག གྲོང་ཁྱེར་གྱི་མགྲོན་ཁང་ཆེན་མོ་དག་ཏུ་དེ་ལྟ་མ་ཡིན་པར་ཚུར་ཡོང་ཞབས་ཞུ་ནི་སྡོད་ཁང་གི་ཁ་པར་ལས་འབྲེལ་གཏུགས་བྱེད་པ་ཡིན་པས་ ཉོ་ཚོང་གི་གོ་རིམ་ཧྲིལ་བོ་ཡང་སུས་ཀྱང་མི་ཚོར་བར་ཧ་ཅང་སྟབས་བདེ་ཡིན།
རྩྭ་ཤོག་ནི་མཁར་གྲོང་ལས་ཕྱིར་བུད་དེ་མདུན་དུ་བསྐྱོད་ཀྱིན་འདུག རིམ་བཞིན་དུ་མི་དང་འཁོར་ལོའི་རིགས་ཀྱི་འགྲོ་འོང་ཇེ་ཉུང་དུ་གྱུར་འདུག དགོང་ཁའི་ཉི་མའི་ལྷག་ཟེར་ཉམས་ཞན་དུ་གྱུར་ཏེ་འོད་ཀྱི་ཉག་མ་མཐའ་ནས་བསྡུ་གྱིན་འདུག མཁྲིག་མའི་ཆུ་ཚོད་འཁོར་ལོའི་མདའ་རྟགས་དེ་སྐར་མ་ཉི་ཤུ་ལས་ཕར་ཡོལ་བར་གྱུར་ཀྱང་ཤིང་རྟ་སྔར་བཞིན་དུ་གང་ནུས་ངང་མདུན་དུ་བསྐྱོད་པར་བྱེད། ངས་ཀྱང་བུད་མེད་དེས་ང་ལ་རྫུན་བཤད་སོང་བ་ལོས་རྟོགས་ཏེ། བོང་བུ་གང་ནུས་ཅི་ལྕོགས་ཀྱིས་སོང་ཡང་སྐར་མ་བཅུ་ལྷག་གིས་ཐོན་པར་དཔེ་མི་སྲིད་པར་འདུག བུད་མེད་ཀྱིས་ངས་འཚེར་སྣང་དང་ལེ་བདའ་ཅི་ཡང་བྱས་མ་སོང་བ་མཐོང་ནས་དེ་ལས་ལྡོག་སྟེ་དོགས་མི་བདེ་བར་གྱུར་སོང་། ཁོ་མོས་བཤད་ན། རྩྭ་ཤོག་གིས་ད་ནངས་སྔ་མོར་དུས་ཚོད་གཉིས་ཀྱི་རིང་ལ་རང་འཐག་བསྐོར་བས་ཐང་ཆད་དེ་སོང་བ་ཧ་ཅང་དལ་འདུག་ཟེར། ངས་ཁོ་མོར་བོང་བུས་རང་འཐག་འཐགས་ཏེ་སྲན་ཕྱུར་ལས་པ་ཡིན་ནམ་བག་ལེབ་ལས་པ་ཡིན་ཞེས་དྲིས་པ་ན། བུད་མེད་དེས་སྲན་ཕྱུར་ལས་པ་ཡིན་ཟེར། དེར་མཐུད་ནས་ཁོ་མོས་ང་ལ་ཁོང་ཚང་གི་མགྲོན་ཁང་དུ་སྡོད་མཁན་ནི་རྒྱུས་ཡོད་ཀྱི་འགྲུལ་བ་ཤ་སྟག་ཡིན་ཞིང་། མགྲོན་པོ་རྙིང་བ་དེ་དག་སྲན་མའི་བྲོ་བ་མྱང་རྒྱུར་དགའ་ཚུལ་བཤད་བྱུང་། ངས་ཀྱང་ཁོང་ཚང་གིས་སྲན་ཕྱུར་ཁང་དང་མགྲོན་ཁང་གཉིས་ཀ་གཉེར་གྱིན་པ་རྟོགས་པས་ཁོ་མོས་ཞོར་ལས་བསྒྲུབ་པ་རྒྱ་ཆེན་པོ་རེད་ཅེས་བསྟོད་ར་བྱས། བུད་མེད་དེ་ན་རེ། རྒྱ་ཆེ་རྒྱུ་ཅི་ཞིག་ཡོད་དམ། ཁང་བ་ཆུང་ངུ་ཞིག་གི་མདུན་ཁང་མགྲོན་ཁང་བྱས་པ་དང་ཕུག་ཁང་སྲན་ཕྱུར་ཁང་བྱས་ཏེ་ཇ་ཚྭ་ཁུ་ཉོ་སྤྱད་ཅིག་འཚོལ་བ་དེ་ཡིན་ཟེར། ངས་གན་གྱི་བྱིས་པ་དེ་བསྟན་ནས་བུད་མེད་དེར། འདི་ནི་ཁྱོད་ཀྱི་བྱིས་པ་ཡིན་ནམ་ཞེས་དྲིས་པ་ན། བུད་མེད་དེས་ལན་དུ། ཁོ་ནི་སྲུ་མོ་ཅཱང་པེ་ཡི་བྱིས་པ་རེད། ཁོང་ཚང་དང་ངེད་ཚང་ནི་ཁྱིམ་མཚེས་ཡིན། ངའི་བུ་ནི་ཁོའི་ལོ་ཚོད་ཀྱིས་ག་ལ་ཚད། ང་རང་ལོ་བཅོ་བརྒྱད་ཐོག་ཏུ་ལྐོག་ཏུ་གཉེན་སྒྲིག་བྱས་པ་ཡིན་པས། ངའི་བུ་ཡིས་ཧྲིན་དབྱང་དུ་སློབ་ཆེན་འགྲིམས་ཀྱིན་ཡོད་ཟེར། ཁོ་མོས་སྐད་ཆ་དེ་བཤད་དུས་སྐད་གདངས་ལ་གཟི་སྤོབས་ཀྱི་གདངས་ཤིག་ཐོན་འདུག དེར་རྐྱེན་བྱས་ཏེ་ངའི་སེམས་ནི་ཅུང་ཕམ་པར་གྱུར་སོང་། ང་དང་སྒྱུ་འཕྲུལ་མཁན་པོ་གཉིས་ལ་བྱིས་པ་མེད། གལ་ཏེ་ཡོད་པའི་དབང་དུ་བྱས་ན་སྡོང་བོ་བཅད་པའི་རྗེས་སུ་དེའི་རྩད་པར་བསྐྱར་དུ་འབུས་པའི་ཡལ་ག་ལས་སྡོང་རྒན་གྱི་རྣམ་པར་རྟོག་བཟོ་བྱེད་ཐུབ་པ་བཞིན་དུ་བྱིས་པའི་ལུས་སྟེང་ནས་ཀྱང་ཁོང་གི་སྣང་བརྙན་བཙལ་ཀྱང་ཆོག་པ་རེད།
ཤིང་རྟ་ནི་སྐྱ་ཞིང་སེར་བའི་ས་ལམ་ཞིག་གི་སྟེང་དུ་གཞི་ནས་འགྲོ་མཚམས་བཞག་བྱུང་། མཁའ་དབུགས་ཀྱང་རབ་རིབ་ཏུ་གྱུར་འདུག དེ་ནི་སོ་ཕག་སྔོན་པོའི་ཁང་ལེབ་དམའ་མོ་ཞིག་རེད་ཅིང་སྒོ་མདུན་དུ་ར་སྐོར་ཆུང་ངུའི་ནང་དུ་གོ་རིམ་མེད་པར་མེ་ཏོག་གི་རིགས་སྣ་ཚོགས་བཏབ་འདུག ལམ་འགྲམ་དུ་ལམ་བྱང་ལྟ་བུའི་བྱང་བུ་སྔོན་པོ་ཞིག་བསླངས་པའི་ཐོག་ཏུ་ཡི་གེ་དམར་བོས"སྲན་ཕྱུར་མགྲོན་ཁང"ཞེས་བྲིས་འདུག བུད་མེད་ཀྱིས་བྱིས་པ་དེར་བོང་བུའི་གཉའ་ཤིང་ལེན་དུ་བཅུག་ནས་ཆུ་ལྡུད་དུ་མངགས་རྗེས། ཁོ་མོས་འགྱིག་སྒམ་ཁྱེར་ཅིང་ངའི་ལམ་སྣ་དྲངས་ནས་ཁང་བའི་ནང་དུ་སོང་།
ཁང་བའི་ནང་དུ་འཁྱགས་ཤིང་ནག་འཐིབས་བེར་འདུག་པས་ཁང་རྙིང་ཞིག་ཡིན་པ་འདྲ་ལ། མཁའ་དབུགས་ཀྱི་ཁྲོད་དུ་སྲན་དྲི་ཞིམ་པོ་ཞིག་གིས་ཡོངས་སུ་ཁེངས་འདུག སྡོད་ཁང་ནི་ངས་སྔོན་དཔག་བྱས་པ་ལས་བཟང་བོར་འདུག་སྟེ། རྨིད་གྲུ་བཞི་མ་བདུན་བརྒྱད་ཀྱི་ས་ཁོད་ཅུང་དོག་པ་ལྟར་སྣང་ཡང་མལ་ཆས་བཏིང་བ་གཙང་ཞིང་གྲལ་དག་པ་དང་། དྲ་མའི་མདུན་དུ་ཅོག་ཙེ་དང་འདུག་སྟེགས་བཞག་ཡོད་ཅིང་། མལ་ཁྲིའི་གཤམ་དུ་འདྲུད་ལྷམ་དང་ལུད་ཕོར་བཞག་འདུག ཁྲུས་ཁང་མེད་པའི་དབང་གིས་སྒོ་རྒྱབ་ཏུ་ཀ་ཏོ་རའི་སྒྲོམ་སྟེགས་ཤིག་བཞག་འདུགཁང་བའི་རྩིག་ངོས་དཀར་ཆ་དོད་ཅིང་ལྡེབས་ངོས་སུ་ཟླ་ཐོ་ཞིག་བཀལ་ཡོད་པ་ལས་གཞན་པའི་མཛེས་སྤྲས་ཅི་ཡང་བྱས་མེད་པས་བབ་ཆགས་གྲལ་དག་ཏུ་འདུག་པར་མ་ཟད། དྲ་ཡོལ་ཡང་རྒྱུན་མཐོང་གི་གློ་ཁ་དང་ལྗང་ཁུ་སོགས་མ་ཡིན་པར་ངུར་སྨྲིག་གི་མདོག་ཏུ་འདུག་པས། བུད་མེད་འདིས་ཁང་བར་མཛེས་སྤྲས་བྱེད་པའི་ཐད་མོ་རང་ཉིད་ལ་མཛེས་སྤྲས་བྱེད་པ་ལས་ཀྱང་འཇོན་ཐང་ལྡན་པར་འདུག
བུད་མེད་ཀྱིས་བཤད་ན། འདི་ནི་མི་གཅིག་སྡོད་ས་ཅན་ཡིན་པས་ཞག་རེར་སྒོར་སུམ་ཅུ་ཡིན། སྤྱོད་ཁང་ནི་སྲང་ལམ་གྱི་ཁ་གཏད་དུ་ཡོད། དགོང་མོ་གཅིན་པ་གཏོང་དགོས་ཚེ་ལུད་ཕོར་ཡོད། ཟ་མ་ནི་འདི་གར་ཟོས་ཀྱང་ཆོག་ལ། རྒྱ་སྲང་གི་ཟ་ཁང་ཆུང་བའི་ནང་དུ་སོང་ནས་ཟོས་ཀྱང་ཆོག ཐག་ཉེ་འདིར་ཟ་ཁང་ལྔ་དྲུག་ཙམ་ཡོད་ཅིང་རང་རང་སོ་སོར་ཐུན་མིན་གྱི་བྲོ་བ་ཡོད་ཟེར། ཁོ་མོས་ད་དུང་ང་ལ་མིང་ལ་རྒྱུ་མ་དྲོན་པོ་ཟེར་བའི་ཆང་ཁང་ཞིག་མཚམས་སྦྱོར་བྱས་ཤིང་ཁྱིམ་ཚང་འདིས་སྲན་ཕྱུར་ཉ་མགོ་མ་བསྲེགས་པ་ཧ་ཅང་བཟང་ཟེར། ཁོ་མོས་ཞི་དུལ་འཛུམ་དམུལ་ངང་ང་ལ་ཁ་ངོ་བཀྲུ་བྱེད་ཀྱི་ཆུ་དྲོད་འཇམ་ཞིག་ཁྱེར་ནས་ཐོན་བྱུང་། ངས་གང་བྱུང་ངང་འཁྲུ་ཤད་སྟབས་བདེ་ཞིག་བྱས་རྗེས་སྒོར་བུད་དེ་རྒྱུ་མ་དྲོན་པོའི་ཆང་ཁང་འཚོལ་དུ་སོང་།
གནམ་མདོག་སྔར་བས་ཀྱང་རབ་རིབ་ཏུ་འགྱུར་གྱིན་འདུག གྲོང་བརྡལ་ཆུང་བ་འདི་ཉིད་ནི་ཇ་ལོ་ཁ་མོ་ཞིག་བསྒྲུངས་པ་ལྟར་ཧ་ཅང་གཏིང་རིང་བའི་རྙིང་མདོག་ཅིག་ཤར་འདུག ཆང་ཁང་གི་སྒོ་བྱང་ཡོངས་རྫོགས་མདོག་དམར་བོ་ཡིན་འདུག ཁོ་ཚོ་ཚང་མ་གཅིག་མཐུན་མ་ཡིན་པར་ལ་ལས་བྱང་བུ་སྒོ་ཐོག་ཏུ་དམའ་མོར་བཀལ་ཡོད་པ་དང་འགའ་རེས་བྱང་བུ་གྱེན་ཤིང་གིས་མཐོ་རུ་བཏེགས་ཏེ་བསྒྲེངས་འདུག ནང་དུ་རྡོ་ཐལ་དྲུད་པའི་ཟོག་སྐྱེལ་རླངས་འཁོར་ཞིག་ཁ་ངོ་རྡུལ་གྱིས་ཁེངས་བཞིན་ཤར་བགྲོད་བྱས་འོང་ལ། དེར་མཐུད་ནས་རྙིང་ཞིང་འཐོར་ཞིག་ཏུ་འགྲོ་ལ་ཉེ་བའི་འགྲུལ་བཞུད་རླངས་འཁོར་ཆུང་བ་ཞིག་སྤྲང་བོ་ཞིག་དང་འདྲ་བར་ཐལ་རྡུལ་དྲེག་པ་གདོང་ལ་བྱུགས་ཏེ་ཕྲག་ཟུར་བརྒྱུད་ནས་ཕར་བུད་སོང་། དེར་མཐུད་ནས་ལོ་ན་ཆེ་བའི་རྒད་མོ་ཞིག་གིས་ལག་འདེད་ཤིང་རྟ་ཞིག་དེད་དེ་ཐོན་བྱུང་། ཤིང་རྟའི་ནང་དུ་ཤིང་ཏོག་གི་རིགས་མང་བོ་བཞག་འདུག་པས་བལྟས་མ་ཐག་ཏུ་ཤིང་ཏོག་བཤམས་འཚོང་བྱེད་མཁན་ཞིག་ཡིན་པ་ཤེས་ཐུབ། ངས་ཁོ་མོར་རྒྱུ་མ་དྲོན་པོའི་ཆང་ཁང་གང་དུ་ཡོད་ཚུལ་དྲིས་པ་ན། ཁོ་མོས་ཕྱིར་ལྡོག་གིས་ཤིང་ཏོག་ཉོ་རྒྱུ་ཡིན་མིན་དྲིས་བྱུང་། ངས་མི་ཉོ་ཞེས་བཤད་པས། ཁོ་མོས་ཁ་གཅུ་བཞིན་དུ་འོ་ན་རང་ཉིད་སོང་ལ་ཚོལད་ཅིག་ཟེར། ང་རང་དགོད་བཞིན་དུ་ཤིང་ཏོག་རྒྱ་མ་དོ་ཉོས་པས་ཁོ་མོས་ཀྱང་གཞི་ནས་དྲང་བོར་བཤད་སོང་། རྒྱུ་མ་དྲོན་པོའི་ཆང་ཁང་ནི་མདུན་ཕྱོགས་ཀྱི་རྨིད་ཉིས་བརྒྱའི་མཚམས་སུ་ཡོད་ཅིང་ཚོང་ཟོག་སིལ་མའི་ཚོང་ཁང་གི་གྲལ་མཚེས་ཡིན། འོན་ཀྱང་བྱང་བུའི་ཐོག་གི་རྒྱུ་མ་དྲོན་པོའི་རྒྱུ་ཡི་ཞབས་ཀྱུ་ནི་ད་ལྟ་ཁུག་རྟའི་ཚང་མལ་བཟོས་ཏེ་རྒྱ་གཅིག་པུ་ལས་མཐོང་མི་ཐུབ་པས་བལྟས་མ་ཐག་རྒྱ་མ་དྲོན་པོ་ཞེས་པར་གྱུར་ཡོད་ཟེར།
ངས་སིལ་ཏོག་ཁྱེར་ཏེ་རྒྱུ་མ་དྲོན་པོའི་ཆང་ཁང་བཙལ་བའི་སྐབས་སུ། གློ་བུར་དུ་མདུན་ཕྱོགས་ནས་ཁྱི་རྒན་ཉམས་ཤོར་ཞིག་འགྲོ་བཞིན་པ་མཐོང་བྱུང་ལ། དེའི་ཤ་ཟད་དེ་རུས་པར་ཐུག་འདུག་པར་བལྟས་ན་ཁྱི་ལྡོམ་བདག་མེད་ཅིག་ཡིན་པ་འདྲ། ངས་ཤིང་ཏོག་ཅིག་བླངས་ནས་མདུན་དུ་འཕངས་པ་ན་ཁོས་གང་ནུས་སྒོས་སྡེར་མོས་བཀག་ཅིང་སྣོམ་སྣོམ་འགའ་བྱས་རྗེས་ཁ་ནང་དུ་བཟུང་ནས་ལམ་འགྲམ་དུ་ཕྱིན་ཞིང་། དེ་གར་ལངས་ནས་ཀྱང་མི་སྡོད་པར་ཕོ་བ་སར་བཞག་ནས་ཤིང་ཏོག་བཟའ་བར་བྱེད་པས། བལྟས་ཚོད་དུ་ཕལ་ཆེར་ནད་པ་ཞིག་ཡིན་པའི་སྣང་བ་སྟེར།
བགྲེས་སོང་ཁྱོ་ཤུག་གཉིས་འགྲམ་རོལ་བརྒྱུད་ནས་འགྲོ་བཞིན་དུ་ཁྱི་རྒན་དེ་མཐོང་བས་རང་དབང་མེད་པར་ཤུགས་རིང་འབྱིན་པར་བྱེད། རྒན་པོས་བཤད་རྒྱུར། ཁོ་རང་ད་ཡང་རླངས་གཏེར་ས་ཚིགས་སུ་ཅཱང་པེ་བསུ་རུ་སོང་བ་ཡིན་འདུག བདག་པོ་ཡུལ་དུ་མ་ཐོན་ན་ཁོང་རང་ཡང་ཡུལ་དུ་འགྲོ་ འདོད་ཀྱིན་མི་འདུག་ཟེར། རྒན་མོས་ཀྱང་སེམས་འགུལ་བའི་ངང་ནས་ན་རེ། ལོ་གཅིག་འགོར་ན་ཡང་། ཁོས་ད་དུང་འདི་ལྟར་འཚོལ་ཞིང་ཉུལ་གྱིན་འདུག ངས་བལྟས་ན་ཅཱང་པེ་མ་ཐོན་ཚེ་ཁོ་སྐམ་ནས་པགས་པར་ཐུག་རྒྱུ་རེད། ཁྱོད་ཀྱིས་སྲུ་མོ་ཅཱང་པེར་ལྟོས་དང་། ལོ་གཅིག་པོའི་ནང་དུ་ཡང་སྐྱེས་པ་འདིའི་རྗེས་སུ་མི་འདེད་ན་དེའི་རྗེས་སུ་འདེད་ཀྱིན་འདུག གོ་ཐོས་ལྟར་ན་ཁེ་དགོང་མོར་ཀྲང་ཐོམ་བུ་ཁྲིད་ནས་ཡུལ་དུ་སོང་བ་རེད་ཟེར། ཀྲང་ཐོམ་བུའི་ཆེ་ཆུང་ན་སྲན་ཕྱུར་ལྟེབ་མ་གསུམ་ཙམ་ལས་མི་འདུག་ཀྱང་ཁོ་མོས་དང་ལེན་བྱེད་ཀྱིན་འདུག གལ་ཏེ་ཅཱང་པེ་ཕྱིར་སླེབས་པ་ཡིན་ན་ཁོ་མོ་སྒོར་མི་སྐྲོད་དམ། བལྟས་ཡོང་ན་རློམ་དང་ཆོག་པ་ཞིག་ལ་ཁྱི་ལས་ལྷག་པ་མི་འདུག་ཟེར།
སྲུ་མོ་ཅཱང་པེ་དང་མ་འཕྲད་པའི་སྔོན་ལ་ཁོ་མོའི་བྱིས་པ་དང་ཁྱི་རྒན་གཉིས་ལ་འཕྲད་བྱུང་བས། ང་རང་དངོས་གནས་སྲུ་མོ་ཅཱང་པེ་ཕྱོགས་ལ་མཚར་སྣང་ཆེན་པོ་སྐྱེས་བྱུང་།
རྒྱུ་མ་དྲོན་པོའི་ཆང་ཁང་གི་རྒྱུ་ཡིག་གི་ཞབས་ཀྱུར་དངོས་གནས་ཁུག་རྟའི་ཚང་མལ་བཟོས་ཏེ་བསྒྲིབས་འདུག ཚང་ནང་དུ་ཕྲུ་གུ་འདུག་པས་ཁུག་རྟའི་ཨ་མས་དེ་དག་ལ་ཁ་ཟས་སྟེར་བར་བྲེལ་ལ། ཕྲུ་གུ་དག་གིས་ཀྱང་ཚང་ནང་ནས་འོད་ཡུག་ཡུག་གི་ཀླད་པ་ཕྱིར་ཕུད་ཅིང་ཁ་གདངས་ཏེ་ཟས་རིགས་ སྟེར་བར་རེ་སྒུག་བྱེད་ཀྱིན་འདུག
ཆང་ཁང་གི་ནང་དུ་མ་འཛུལ་གོང་དུ་ཐོག་མར་ཐོས་ཡོང་བ་ནི་སུར་པན་བརྔོས་བའི་སྦྲིད་ཁ་མ་བཟོད་པའི་སྣ་སྦྲིད་རྒྱག་པའི་སྐད་ཡིན་ཞིང་། དེར་མཐུད་ནས་བུད་མེད་ཅིག་གིས་ད་དུང་ཆང་བསྲོས་མ་དེམ་གང་ཁྱེར་ཤོག་ཅིག་ཅེས་སྐད་ཅོར་རྒྱག་པ་ཐོས་བྱུང་། ངས་སྒོ་ཡོལ་ཕར་དེད་དེ་སྒོ་ནང་དུ་འཛུལ་་ནས་ཕྱིན།
ཆང་ཁང་གི་ནང་ནི་ཆེ་རྒྱུ་མི་འདུག་ཅིང་། ནང་ཁུལ་དུ་ཅོག་ཙེ་དྲུག་ཡོད་པ་སྟེ། ཅོག་ཙེ་སྒོར་མོ་ཆེན་པོ་གཉིས་དང་ཅོག་ཙེ་གྲུ་བཞི་ཆུང་བ་བཞི་འདུག ཁང་བའི་ནང་དུ་ཆང་མགྲོན་གསུམ་ཡོད་པ་ལས་གཉིས་ནི་སྐྱེས་པ་ཡིན་པ་དང་གཅིག་ནི་བུད་མེད་ཅིག་རེད། སྐྱེས་པ་གཉིས་ཀའི་ལོ་ཚོད་ཆུང་རྒྱུ་མི་འདུག་ཅིང་ཁོང་གཉིས་ཀས་ཚལ་སྡེར་ཆུང་བ་འགའ་མདུན་དུ་བཤམས་ནས་ཆང་འཐུང་གིན་འདུག་ཅིང་། བུད་མེད་དེས་ང་རང་མཐོང་འཕྲལ་དཔུང་བ་ཡར་འཕྱར་ནས་འབོད་བརྡ་སྟོན་བཞིན་དུ་། ཨ་ཅེ་ལགས། ཚུར་ཤོག་ལ་ང་དང་ལྷན་དུ་ཆང་ཉུང་ཙམ་ཐུངས་ཟེར། ཕར་བལྟས་ཚོད་ཀྱིས་ཁོ་མོ་ལོ་སུམ་ཅུ་ཕར་བརྒལ་ཡོད་ཚོད་དུ་འདུག་ཅིང་ལུས་ལ་སྟོད་གོས་ཕུ་ཐུང་ཞིག་གོན་ཡོད་པ་དང་། མཆུ་སྒྲོས་མཐུག་ཅིང་ལན་བུ་ལྟག་གོར་དུ་དཀྲིས་མདུད་བྱས་འདུག དཔུང་བ་གཉིས་ཀ་ཟླུམ་པོ་ཟླུམ་པོ་ཞིག་འདུག་པས་བལྟས་ཚོད་དུ་ཧ་ཅང་ཤེད་ཤུགས་ཆེ་བ་ལྟར་སྣང་། ཁོ་མོ་ཆང་གིས་བཟི་སྟེ་ངོ་གདོང་དམར་བོར་གྱུར་ཡོད་པར་མ་ཟད་མིག་ཀྱང་འཛུམ་ཞིང་སྦྲིད་འདུག ངས་སེམས་ལ་ཆང་འདྲེ་ཞིག་དང་འཕྲད་སོང་སྙམ་ནས་ཁོ་མོར་ཁ་ཡ་མ་བྱས་པར་ཅུང་གྲལ་དག་ཡིན་པའི་ཅོག་ཙེ་བདམས་ནས་གན་དུ་བསྡད། བུད་མེད་དེ་གློ་བུར་དུ་ཁོང་ཁྲོ་ལངས་ཏེ་ཐོག་མར་ཆང་ཀོང་ས་རུ་གཡུགས་པ་དང་དེར་མཐུད་ནས་ཞོག་ཁོག་ཤར་མོའི་ཚལ་སྡེར་ཅོག་ཙེ་ལས་མར་འཕངས་སོང་། ཁང་མཐིལ་ནི་རྡོ་གཅལ་སྔོན་པོ་ཡིན་ཞིང་དེ་ནི་ཐོག་མ་ཉིད་ནས་རྫ་ཆས་རིགས་ཀྱི་གཤེད་མ་ཡིན་པས། ཆང་ཀོང་དང་ཚལ་སྡེར་དག་དེ་མ་ཐག་ཏུ་སིལ་བུར་ཆག་སོང་། སྐབས་དེར་ཆང་ཁང་གི་བདག་པོ་ཕྱིར་བུད་ཡོང་སྟེ་བཤད་རྒྱུར། སྲུ་མོ་ཅཱང་པེ། ཁྱོད་ཀྱིས་ད་དུང་འདི་ལྟར་ཟིང་པོ་བཟོ་ན་ཕྱིན་ཆད་ངས་ཁྱོད་ལ་ཆང་ཁང་དུ་ཆང་འཐུང་དུ་མི་འཇུག་ཁོ་ཐག་ཡིན་ཞེས་བཤད་བྱུང་། སྲུ་མོ་ཅཱང་པེ་ལྷུག་ལྷུག་ངང་དགོད་བཞིན་དུ་མཛུབ་མོས་ཅོག་ཙེ་ཐོག་རྡེབ་ཙམ་བྱས་ནས་ན་རེ། ངས་ཞག་གཅིག་ལ་ཁྱོད་ལ་ཉལ་རོགས་བྱས་ཚེ་ཁྱོད་ཀྱིས་ང་ལ་འདི་ལྟར་བཤད་མི་སྲིད་ཟེར། ཆང་ཁང་བདག་པོ་ནི་མི་དྲང་བོ་ཞིག་ཡིན་པ་འདྲ། ཁོ་རང་དགོད་བཞིན་དུ་མགོ་བོ་འཕྲེད་དུ་གཡུགས་ཙམ་བྱས་ནས་བཤད་རྒྱུར། སྤྱི་བདེ་མི་སྣ་འདི་དག་ཀྱང་ཟོག་རྐྱལ་ཁོ་ན་ཡིན་འདུག ཁྱོད་ཚང་གི་ཅཱང་པེ་གར་སོང་མ་ཤེས་པར་ལོ་གཅིག་ལྷག་འགོར་སོང་མོད། ད་བར་དུ་གསོན་པའི་མི་དང་ཤི་བའི་རོ་ཅི་ཡང་སྟོན་རྒྱུ་མི་འདུག་ཨང་ཟེར། སྲུ་མོ་ཅཱང་པེ་དང་ཐོག་ཅུང་བག་ལྷོད་དུ་གྱུར་ཡོད་མོད་ཆང་ཁང་བདག་པོའི་སྐད་ཆ་དེ་ཐོས་འཕྲལ་སྦྲུལ་ལ་ཚེར་ལྕག་ཕོག་པ་བཞིན་དུ་གྱུར་ཏེ་དེ་མུར་ཡར་ལངས་ཤིང་འདུག་སྟེགས་བླངས་ཏེ་ཅོག་ཙེ་ཐོག་གི་ཚལ་སྡེར་གྱི་ཐོག་ཏུ་ཆག་སྒྲ་དང་བཅས་བརྒྱབ་བྱུང་བས། ཅོག་ཙེ་ཐོག་གི་སུར་པན་དང་བྱ་སྒོང་བརྔོས་མ། བ་དམ་སིལ་བུ་དག་ཕྱོགས་བཞིར་འཐོར་ཞིང་ཕྲ་ཞིང་རིང་བའི་རྫ་དཀར་གྱི་ཆང་སྣོད་ཀྱང་ས་རུ་ལྷུང་སྟེ་ཆག་ཅིང་ཕོས་བྱུང་། ཁོ་མོས་མུ་མཐུད་དུ་སྤྱོ་བཞིན་དུ་བཤད་རྒྱུར་། ངས་བཅག་པའི་དངོས་པོ་ངས་འཚབ་ཆོག ངས་འཚབ་ཐུབ་ངེས་ཡིན་ཟེར། ཆང་འཐུང་སྐྱེས་པ་གཉིས་ཀྱིས་ལུས་པོ་གཟུར་ནས་སྲུ་མོ་ཅཱང་པེ་ལ་ལྟ་བཞིན་འདུག་ཅིང་། གཅིག་གིས་སྐད་དམའ་མོས། ཚལ་རིགས་ཡོངས་རྫོགས་ཆུད་ཟོས་སུ་བྱས་པས་ཕངས་པ་ལ་ཟེར། ཅིག་ཤོས་ཀྱིས་ཀྱང་དངན་པ་ཞིག་ཕྱུངས་ནས་བུད་མེད་ཚོར་སྐྱེས་པ་མེད་ཚེ་འདི་འདྲ་རེད་ཟེར། ཁོང་གཉིས་ཀྱིས་ཁོ་མོར་ཁ་ཏ
འཕྲིན་སྟེགས། weikangba