འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ།
ཁྲུ་ཙེ་ཇན་གྱིས་བརྩམས།(རྒྱ་རིགས)
སྟག་འབུམ་རྒྱལ་གྱིས་བསྒྱུར།
ལེའུ་བཞི་བ། རྒྱུན་ཆད་པར་གྱུར་བའི་དམངས་གླུ།
ཝུའུ་ཐང་གི་ཆར་བ་ནི་ངས་མཐོང་བའི་འཇིག་རྟེན་ཐོག་གི་ཆེས་འབག་བཙོག་གི་ཆར་བ་དེ་རེད་ཅིང"ཆར་བ་ནག་པོ"ཞེས་འབོད་ཆོག་པར་འདུག ཆར་བ་ནི་ནམ་མཁའ་ནས་ས་གཞིར་འབབ་པའི་སྐབས་སུ་བར་སྣང་དུ་གཡེང་འཕྱོ་བྱེད་པའི་རྡོ་ཐལ་གྱིས་བསླད་པས་བཙོག་ཆུའི་ཚུལ་དུ་འབབ་པ་རེད། དེའི་རྐྱེན་གྱིས་ཝུའུ་ཐང་གི་མི་རྣམས་ཆར་གདུགས་ནག་པོ་འཛིན་པར་དགའ་ཞིང་། ཆར་གདུགས་ནག་པོ་བསྒྲེངས་པའི་མི་མང་བོ་གཡས་བསྣོལ་གཡོན་བསྣོལ་བྱས་པའི་སྲང་ལམ་དུ་འགྲོ་འོང་བྱེད་པ་ནི་བྱ་རོག་ཁྱུ་ཚོགས་ཆེན་པོ་ཞིག་ཝུའུ་ཐང་དུ་བབས་པ་དང་གཉིས་སུ་མ་མཆིས། དེ་འདྲ་ཡིན་ནའང་ཆར་བ་འབབ་མཚམས་བཞག་སྟེ་གནམ་ངོ་དྭངས་བའི་དུས་སུ་ཝུའུ་ཐང་སྔར་བཞིན་དྭངས་གསལ་དུ་གྱུར་འགྲོ།
ཀྲོའུ་ཨེར་གྱིས་ངས་དམངས་གླུ་འཚོལ་སྡུད་བྱེད་འདོད་པ་ཐོས་འཕྲལ་ང་རང་ཉི་མའི་ཕྱི་མིག་སྲང་ལམ་གྱི་ཧྲིན་ཅིན་རི་མོ་ཁང་དུ་སོང་ན་བཟང་ཟེར། ཁོས་བཤད་ན་རི་མོ་ཁང་དེའི་བདག་པོའི་མིང་ལ་ཁྲིན་ཧྲའོ་ཁྲུང་ཟེར་ཞིང་དམངས་གླུ་ལེན་པར་ཧ་ཅང་དགའ་བ་རེད། འོན་ཀྱང་ཁོས་བླངས་པའི་གླུ་ནི་སྐྱོ་ཤས་ཆེ་བ་ཞེ་ཅིག་ཡིན་པས་མི་རྣམས་ཀྱིས་དེ་ནི་"སྨྲེང་གླུ་"རེད་ཟེར། ཁོའི་ཆུང་མས་ཁོ་ལ་རང་ཁྱིམ་ནས་སྨྲེང་གླུ་ལེན་མི་གཞུག་པས་ཁོས་རི་མོ་ཁང་དུ་ལེན་གྱིན་འདུག་མོད། ཉི་མའི་ཕྱི་མིག་སྲང་ལམ་གྱི་ཚོང་བ་དག་གིས་ཆེས་མི་འདོད་པ་ནི་ཁོ་དང་ཁྱིམ་མཚེས་བྱེད་རྒྱུ་དེ་རེད། ཁྱོད་ཀྱིས་འདི་ག་ནས་ཚོང་སྒོ་ཕྱེ་བའི་རྟེན་འབྲེལ་སྒྲིག་དུས་ཁོས་དེ་ག་ནས་སྨྲེང་གླུ་གྱེར་ཡོང་བས་སུ་ཞིག་རྣམ་རྟོག་མི་ལངས་སམ། དེ་བས་རི་མོ་ཁང་དང་བཅར་བའི་ཁང་བ་དེ་གོ་རེ་བསྲེགས་ས་ནས་ཁྱི་ཤ་ཚོང་ཁང་དང་དེ་ནས་སྐྲ་བཞར་ཁང་སོགས་བདག་པོ་མང་བོ་ཞིག་གིས་བརྗེ་མྱོང་ལ། ད་ལྟ་དེ་གར་ཉེ་བཅར་དུ་ཡོད་པ་ནི་དུར་གོས་ཚོང་ཁང་ཞིག་ཡིན་ཟེར།
སྲུ་མོ་ཀྲོའུ་ཨེར་གྱིས་བོང་བུ་ལ་ཤིང་རྟ་བརྒྱབ་ཅིང་། ཅཱང་ཟན་ཧྲིན་དང་མཉམ་དུ་མེ་འཁོར་ས་ཚིགས་ལ་མགྲོན་པོ་བསུ་རུ་འགྲོ་དགོས་བྱུང་། ཟན་ཧྲིན་ནི་རང་ཁྱིམ་གྱི་ཁང་ཀླད་དུ་འདུག་མོད། སྲུ་མོ་ཀྲོའུ་ཨེར་གྱིས་བོས་མ་ཐག་རྣམ་རིག་སྐྱེན་པོས་འཁྱུག་ཙམ་བྱས་ཏེ་ཨེན་ཙམ་མིན་ན་ཁ་སྦུབ་ཏུ་འགྱེལ་ ནས་ཐང་ལ་ལྷུང་སོང་། སྲུ་མོ་ཀྲོའུ་ཨེར་གྱིས་ང་ལ་བཤད་རྒྱུར། ཅཱང་པེ་གར་སོང་མ་ཤེས་པ་ནས་བཟུང་བྱིས་པ་འདི་ཡང་རང་ཁྱིམ་དུ་སྡོད་མི་འདོད་པར་མགྲོན་ཁང་དུ་རྩེ་ནས་སྡོད་པ་ལས་གཞན། རང་ཁྱིམ་གྱི་ཁང་ཀླད་དུ་བུད་ནས་གནམ་ངོར་བལྟས་ནས་སྡོད་ཀྱིན་འདུག ལན་རེར་ཁོ་རང་ཁང་ཀླད་དུ་ཕྱི་དྲོ་ཧྲིལ་བོར་བསྡད་འགྲོ་བས། ཕལ་ཆེར་ཁོའི་ཨ་ཕ་ཕྱིར་ལོག་ཡོང་བར་ལྟ་བཞིན་པ་དང་འདྲ་འདུག་ཟེར།
ཅཱང་པེ་ནི་ཇི་ལྟར་གར་སོང་མི་ཤེས་པར་གྱུར་བ་ཡིན་ནམ། ཀྲོའུ་ཨེར་གྱིས་བཤད་པ་ལྟར་ན། ཅཱང་པེ་ནི་ཞའོ་ཡན་ལིན་གཏེར་ཁུང་གི་སོལ་རྐོ་བ་ཡིན་ཞིང་གཤིས་ཀ་འཇམ་བག་ལྡན་པའི་མི་ཞིག་ཡིན། ཁོ་རང་གཏེར་ཁུང་ནས་ཁྱིམ་དུ་ལོག་རྗེས་ཆང་ཀོང་བུ་འགའ་རེ་འཐུང་བར་དགའ་བས་སྲུ་མོ་ཅཱང་པེ་ཡིས་ཀྱང་ཆང་འདེད་ཚལ་རིགས་ལས་པའི་ལག་རྩལ་འཇོན་པོ་ཞིག་སྦྱངས་ཡོད། ཞའོ་ཡན་ལིན་ནི་གཏེར་ཁུང་ཆེ་གྲས་ཤིག་ཡིན་ཞིང་ལས་ཡུལ་དྲུག་ཡོད་པ་དང་། ལས་ཡུལ་རེ་རེ་ཤོག་ཁ་གཅིག་ནས་གཉིས་ཡོད་ལ། ཤོག་ཁ་རེར་མི་བཅུ་རེ་ཡོད། གཏེར་ཁུང་དུ་དོན་རྐྱེན་བྱུང་བའི་ཉིན་དེར། ཅཱང་པེ་ནངས་མོ་ཁྱིམ་དང་བྲལ་ནས་གཏེར་ཁུང་དུ་བུད་སོང་མོད་དགོང་མོ་ཡུལ་དུ་ལོག་རྒྱུ་མེད་པར་གྱུར། ཡིན་ན་ཡང་ཅང་པེ་ཡོད་སའི་ཤོག་ཁའི་ལས་གནས་སུ་རྐྱེན་ལམ་དུ་སོང་བའི་བེམ་པོ་དགུ་རྙེད་བྱུང་ཡང་ཏག་ཏག་ཅཱང་པེ་མེད་པར་གྱུར། གཏེར་ཁུང་གི་མགོ་བས་བཤད་ན་ཅཱང་པེ་ཉིན་དེར་གཏན་ནས་ཞའོ་ཡན་ལིན་དུ་ཡོང་མེད་པས་གཏེར་ཁུང་དུ་མི་དགུ་མ་གཏོགས་མེད་ཟེར། ཁོ་རང་ལ་ཆག་སྒོ་ཅི་ཡང་མ་བྱུང་ཕྱིན་གར་སོང་རྗེས་མེད་དུ་གྱུར་བ་སྟེ། མི་སུས་ཀྱང་ཁོ་རང་གང་ཞིག་ཏུ་སོང་བ་མ་ཤེས། མི་ཚང་མས་ཅཱང་པེ་གར་སོང་མ་ཤེས་པའི་དོན་དེར་ཚོད་དཔག་སྣ་ཚོགས་བྱེད་ཀྱིན་འདུག་པ་སྟེ། ལ་ལས་བཤད་ན་ཁོས་སྲུ་མོ་ཅཱང་པེ་དོར་ཏེ་སློབ་འབྲིང་སྐབས་ཀྱི་དགའ་རོགས་འཚོལ་དུ་སོང་བ་རེད་ཟེར་ལ་། འགའ་རེས་བཤད་ན་ཅཱང་པེ་མི་གཞན་གྱིས་ལྐོག་གསོད་བྱས་ནས་ལག་དམར་གྱིས་བེམ་པོ་མེད་བརླག་ཏུ་བཏང་བ་ཡིན་འདུག་ཟེར། ད་དུང་གཏམ་འཆལ་རྣར་མི་འགྲོ་བ་ཞིག་ཀྱང་གྲགས་ཀྱིན་པ་ནི་ཅཱང་པེ་གཏེར་ཁུང་དུ་འཛུལ་བའི་འཚོ་བར་ཡིད་རབ་ཏུ་བྱུང་སྟེ་དབེན་གནས་རི་ཁྲོད་དུ་གྲྭ་བ་བྱེད་དུ་སོང་བ་ རེད་ཟེར། སྲུ་མོ་ཅཱང་པེ་དེ་སྔ་ཚུལ་ལྡན་བག་ཡོད་ཅིག་ཡིན་མོད། ཅཱང་པེ་གར་སོང་ཆ་མེད་དུ་གྱུར་བའི་རྗེས་སུ་ཁོ་མོ་ཡང་མི་གཞན་ཞིག་ཏུ་གྱུར་བ་ཇི་བཞིན་ཉི་མ་གཉིས་རེ་གསུམ་རེའི་ནང་དུ་ཆང་ཁང་དུ་སོང་སྟེ་ར་རོ་བར་གཏོང་བ་དང་། སྒོར་མོ་བཀོལ་བར་སེར་སྣ་ཅི་ཡང་མེད་པར་མ་ཟད། སྤྱོད་པ་ཡང་འཆལ་བར་གྱུར་ཏེ་ཉིན་འགའ་རེའི་ནང་དུ་སྐྱེས་པ་དག་ཁྲིད་ནས་ཁྱིམ་ནང་དུ་ཞག་སྡོད་བྱེད་དུ་འཇུག་གིན་འདུག ཝུའུ་ཐང་གི་བུད་མེད་མང་པོ་ཞིག་གིས་ནི་རྐྱེན་དེར་བྱས་ཏེ་སྲུ་མོ་ཅཱང་པེ་དགྲར་འཛིན་བྱེད་ཀྱིན་ཡོད་ཅིང་། ཁོ་མོ་ཚོས་རང་རང་གི་སྐྱེས་པ་ཡང་ཁོ་མོས་དེ་ལྟར་ཁ་འབྲིད་ཨེ་འགྲོ་ལ་སྐྲག་གིན་ཡོད་པ་རེད། སྲུ་མོ་ཅཱང་པེ་ནི་སྔོན་ཆད་བྱིས་སྙོར་ཁང་ཞིག་གིས་བྱིས་པ་སྙོར་མཁན་དུ་གླས་ཡོད་མོད། ཅཱང་པེ་གར་སོང་ཆ་མེད་དུ་གྱུར་བའི་རྗེས་སུ་ཁོ་མོ་ཡང་ཁྲོམ་སྲང་དུ་ཡོང་སྟེ་གྲོ་ཕྱེ་སྣུམ་བརྔོས་མ་བཙོངས་པ་རེད།
ཀྲོའུ་ཨེར་གྱིས་ང་ལ་བཤད་པ་ལྟར་ན། དེ་སྔོན་མངགས་གཏོང་ཁང་གིས་ཀྱང་ཅཱང་པེ་གར་སོང་ཆ་མེད་དུ་གྱུར་བའི་དོན་དེ་རྩད་གཅོད་བྱས་ཤིང་། མི་འགའ་ལ་དོན་རྐྱེན་བྱུང་བའི་ཉིན་དེར་ཅཱང་པེ་མཐོང་མིན་དྲིས་པ་ན་མི་གཉིས་ཀྱིས་ཁོ་རང་མཐོང་བྱུང་འདུག གཅིག་ནི་འབྲུ་མཛོད་ཁང་གི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་རྒན་པོ་ཀྲོའུ་ཡིན་པ་དང་། ཅིག་ཤོས་ནི་ཡིག་སྐྱེལ་ཁང་གི་ཀུའུ་ཞའོ་ཧྲོན་རེད། ཁོང་གཉིས་ཀྱིས་ཀྱང་ཉིན་དེར་ཅཱང་པེ་ཡིས་ལུས་ལ་ལས་གོས་སྔོན་པོ་དེ་གོན་ཞིང་མགོ་ལ་ཉེན་འགོག་ཞྭ་མོ་གོན་ཏེ་རླངས་གཏེར་ས་ཚིགས་ཀྱི་གཏེར་འདྲུད་རླངས་འཁོར་གྱི་སར་འགྲོ་བཞིན་འདུག་ཅིང་། ཅཱང་པེ་ཡི་རྗེས་སུ་ད་དུང་ཁོང་ཚང་གི་ཁྱི་རྒན་དེད་ནས་འགྲོ་བཞིན་འདུག་ཟེར། ཁྱི་རྒན་གྱིས་ནམ་རྒྱུན་བློ་དཀར་ཟོལ་མེད་ངང་ནངས་མོ་ཅཱང་པེ་རླངས་གཏེར་ས་ཚིགས་སུ་སྐྱེལ་མ་བྱེད་པ་དང་། ས་སྲོད་ཀྱི་སྐབས་སུ་གཏེར་འདྲུད་རླངས་འཁོར་བསྡད་མ་ཐག་ཡང་བསྐྱར་དེའི་གན་དུ་བརྒྱུགས་ཏེ་དགའ་རྩེད་བྱེད་བཞིན་བདག་པོར་བསུ་བ་བྱེད་ཀྱིན་ཡོད། དེའི་རྐྱེན་གྱིས་ཅཱང་པེ་གར་སོང་ཆ་མེད་དུ་གྱུར་བའི་རྗེས་སུ་ཁྱི་རྒན་འདི་ཡང་རང་ཡུལ་དུ་མི་འགྲོ་བར་སྔར་བཞིན་ས་སྲོད་ཀྱི་སྐབས་སུ་བདག་པོ་བསུ་རུ་འགྲོ་གྱིན་འདུག གཏེར་འདྲུད་རླངས་འཁོར་བསྡད་མ་ཐག་ཁོ་རང་མདུན་དུ་བཏུད་ན་ཡང་རླངས་འཁོར་ལས་བབས་པའི་མིས་ཁོ་རང་རེ་ཆད་དུ་བཏང་འགྲོ། སྔོན་ཆད་ཁོའི་ལུས་ཀྱི་སྤུ་གྲར་བཀྲག་མདངས་འཚེར་ཞིང་འཁྱུག་ལྕག་དོད་པོ་ཡོད་ན་ཡང་ད་ལྟ་སྤུ་འཕྱིང་ཉམས་ཞན་དུ་གྱུར་འདུག ཝུའུ་ཐང་གི་མི་རྣམས་ནི་བདག་པོ་ལ་བློ་གཏད་ཟོལ་མེད་ཡིན་པའི་ཁྱི་འདིར་རང་བཞིན་གྱིས་དུང་སེམས་ཤིག་ཆགས་ཏེ། ཟ་ཁང་གི་བདག་པོ་འགའ་རེས་ཁོ་རང་སྲང་ལམ་དུ་ཡོང་བ་མཐོང་ཚེ་རྒྱུན་དུ་རྒྱུ་སྣེ་དང་སྐམ་ཤ་དུམ་བུ་རེ་སྔོན་དུ་འཕེན་གྱིན་འདུག
ཉི་མའི་ཕྱི་མིག་སྲང་ལམ་ནི་ཧ་ཅང་ཕྲ་ཞིང་རིང་བའི་སྲང་གོག་ཅིག་རེད། ཧྲིན་ཅིན་རི་མོ་ཁང་ནི་སྲང་ལམ་གྱི་ཕུག་ཏུ་ཡོད་ཅིང་དངོས་གནས་དུར་གོས་འཚོང་ས་ཞིག་དང་གྲལ་མཚེས་བྱས་འདུག རི་མོ་ཚོང་ཁང་ཧ་ཅང་ཆུང་བ་དང་དྲ་སྒོ་གཅིག་ལས་མི་འདུག་ཅིང་། ནུབ་བྱང་ཟུར་གྱི་གནམ་གཅལ་དུ་གཟེ་དབྱིབས་ཀྱི་ཤིང་ལེབ་ཅིག་བརྒྱབ་པ་དང་། ཤིང་ལེབ་ལས་ལྕགས་ཐག་འགའ་མར་བསྣར་བའི་སྣེར་རི་མོ་འགའ་དཔྱངས་འདུག ངས་མཐོང་བའི་རི་མོ་ཁང་ཐམས་ཅད་དུ་རི་མོ་དག་རྩིག་པའི་ལྡེབས་ངོས་སུ་བཀལ་བའམ་རྩིག་གཤམ་དུ་བསླངས་ནས་ཡོད་པ་མ་གཏོགས་། ཧྲིན་ཅིན་རི་མོ་ཁང་ལྟར་རི་མོ་གནམ་གཅལ་ལས་དཔྱངས་ཡོད་པ་ཞིག་གཏན་ནས་མཐོང་མ་མྱོང་བས། ཕལ་ཆེར་ཤ་འཚོང་ཁང་ངམ་ཚོས་བསྒྱུར་ཁང་ཞིག་དང་འདྲ་བའི་སྣང་བ་སྐྱེས། རི་མོ་ཁང་གི་བྱང་ཤར་གྱི་ཟུར་དུ་སྒྲོམ་སྟེགས་གྲུ་བཞི་ཞིག་བཞག་ཡོད་པ་དང་། རྒན་པོ་ཤ་སྐམ་ཞིག་གིས་དེ་གར་སྒུར་ནས་རི་མོ་ཞིག་འབྲི་བཞིན་འདུག སྒོ་ཕྱེ་བའི་སྒྲ་ཐོས་འཕྲལ་ཁོས་སྨིན་མ་བསྡུ་ཙམ་བྱས་སོང་མོད་མགོ་བོ་ཡར་མི་དགྱེ་བར་འདུག ངས་ཁོ་ལ་ཁྱོད་ནི་སྐུ་ཞབས་ཁྲིན་ཧྲའོ་ཁྲུང་ལགས་ཨེ་ཡིན་ཞེས་དྲིས་ཀྱང་ཁོས་སྔར་བཞིན་མགོ་བོ་མི་དགྱེ་བར། ཁ་ཟུར་བསྡུ་བཞིན་མགོ་བོ་དལ་བུར་ལྡེམ་ཙམ་བྱས་སོང་། ང་རང་སྒྲོམ་སྟེགས་ཀྱི་མདུན་དུ་སོང་འཕྲལ་ཁོས་པད་མ་འབྲི་བཞིན་ཡོད་པ་མཐོང་བྱུང་། པད་མ་དེ་དག་གི་ཁྲོད་དུ་ཁ་གད་ཡོད་པ་གཅིག་ཀྱང་མེད་པར་ཡོད་ཚད་འཛུམ་ལ་ཁད་དུ་གནས་ཡོད་པས་སྒེག་འཇམ་དང་དྭངས་ཤ་ལྡན་པར་འདུག ངས་དོགས་མི་བདེ་བའི་ངང་རང་ཉིད་ངོ་སྤྲོད་བྱས་པ་སྟེ། ང་ནི་དམངས་སྲོལ་རིག་པའི་ཕྱོགས་ནས་རྟོགས་ཞིབ་དང་དམངས་གླུ་འཚོལ་སྡུད་བྱེད་མཁན་ཡིན་པས། ཀྲོའུ་ཨེར་གྱིས་ཁོ་རང་དམངས་གླུ་ལེན་པར་མཁས་པ་ངོ་སྤྲོད་བྱས་པ་ལྟར་ཆེད་དུ་སྐུ་བཅར་ཡོང་བ་ཡིན་ཚུལ་བཤད།ངས་སྐད་ཆ་བཤད་པའི་སྐབས་སུ་ཡང་ཁོས་སྔ་གཞུག་ཀུན་ཏུ་ངའི་ཕྱོགས་ལ་ལྟ་ཙམ་ཡང་མི་བྱེད་པར་འདུག་པས་ངའི་ཚོར་བ་ཞིག་ལ་སྨྱུག་ཡོལ་གྱིས་བར་བཅད་དེ་ཁ་བརྡ་བྱེད་པ་དང་འདྲ་། ཁོའི་རྣམ་འགྱུར་ནི་འདི་འདྲའི་ཁེངས་དྲེགས་ལྡན་པ་ཞིག་འདུག་པས་ང་རང་དེ་མ་ཐག་ཏུ་ཕྱིར་འགྲོ་འདོད་སྐྱེས་བྱུང་། ཁོས་གློ་བུར་དུ་སྨྱུ་གུ་སར་བཞག་སྟེ་མགྲིན་པ་འཁྱོགས་ཙམ་བྱས་འཕྲལ་གླུ་སྐད་ནི་གློ་བུར་དུ་འཚུབ་པའི་ཁངས་འཚུབ་ཅིག་དང་འདྲ་བར་བར་སྣང་དུ་འཕྱོ་ཞིང་ལྡིང་བྱུང་། ངས་སེམས་ནང་ནས་གྲ་སྒྲིག་བྱེད་ཁོམ་ཙམ་ཡང་མ་བྱུང་བར་ཁོས་གླུ་བླངས་བྱུང་ལ། ཁོས་བླངས་བྱུང་བ་ནི་འགྱུར་ཁུགས་ཁོ་ན་ཡིན་འདུག ངས་མི་གཞན་གྱིས་གླུ་ཚིག་མེད་པའི་གླུ་ལེན་པ་ཐོག་དང་བོར་ཐོས་པ་ཡིན་ཏེ། གླུ་སྐད་དེར་ཉན་གྱིན་དུ་དེ་འདྲའི་སྐྱོ་ཤས་ལྡན་ཞིང་དེ་འདྲའི་གྲང་ཟུག་ཆེ་བ་དང་། དེ་འདྲའི་ལྷད་མེད་པ་ཞིག་འདུག་པས། དེ་ནི་ས་གཞིའི་སྟེང་ནས་མཆེད་པའི་གླུ་སྐད་ཅིག་རེད་ཟེར་ན་ངོ་མ་ཡིད་མི་ཆེས་པའི་ཚོད་དུ་འདུག
ཁོའི་གླུ་སྐད་ནི་གྱེན་དུ་འཕྱོ་བ་མྱུར་ཞིང་མར་ལ་འཇགས་པ་ཡང་སྐྱེན་པས། ང་རང་གླུ་སྐད་ཀྱི་སྐད་ཆས་མཚོན་དུ་མེད་པའི་མཛེས་སྡུག་གིས་བཟི་བར་གྱུར་བའི་སྐབས་དེར་གླུ་སྐད་གློ་བུར་དུ་མཚམས་བཞག་བྱུང་། ཁོས་སྐད་གདངས་དམའ་མོའི་སྒོ་ནས་ང་ལ། འདི་ལྟ་བུའི་སྐྱོ་དབྱངས་ཀྱང་ཁྱོད་ཀྱིས་འཚོལ་སྡུད་བྱེད་འདོད་དམ། ད་ལྟའི་དུས་འདིར་སྐྱོ་གཞས་ནི་སུ་ལ་ཡང་མཁོ་གྱིན་མི་འདུག བརྙན་འཕྲིན་ནང་དུ་ལེན་གྱིན་པའི་དམངས་གཞས་དག་ཀྱང་སྤྲོ་སྐྱིད་ལྡན་པ་ཤ་སྟག་ཡིན་པ་མ་མཐོང་ངམ་ཞེས་དྲིས་བྱུང་།
ངས་ཁོ་ལ། ང་རང་སྐྱོ་གཞས་ལ་དགའ་བར་འདུག་ཅེས་བཤད། ངས་སྐད་ཆ་བཤད་མ་ཚར་གོང་དུ་སྣུམ་ཡུག་ཡུག་གི་རྔུལ་ལེན་གྱི་གཤམ་དུ་ཧ་ཅང་ཆེ་བའི་དོར་ཐུང་གྱོན་པའི་གསར་བུ་སྟུག་པོ་ཞིག་ངོ་གདོང་རྔུལ་ཆུས་བརླན་བཞིན་སྒོ་ཕྱེ་ནས་ནང་དུ་ཐོན་བྱུང་། ཁོ་རང་ཧ་ཅང་ཚོ་བས་རྩིབས་མ་གཉིས་ཀྱི་ཤ་ཡང་ཐུར་དུ་ཡོ་བཞིན་འདུག ཁོའི་མཆན་ཁུང་དུ་ཤེལ་གྱི་སྒྲོམ་གཞི་ཅན་ཡུལ་ལྗོངས་དང་རི་ཆུའི་རི་མོ་ཞིག་བཙིར་འདུག ཁོ་རང་ནང་དུ་ཐོན་མ་ཐག་སྐད་ཆེན་པོས་། སྤོ་བོ་ཁྲིན་ལགས། ངའི་ཨ་མ་ནི་མེ་ཏོག་རྒྱ་སེ་འདི་སྐྱ་ཐལ་ཆེ་བར་འཁང་གིན་འདུག་པས། ཁྱེད་ཀྱིས་ཁ་དོག་ད་དུང་དམར་བོར་བསྒྱུར་ཙམ་བྱེད་རོགས་ཞེས་བཤད་བྱུང་།
ཁྲིན་ཧྲའོ་ཁྲུང་གིས་མགོ་བོ་ཡར་དགྱེ་ནས་གསར་བུ་དེ་ལ་བཤད་རྒྱུར། ཉིའུ་ཁྲིན། ཁྱོད་ཕྱིར་ཡུལ་དུ་སོང་ལ་ཨ་མར་འདི་ལྟར་ཤོད་ཅིག མེ་ཏོག་རྒྱ་སེ་ལ་ཚོས་དམར་བསྐུས་པ་ཐལ་དྲགས་ན་སྤྲེའུའི་འཕོངས་ཚོས་ལ་གྱུར་སོང་བ་མ་རེད་དམ། ངེད་ཧྲིན་ཅིན་རི་མོ་ཁང་གི་འབྲི་སྟངས་འདི་འདྲ་ཞིག་ཡིན་པ་ཁོ་མོས་ཀྱང་མི་ཤེས་པ་མ་རེད། གལ་ཏེ་ཁོ་མོར་མི་མཁོ་ན་ཕྱིར་ཁྱེར་ཤོག་དང་སྒོར་མོ་གཅིག་ཀྱང་མ་ཆད་པར་ཕྱིར་སློག་ཆོག ཁྱོད་ཀྱིས་བལྟས་ན་དེ་ཨེ་ཆོག་གི་ཟེར།
ཉིའུ་ཁྲིན་གྱིས་རི་མོ་སྒྲོམ་སྟེགས་ཐོག་ཏུ་བཞག་ཅིང་རྔུལ་ལེན་གྱི་འདབས་མ་ཡར་བརྫེ་ནས་གདོང་གི་རྔུལ་ཆུ་འབྱིད་ཙམ་བྱས་རྗེས། སྐད་སྦོམ་རེག་དང་ལྡན་པའི་སྒོ་ནས་ན་རེ། ཨེ་ཡོ། སྤོ་བོ་ཁྲིན་ལགས། ངའི་ཨ་མས་ཁྱོད་ཀྱི་རི་མོར་མ་གཏོགས་གཞན་གྱིས་བྲིས་པའི་རི་མོར་བལྟ་མི་འདོད་པར་འདུག ཁོ་མོ་མལ་སར་འབྱར་ནས་ལོ་གསུམ་འགོར་སོང་པས་ཉི་མ་རེ་རེར་རྩིག་ངོ་ཁོ་ནར་བལྟས་ནས་སྡོད་དགོས་པ་རེད། ངས་སྔོན་ཞིག་ནས་རྩིག་ངོར་རི་མོ་འགའ་བཀལ་ན་བཟང་ཞེས་བཤད་ཀྱང་ཁོ་མོས་མིག་ལ་བསྣད་པ་དང་ཆད་སྣང་སྐྱེས་པ་སོགས་ལ་ཁག་འཇོག་བྱས་ཡོང་། ད་ལོ་ནི་ཁོ་མོས་ཚུར་ལ་རེ་བ་བཏོན་པ་རེད། ངོས་བཏགས་ནས་ཁྱེད་ཀྱིས་བྲིས་པའི་མེ་ཏོག་རྒྱ་སེ་ལ་བལྟ་འདོད་ཟེར། ཁོ་མོ་ལོ་ན་རྒས་པས་མིག་ཤེས་ཀྱང་ལོ་གཞོན་དག་དང་བསྡུར་ག་ལ་རུང་། རྒྱུན་དུ་བྱི་ལ་བྱི་བར་ནོར་འགྲོ་བ་དང་། མི་ནི་སྒྲོ་ཕྱགས་དང་ནོར་གྱིན་འདུག ཁྱེད་ཀྱིས་བྲིས་པའི་རྒྱ་སེ་དམར་བོ་ཁོ་མོའི་མིག་ལམ་དུ་གློ་ཁར་སྣང་གིན་འདུག་ལ། གློ་ཁའི་མདོག་ནི་དཀར་བོ་སྣང་གིན་འདུག འུ་ཐུག་ན་ངས་མེ་ཏོག་རྒྱ་སེ་ལ་ཚོས་བརྒྱབ་ཀྱང་ཆོག་མོད་ང་ལ་སྤུ་སྨྱུག་དེ་དག་མེད་པས། སྤོ་བོ་ཁྲིན་ལགས། ངས་ཞུ་བ་བྱེད། ཉིན་འགས་ངས་ཤ་ལོག་ཅིག་ཁྱེར་ཡོང་སྟེ་ཁྱེད་ལ་དྲིན་ལན་འཇལ་ཆོག་ཟེར།
ད་དུང་ཚོས་བརྒྱབ་ཚེ་རྒྱ་སེ་འདི་དག་བརླགས་པར་གྱུར་བ་མ་རེད་དམ། ཁྲིན་ཧྲའོ་ཁྲུང་གིས་དངན་པ་ཞིག་འཐེན་ནས་ན་རེ། ཁྱོད་ཀྱིས་རི་མོ་བསྐྱུར་ཏེ་སང་ཉིན་ལེན་དུ་ཤོག་ཟེར།
ཉིའུ་ཁྲིན་ནི་བྱིས་པ་ཆུང་ངུ་ཞིག་དང་འདྲ་བར་དགའ་བས་མྱོས་ཏེ་ལག་པས་ཐལ་མོ་རྡེབ་བཞིན་དུ། སྤོ་བོ་ཁྲིན་ལ་བཀའ་དྲིན་ཆེ། ངའི་ཨ་མས་བལྟ་འདོད་པའི་རྒྱ་སེ་ལ་ཡང་གཞས་ཁང་གི་གསར་མོ་ཚོ་ལྟར་ངོ་གདོང་ལ་དཀར་ཐལ་སྲང་དོ་དགོས་པ་དང་མགོ་སྐྲ་ལ་སྐྲ་སྣུམ་སྲང་དོ་དགོས་ལ། མཆུ་སྒྲོས་སུ་ཚོས་དམར་སྲང་དོ་དགོས་པར་འདུག གང་ལྟར་སྣུམ་ཞིང་བཀྲག་མདངས་ཅན་ཞིག་མིན་ན་ཁོ་མོས་མི་བལྟ་བར་འདུག་ཟེར།
ཁྲིན་ཧྲའོ་ཁྲུང་གིས་ཁོ་ལ། ངས་བལྟས་ན་ཁྱོད་ཀྱིས་ཀྱང་ཁྲོམ་སྲང་ནས་ལོ་གཉིས་ལ་ཤ་འཚོང་བརྒྱབ་པས་ཁ་ལྕེ་ཅན་ཞིག་ཏུའང་གྱུར་འདུག་ཟེར།
ཉིའུ་ཁྲིན་གྱིས། ངས་ནི་མི་འགུགས་འབོད་བྱེད་མི་ཤེས་པས་འཚོང་བ་ནི་འབྲོང་ཤ་ཡིན་ཡང་ཚོང་སྟེགས་སྟེང་རུལ་འགྲོ་བར་འདུག ད་ལྟའི་དུས་འདིར་ཁ་ཡག་ཇི་ལྟར་བཤད་ཤེས་ན་ཁེ་བཟང་དེ་ལྟར་རེག་གིན་འདུག་ཟེར།
ཁྲིན་ཧྲའོ་ཁྲུང་གིས་ཁོ་ལ་སང་ཉིན་རི་མོ་ལེན་དུ་ཤོག ཡོང་ཞོར་དུ་ཁྲོམ་སྲང་ནས་ཁོ་ལ་སྲུ་མོ་ཅཱང་པེས་ལས་པའི་གྲོ་ཕྱེ་སྣུམ་བརྔོས་མ་ཞིག་ཉོས་ལ་ཤོག་ཟེར།
སྲུ་མོ་ཅཱང་པེ་གླེང་མ་ཐག་ཏུ་ཉིའུ་ཁྲིན་ལ་རྣམ་རིག་ཅིག་རྒྱས་པ་ལྟར་ད་སོ་མར་ཁྲོམ་སྲང་ནས་བྱུང་བའི་དོན་དག་ཅིག་གླེང་བྱུང་། སྲུ་མོ་ཅཱང་པེ་ཡིས་བུད་མེད་ལོ་ཆུང་ཞིག་གི་མདུན་སོ་བཅག་སོང་ལ། ཁོ་མོ་ནི་ཝུའུ་ཐང་ལ"གཤིན་པོར་གཉེན་སྒྲིག"ཏུ་ཡོང་བའི་ས་ཁུལ་གཞན་གྱི་བུད་མེད་ཅིག་རེད་ཟེར། བུད་མེད་དེ་ཡོང་ནས་ཁོ་མོར་གྲོ་ཕྱེ་སྣུམ་བརྔོས་མ་འཚོང་རོགས་ཟེར་བར་སྲུ་མོ་ཅཱང་པེ་ཡིས་འཚོང་འདོད་མ་བྱས་པའི་ཁར། ཁོ་མོའི་གྲོ་ཕྱེ་སྣུམ་བརྔོས་མ་ནི་ཁོག་འཁྱོག་བསམ་གནག་གི་རིགས་ལ་བཙོང་བ་མིན་ཞེས་བཤད། བུད་མེད་ལོ་ཆུང་དེ་ཡང་བཙན་པོ་ཞིག་འདུག་པས་ཁོ་མོའི་ཐོག་ལ་མཆིལ་མ་ཞིག་འཕངས་ནས་ན་རེ། ཝུའུ་ཐང་ན་ཟོག་སྙིགས་གཅིག་ཡོད་ཅིང་། ཁྱོ་ག་གར་སོང་ཆ་མེད་དུ་གྱུར་འཕྲལ་ཁོ་མོས་བསྲན་མ་ནུས་པར་གད་སྙིགས་འཐུ་བའི་རྒན་པོ་དང་ལྷན་དུ་ཉལ་བ་རེད། ཟོག་སྙིགས་དེར་མི་གཞན་ལ་སྡིགས་མོ་བྱེད་པའི་ཐོབ་ཐང་ཡོད་དམ་ཞེས་སྨྲས། སྲུ་མོ་ཅཱང་པེ་དེ་མ་ཐག་ཏུ་ལག་འགུལ་ཏེ་ཁུ་ཚུར་གྱིས་རྒྱག་ཐེངས་འགས"གཤིན་པོར་གཉེན་སྒྲིག"བྱེད་མཁན་དེ་ཁ་ཁྲག་སྣ་ཁྲག་ཆིལ་ལེར་བཏང་བར་མ་ཟད་མདུན་སོ་གཅིག་ཀྱང་བཅག་སོང་བས། བུད་མེད་དེས་འོ་དོད་འདོན་བཞིན་ཁ་པར་བརྒྱབ་ནས་ཉེན་རྟོག་པ་བོས། མངགས་གཏོང་ཁང་གི་ཉེན་རྟོག་པ་དག་ཁྲོམ་སྲང་དུ་ཐོན་རྗེས། སྲུ་མོ་ཅཱང་པེ་ཡིས་དཀར་ནག་གི་དབྱེ་བ་མི་འབྱེད་པར་འཁྲུག་སློང་བཟོས་པ་རྟོགས་ཏེ་ཁོ་མོར་སྤྱོས་བྱུང་། ཁྱོད་ཀྱིས་ལྟོས་དང་། ཝུའུ་ཐང་གི་བུད་མེད་སུ་ཞིག་ཁྱོད་དང་འདྲ་བར་འདུག ཆང་ཁང་དཀྲུགས་པའི་རྗེས་སུ་སླར་ཡང་ཁྲོམ་སྲང་དཀྲུགས་ཀྱིན་འདུག་པས། བུད་མེད་ཅིག་གི་ཚུགས་ཀ་འདུག་གམ་ཟེར། སྲུ་མོ་ཅཱང་པེ་ནི་ཁྲོས་དྲགས་ཏེ་ད་སོ་མར་བགྲུངས་པའི་གྲོ་ཕྱེ་སྣུམ་བརྔོས་མ་ཕོར་བ་གང་དེ་ཉེན་རྟོག་པའི་ངོ་གདོང་ལ་ཕོས་བྱུང་བས། ཉེན་རྟོག་པ་དེ་ཚ་དྲགས་ནས་ཕག་ཕྲུག་བཤའ་བ་ལྟར་ཨག་སྐད་འདོན་བཞིན་འདུག ཉིའུ་ཁྲིན་གྱིས་དེ་ལྟར་བཤད་བཞིན་དུ་ཧ་ཧ་ཟེར་ནས་བགད་བྱུང་།
ཁྲིན་ཧྲའོ་ཁྲུང་ན་རེ། ད་ཐེངས་སྲུ་མོ་ཀྲོའུ་ཨེར་གྱིས་དོན་རྐྱེན་ཆེན་པོ་བསླངས་འདུག "གཤིན་པོར་གཉེན་སྒྲིག"མཁན་བུད་མེད་དེས་མདུན་སོ་ལྷུང་སོང་ཕྱིན། ད་དུང་ཁོ་མོར་སྒོར་སྟོང་ཕྲག་ཅིག་གི་འགྲོ་སྒོ་བྱུང་སོང་བ་རེད་ཟེར།
ཉིའུ་ཁྲིན་ན་རེ། སྲུ་མོ་ཅཱང་པེ་ལ་སྐྱེས་པ་དེ་འདྲ་མང་བོ་ཞིག་གིས་འགྲོ་གྲོན་གཏོང་བཞིན་ཡོད་ པས། ཁོ་མོའི་སོ་ལ་སྒོར་ཁྲི་ཡི་སྐྱིན་ཚབ་སྟེར་གཏོང་དགོས་ཀྱང་སླ་མོ་ཡིན་པ་རེད། ཡང་གཅིག་བཤད་ན་། མངགས་གཏོང་ཁང་གི་སྐྱག་གཟན་དེ་དག་གིས་ཀྱང་ཅཱང་པེ་མི་རྙེད་པར་འདུག་པས། ཁོ་ཚོས་ཀྱང་སྲུ་མོ་ཅཱང་པེ་ལ་ཅི་ཞིག་བྱེད་དམ་ཟེར།
ཕར་བལྟས་ན་ཅཱང་པེ་གར་སོང་ཆ་མེད་དུ་གྱུར་བའི་རྐྱེན་གྱིས་ཝུའུ་ཐང་དུ་སྲུ་མོ་ཅཱང་པེ་ཡང་་མི་སྣ་མིང་གྲགས་ཅན་དུ་གྱུར་འདུག་ཅིང་། ཁྱོད་རང་གྲུ་ཁ་གང་ཞིག་ཏུ་ཕྱིན་ཡང་ཁོ་མོའི་གནས་ཚུལ་ཐོས་ཐུབ་ཀྱིན་འདུག
ཉིའུ་ཁྲིན་བུད་སོང་། ཁྲིན་ཧྲའོ་ཁྲུང་གིས་སྔར་བཞིན་ཁོ་རང་གི་མེ་ཏོག་པད་མ་འབྲི་བཞིན་འདུགཁོས་མགོ་བོ་སྒུར་ནས་རྣམ་ཤེས་གཅིག་ཏུ་འཁོར་འདུག་པས། ཁོའི་མིག་ལམ་དུ་ང་ནི་ཕལ་ཆེར་རི་མོ་ཁང་གི་འགུལ་མེད་དངོས་བོ་ཞིག་ཡིན་པ་དང་འདྲ་འདུག ངའི་སེམས་ལ་ཁོ་རང་གིས་རི་མོ་བྲིས་ཚར་རྗེས་ང་རང་ཁ་བརྡ་བྱེད་པའི་རེ་བ་ཡོད་ཀྱང་སྲིད་སྙམ།
ང་རང་ཧྲིན་ཅིན་རི་མོ་ཁང་ནས་སྒོར་འབུད་པའི་སྐབས་སུ་ལུས་ཧྲིལ་བོར་ཁ་བའི་འདབ་མས་གཡོགས་ཡོད་པའི་ཚོར་སྣང་བྱུང་བ་ནི་ཁྲིན་ཧྲའོ་ཁྲུང་གི་གླུ་སྐད་ཁྲོད་ཀྱི་དབྱངས་རྟ་ད་དུང་ངའི་ལུས་ སྟེང་ནས་ཡལ་མེད་པས་རེད། ཉི་མ་ནི་སྲབ་མཐུག་མི་སྙོམ་པའི་འཐོར་སྤྲིན་ཁྲོད་དུ་འགྲོས་རྒྱུག་བྱེད་ཀྱིན་འདུག་སྟེ། སྤྲིན་སྲབ་སར་འཕྲད་དུས་ཁོ་རང་ཅུང་ཙམ་འཛུམ་བག་གིས་འཕྲོ་བར་བྱེད་ན་ཡང་སྤྲིན་སྟུག་པོར་འཕྲད་པ་ན་ཁ་ངོ་བསྒྲིབས་པའི་བཙུན་མ་ཞིག་དང་མཚུངས་པར་ཧ་ཅང་གཟབ་ནན་དུ་གྱུར་འགྲོ་ཞིང་། ས་གཞི་ཡང་དེ་དང་བསྟུན་ནས་རེས་གསལ་རེས་འགྲིབ་ཏུ་འགྱུར་གྱིན་འདུག ངས་ནི་ངའི་སྒྱུ་འཕྲུལ་མཁན་པོ་ཁོ་སྤྲིན་རིམ་གྱི་རྒྱབ་རོལ་ཏུ་ཡོད་མེད་མི་རྟོགས་པས། ཁོས་ད་དུང་ཡང་སྔོན་ཆད་བཞིན་འཇམ་བག་གིས་ང་ལ་བལྟས་ནས་ཡོད་དམ། ཉི་མ་དང་ཟླ་བ་གཉིས་དུས་གཏན་དུ་འཛུམ་བཀྲག་ལམ་ལམ་གྱིས་འཚེར་བ་ནི་བགྲང་ལས་འདས་པའི་སྔོན་མི་དུ་མའི་མིག་འོད་གཅིག་ཏུ་བསྡུས་ནས་མི་ཡུལ་དུ་སྤྲོ་བ་ཡིན་ནམ། སྤྲིན་ཚོམ་ཞིག་དལ་ཞིང་ཡང་བོར་འཕྱོ་བ་ནི་བྱ་སྒྲོ་ལེབ་མོ་ཞིག་དང་ཤིན་ཏུ་མཚུངས་བས། དེས་ངའི་གཉེན་སྒྲིག་འཚོ་བའི་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་ཉིན་མོ་དག་དྲན་དུ་བཅུག་སོང་། ནམ་རྒྱུན་གནང་སྐབས་སུ་ངས་དྲ་ཡོལ་ཕྱེ་སྟེ་གཉིད་སྟུག་པོར་བྱིང་པའི་དུས་དག་ཏུ་། ཐེངས་ག་ཚོད་ལ་ནངས་ཟས་བསྐྱར་སྲོ་བྱས་པ་མི་རྟོགས་པའི་སྒྱུ་འཕྲུལ་མཁན་པོས་བྱ་སྒྲོ་དཀར་བོ་ཞིག་བསྣམས་ནས་ངའི་གདོང་ལ་ཡང་མོར་རེག་སྟེ་ང་རང་སད་དུ་འཇུག་པ་ཡིན། བྱ་སྒྲོ་དེ་ནི་ཁོས་སྒྱུ་འཕྲུལ་སྟོན་བྱེད་ཀྱི་ཡོ་བྱད་ཡིན་ཞིང་། གར་སྟེགས་ཀྱི་སྟེང་དུ་ཁོས་བྱ་སྒྲོ་དེ་བཀོལ་ནས་ལག་རས་དང་ཀ་ར་ནར་བོ་དག་བརྗེ་འགྱུར་བྱེད་དུ་བཅུག་པ་རེད། ང་རང་གཉིད་ལས་བསླངས་པ་ན་ནམ་རྒྱུན་ཁོའི་སྣ་ནས་བཙིར་ཏེ་དབུགས་གཏོང་ལེན་བྱེད་དུ་མ་བཅུག་པ་སྟེ་ངའི་རྨི་ལམ་སྐྱིད་པོ་དཀྲོགས་པར་ཆད་པ་བཅད་པ་ཡིན། ཁོས་བྱ་སྒྲོ་གཡབ་བཞིན་ཁ་ཆེ་རུ་གདངས་ནས་ཧ་ཅང་དཀའ་ཁག་ཆེ་བའི་ངང་ང་ལ་བཤད་རྒྱུར། ཁྱོད་རང་ཞག་གང་བོར་གཉིད་དེ་རྫི་མའི་ནང་དུ་མིག་སྐྱག་གིས་ཁེངས་འདུག ངས་ཁྱོད་ལ་གཙང་སྦྲ་ཞིག་བྱས་ན་འོས་པ་མ་ཡིན་ནམ་ཟེར་ནས། བྱ་སྒྲོ་ཕྱགས་མ་ཡིན་པ་ལྟར་བྱས་ཏེ་ངའི་རྫི་མ་ལྷས་རའི་མཐའ་རུ་བསྐོར་བའི་སྨྱུག་དྲ་བྱས་འགྲོ ཁོ་རང་ཚེ་ལས་འདས་རྗེས། ངས་བྱ་སྒྲོ་དེ་ཁོའི་མཛུབ་བར་བཅུག་ནས་ཁོ་དང་ལྷན་དུ་སྦྱིན་བསྲེགས་བྱས་པ་ཡིན། རྒྱུ་མཚན་ནི་ད་ནས་བཟུང་སྐྱེས་པ་གཞན་སུ་ཞིག་གིས་ཀྱང་བྱ་སྒྲོ་འདི་བཟུང་ནས་ང་རང་གཉིད་ལས་སློང་མི་སྲིད་པས་ཡིན།
རྒྱུས་མེད་ཀྱི་སྲང་མདོ་ནས་ངའི་མིག་ཆུ་བཞུར་བྱུང་། སྒྱུ་འཕྲུལ་མཁན་པོ་དྲན་པ་ཙམ་གྱིས་སེམས་ལ་ན་ཟུག་སྐྱེས་མགོ་བརྩམས་ཡོང་། སྐྱོ་སྡུག་གིས་གཟིར་བའི་མི་དག་ནི་རྒྱུས་མེད་ཀྱི་ཁོར་ཡུག་ཁྲོད་དུ་བསྡད་ཚེ་བདེ་སྐྱིད་ལྡན་པ་ཡིན་ཏེ། རྒྱུ་མཚན་ནི་ཁྱོད་ཀྱིས་རྒྱུས་ཡོད་ཀྱི་མི་དང་ཡུལ་ལྗོངས་ཀྱི་མདུན་དུ་བསྲན་ཚུགས་ཕར་ཕྱིན་བྱེད་པ་ལྟ་བུ་མ་ཡིན་པར་རང་སེམས་ལྷོད་དུ་ཕབ་ནས་མིག་ཆུ་གང་འདོད་དུ་བཏང་ཆོག་པས་རེད།
ངས་ངུ་སྔངས་བྱེད་བཞིན་དུ་དམིགས་ཡུལ་མེད་པར་མདུན་དུ་བསྐྱོད། ལམ་འགྲོ་བ་འགའ་རེས་ངའི་ངོ་གདོང་མིག་ཆུས་བརླན་ཡོད་པ་མཐོང་ནས་ཡ་མཚར་བའི་རྣམ་འགྱུར་སྟོན། མི་གཉིས་ཀྱིས་སེམས་ཁུར་བྱེད་པའི་ངང་ང་ལ་སྐད་ཆ་ཞིབ་འདྲི་བྱེད། གཅིག་གིས་ང་ལ་དངོས་བོ་བོར་སོང་བ་མིན་ནམ་ཟེར་ནས་འདྲི་བ་དང་། གཅིག་གིས་ང་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་སོང་བ་མིན་ནམ་ཟེར་ནས་འདྲི་བར་བྱེད། ངས་ཁོ་ཚོ་ལ་ལན་འདེབས་བྱེད་ནི་སྐད་ཆ་མ་ཡིན་པར་རྒྱུན་ཆད་མེད་པར་བཞུར་བའི་མིག་ཆུ་ཁོ་ན་ཡིན། ང་རང་ལམ་ལ་འགྲོ་ཞོར་དང་གནམ་ལ་ལྟ་ཞོར་བྱས། མཇུག་མཐར་བྱ་སྒྲོ་ལྟ་བུའི་སྤྲིན་ཚོམ་དེ་མི་མངོན་པར་ཡལ་བའི་སྐབས་སུ་གཞི་ནས་རྡོག་འོག་གི་ལམ་ལ་མཉམ་འཇོག་ བྱས། ཉི་མའི་ཕྱི་མིག་སྲང་གོག་བརྒལ་ཚེ་སྤྲིན་པ་སེར་བོའི་སྲང་ལམ་ལ་སླེབས་པ་རེད། ང་རང་ཝུའུ་ཐང་གི་སྲང་ལམ་གྱི་མིང་དག་ལ་ཧ་ཅང་དགའ་བོ་འདུག་སྟེ། དེ་ལ་སྤྱི་བྱིངས་ཀྱི་མིང་ཆེན་པོ་མེད་པ་རེད། དཔེར་ན་གྲོང་ཁྱེར་ཆེ་ཤོས་དག་ཏུ་མདུན་སྐྱོད་ལམ་དང་། ཀྲུང་ཧྲན་ལམ། རྒྱལ་ཁའི་ལམ། འོད་ཟེར་ལམ། དར་དམར་ལམ་སོགས་མང་ན་ཡང་། ཝུའུ་ཐང་གི་སྲང་ལམ་དག་གི་མིང་ནི་དགོང་ཁའི་ལྷག་ཟེར་འོག་ཏུ་བསྡད་དེ་འཆར་ཡན་གྱི་རྨི་ལམ་རྨིས་པར་མཁས་པའི་གཞུང་ལུགས་པ་རྙིང་བ་ཞིག་གིས་བཏགས་པ་དང་འདྲ་བར་འདུག་སྟེ། དཔེར་ན་འདམ་བག་སྔོན་པོའི་ལམ་དང་། མཚམས་སྤྲིན་ལྷུང་བའི་སྲང་ལམ། ཟླ་བའི་ལྗོན་པའི་སྲང་ལམ་ལྟ་བུའོ་། ང་རང་འདམ་བག་སྔོན་པོའི་སྲང་ལམ་གྱི་མིང་ལ་དགའ་བར་མ་ཟད་ད་དུང་ཟླ་བའི་ལྗོན་པའི་སྲང་ལམ་གྱི་མིང་ལ་དགའ་། ཟླ་བའི་ལྗོན་པའི་སྲང་ལམ་དུ་གཞས་ཁང་འགའ་ཡོད་ཅིང་། ང་རང་གཞས་ཁང་ཞིག་གི་ནང་དུ་སོང་སྟེ་དེ་གར་དམངས་གླུ་ལེན་མཁན་ཡོད་མེད་དྲིས་པ་ན། ལས་གཉེར་བས་ང་ལ། ཁྱོད་ཀྱིས་དམངས་གླུ་ཞིག་ལེན་དུ་གཞུག་འདོད་དམ་ཟེར། ཁོ་ཚོས་སྤྲོ་སྣང་ཆེན་པོསKTVསྦུག་ཁང་ལས་གཞས་འདེམ་དེབ་བླངས་ཏེ《རི་སྐྱེས་མེ་ཏོག་གད་ནས་དམར་ལམ་ལམ།》《ཞི་ཁོའུ་ལ་བསྐྱོད་པ།》《ནོར་རྫི་ཆུང་བ།》《ལེ་དབར་བཅུ་ལ་དམར་དམག་བསྐྱལ་བ།》《མེ་ཏོག་སྔོན་པོ།》སོགས་རེ་རེ་བཞིན་ང་ལ་འོས་སྦྱོར་བྱས་སོང་། ངས་ཁོ་ཚོར་ང་ལ་མཁོ་བ་ནི་ད་ལྟ་ཉམས་རྒུད་དུ་གྱུར་ཟིན་པའི་དམངས་གླུའི་རིགས་དེ་དག་ཡིན་ཞེས་བཤད་པ་ན། ཁོ་ཚོས་ཀྱང་ཐན་འདྲེ་ཞིག་ལ་ཚོད་དཔག་བྱེད་པ་ལྟར་ང་ལ་བལྟས་ཏེ། དེས་ན་ཁྱོད་ཀྱིས་ལམ་ནོར་སོང་བ་རེད་ཟེར།
ང་རང་ཡང་དངོས་གནས་ལམ་ནོར་ཐེབས་སོང་བ་འདྲ། གཞས་ཁང་གི་ལས་གཉེར་ད་དུང་མཐོ་རླབས་སུ་སླེབས་མེད་ན་ཡང་གློ་བུར་རེར་མཆེད་ཡོང་བའི་གླུ་སྐད་ཟ་ཟི་དག་ནི་སྲོལ་རྒྱུན་དང་མི་མཐུན་པའི་གསར་དར་གླུ་དབྱངས་ཤ་སྟག་ཡིན་འདུག གསར་དར་གླུ་དབྱངས་ཀྱི་ཁྲོད་དུ་རིགས་གཉིས་ནི་ཉེ་ཆར་ཆེས་རྒྱུགས་ཆེ་བར་འདུག་པ་སྟེ། རིགས་གཅིག་ནི་སྐད་འཛེར་ཤུགས་ཟད་ངང་མགྲིན་པ་འགག་པ་ལྟར་འཁྲོལ་ལ་མི་འཁྲོལ་བའི་ངང་ལེན་པ་དེ་ཡིན་པ་དང་། རིགས་གཉིས་པ་ནི་སྡུག་ཡུས་བརྗོད་པ་ཇི་བཞིན་ལྕེ་སྙི་གདངས་ཞན་གྱིས་སྦྲང་བུའི་གཤོག་སྒྲ་ལྟར་གྲགས་པ་དེ་རེད་མོད། ངའི་ཚོར་སྣང་དུ་འདི་ལྟ་བུའི་གླུ་དབྱངས་ནི་མི་ཡུལ་གྱི་འཛེར་སྐད་ཁོ་ན་ཡིན་པ་ལྟ་བུའི་སྣང་བ་སྐྱེས་འོང་། མཇུག་མཐར"སྐར་མ"ཞེས་པའི་གཞས་ཁང་ཞིག་ཏུ་ངས་གཞི་ནས་ལོ་རབས་སུམ་ཅུ་བའི་སྐབས་ཀྱི་ཡིན་པའི་གཞས་རྙིང《སྲང་གོག་གི་དཔྱིད་ཀ》ཞེས་པ་ཐོས་པས་རང་ཉིད་ཀྱི་ཡི་ག་གསོ་ཐུབ་པར་གྱུར་སོང་། གཞས་དེ་ལེན་མཁན་ནི་ལོ་ན་ཉི་ཤུ་ཡས་མས་ཡིན་པའི་བུ་མོ་ཞིག་རེད་ཅིང་། ཁོ་མོས་ཀྲོའུ་ཞོན་ལ་ལད་ཟློས་བྱས་པ་ཡིན་པས་ཞིམ་མངར་དྭངས་གཙང་གི་ཉམས་འགྱུར་ཅུང་འུད་ཆེ་བ་ལྟར་སྣང་ཡང་། འགྱུར་ཁུགས་རང་སྟེང་གི་མཛེས་པ་དེ་ལྡོག་ཏུ་མེད་པའི་གཙང་ཆུ་བཞིན་ཐོལ་ཐོལ་དུ་འཕྱོ་ཞིང་འོང་། ང་རང་གཞས་རྙིང་དེའི་གླུ་ཚིག་ལ་ཧ་ཅང་དགའ་བར་འདུག
མི་ཡུལ་ན་དག་ཞིང་ཡོད་དེ། དག་ཞིང་ནི་སྲང་གོག་ཡིན་སོང་། དཔྱིད་དཔལ་ལ་ཕྱོགས་རིས་མེད་པས། དྲོད་ཁོལ་ནི་ཀུན་ཏུ་བཀླུབས་ཡོད། ལྗོན་རྩེ་རུ་བྱེའུ་ཆུང་འཁོར། བྱེའུ་ཆུང་གིས་གླུ་དབྱངས་ལེན། གླུ་དབྱངས་ལས་བསྔགས་པ་བརྗོད། ལང་ཚོའི་རྔམ་བརྗིད་ལ་བསྔགས་པ་བརྗོད།
ཁྱིམ་མཚེས་ཀྱི་ན་ཆུང་བུ་མོས། དྲ་འདབས་སུ་གྱོན་གོས་སྐེམ་མོ། སྨིན་མཚམས་སུ་སྤྲོ་སྣང་བརྡོལ་བ། མི་འགྱངས་བར་བག་གསར་བྱེད་དོ། སྲང་གོག་ལ་དཔྱིད་དཔལ་ཤར། དཔྱིད་ཀའི་མེ་ཏོག་གི་བསུང་ངད་གང་སར་འཐུལ། ང་ཚོས་ལག་ཟུང་ཐལ་མོ་བརྡབས་ཏེ་དཔྱིད་དཔལ་བཟང་བོར་བསུ་བ་བྱེད།
ཚོན་ཞུ་སྣ་ཚོགས་འཁྱུག་པའི་སྒྲོན་འོད་འོག་ཏུ་ང་རང་མར་བསྡད་ནས་འོ་ཇ་ཕོར་གང་བླངས་ཤིང་གླུ་དབྱངས་ལ་ཉན། གླུ་དབྱངས་ཚན་པ་དེར་ཉན་ཚར་རྗེས་ང་རང་ཡང་བསྐྱར་ཟླ་བའི་ལྗོན་པའི་སྲང་ལམ་དུ་སོང་།
ཟླ་བའི་ལྗོན་པའི་སྲང་ལམ་དུ་མི་ཡི་འདུ་འགོད་ཇེ་མང་དུ་གྱུར་སོང་། ས་སྲོད་དུ་སླེབས་ལ་ཉེ་ཤིང་མི་རྣམས་ཡུལ་དུ་ལོག་པར་བྲེལ་གྱིན་འདུག་པས་ཁྲོམ་སྲང་ཡང་སྔར་བས་ཟིང་ཟིང་དུ་གྱུར་སོང་། ང་རང་ཕྱེ་ཐུག་ཁང་ཞིག་ཏུ་ཕྱིན་ཏེ་ཧུབ་ཐུག་དཀར་ཡོལ་གང་འཐུང་བ་དང་། དེ་རྗེས་སླར་ཡང་ཇ་ཁང་ཞིག་ཏུ་འཛུལ་ནས་མངར་ཇ་ཞིག་འཐུང་བ་ཡིན། ཇ་ཕོར་ནི་སྣུམ་ཡུག་ཡུག་ཏུ་འདུག་པས་སྣང་བ་ཞིག་ལ་འདི་ཚང་གི་སྦྱིན་བདག་ཁོ་ཤ་རིགས་འཚོང་མཁན་ཞིག་ཡིན་པ་ལས་ཇ་ཁང་གཉེར་མཁན་ཞིག་མིན་པ་ལྟར་སྣང་། ང་རང་ཕྱིར་ཟླ་བའི་ལྗོན་པའི་སྲང་ལམ་དུ་སླེབས་པའི་ཚེ་ན་གནམ་ངོ་ཡང་འགྱུར་ཟིན་འདུག གླུ་ཁང་གི་ཚོན་བཀྲའི་མིག་འོད་འཛུམ་མགོ་བརྩམས་བྱུང་ལ། འཁོར་བསྐྱོད་བྱེད་པའི་ཚོང་བ་དག་ཀྱང་སྲང་ལམ་དུ་འཚངས་བྱུང་། ཁོ་ཚོས་འཚོང་བའི་དངོས་རིགས་ཀྱང་སྣ་ཚོགས་སུ་སྣང་སྟེ། བག་ལེབ་དང་སྐམ་ཤ་འཚོང་མཁན་ཡོད་པར་མ་ཟད་ཀ་ར་སྲིང་བལ་འཚོང་མཁན་དང་མགོ་རས་འཚོང་མཁན། རྔུལ་ལེན་དང་དོར་ཐུང་འཚོང་མཁན། ཤིང་ཏོག་རིགས་འཚོང་མཁན་ནས་ལག་འཁྱེར་ཁ་པར་རྙིང་བ་འཚོང་མཁན་དང་བརྐུས་དཔར་དཔེ་ཆ་འཚོང་མཁན་སོགས་འདུག ངས་གོ་རེ་བསྲེགས་མ་གཅིག་དང་སྐམ་ཤ་བསྙལ་མ་དུམ་བུ་ཞིག་ཉོས་རྗེས་སླར་ཡང་ཚོང་ཁང་ཆེན་པོ་ཞིག་ཏུ་ཕྱིན་ནས་ཆང་དཀར་དམ་བི་གང་ཉོས་ཏེ་ཐད་ཀར་ཉི་མའི་ཕྱི་མིག་སྲང་གོག་གི་ཕྱོགས་སུ་ཕྱིན་པ་ཡིན། འདི་ལྟ་བུའི་ཉི་ནུབ་ཀྱི་སྐབས་སུ་སྨྲེང་གཞས་ཚན་པ་འགར་གཟབ་ཉན་བྱས་ཏེ་ངས་ད་དུང་ཡང་ལུས་སྟེང་ཧྲིལ་བོར་ཁ་བའི་འདབ་མ་ལྟ་བུའི་དྭངས་གཙང་དེ་བསྒོས་པར་འདོད།
རི་མོ་ཁང་དུ་སླེབས་ལ་ཉེ་དུས། ངས་དེ་དང་ཁྱིམ་མཚེས་བྱས་ཡོད་པའི་དུར་གོས་ཁང་ལས་དར་ནག་གྱོན་པའི་མི་གཉིས་ཕྱིར་བུད་བྱུང་། ཁོ་ཚོས་མེ་ཏོག་གི་ཕྲེང་བ་ཆེན་པོ་ཞིག་བཏེགས་ནས་འདུག དཀར་སེར་དམར་མདོག་གི་མེ་ཏོག་དེ་དག་མཚན་རླུང་བསིལ་མོས་གཡོས་པས་ཧྲག་ཧྲག་གི་སྒྲ་གྲགས་ཀྱིན་འདུག་པ་དེས་ངའི་སེམས་ལ་རང་དབང་མེད་པར་སྒྱུ་འཕྲུལ་མཁན་པོའི་དུར་མཆོད་ཆོ་ག་དྲན་དུ་བཅུག་བྱུང་། སྐབས་དེར་ཡང་མི་མང་བོས་ཁོ་ལ་མེ་ཏོག་གི་ཕྲེང་བ་ཕུལ་བྱུང་། འོན་ཀྱང་ངས་ནི་ཁོ་རང་ཤོག་བུའི་མེ་ཏོག་ལ་སྔར་ནས་དགའ་བོ་མེད་པ་ཤེས་པས། མི་མངགས་ནས་གདུང་ཁང་གི་མེ་ཏོག་ཕྲེང་བ་ཡོད་ཚད་ཕྱི་རོལ་ཏུ་ཕྱུངས་སུ་བཅུག ཤུལ་དུ་ང་རང་གཅིག་པུས་ཁོ་ལ་པུར་སྲུང་བྱས་ན་ཆོག་སྟེ། དེའི་རྒྱུ་མཚན་ཡང་ང་ནི་ཁོའི་མིག་ལམ་གྱི་མེ་ཏོག་གཅིག་པུ་ཡིན་ཞིང་། ཁོ་རང་ཡང་མེ་ཏོག་འདི་ཉིད་ཀྱི་མཛེས་པ་ཉམས་སུ་མྱོང་མཁན་གཅིག་པུ་ཡིན་པས་རེད།
ངས་རི་མོ་ཁང་གི་སྒོ་ཕྱེ་བའ
འཕྲིན་སྟེགས། weikangba