འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ།
ཁྲུ་ཙེ་ཇན་གྱིས་བརྩམས།(རྒྱ་རིགས)
སྟག་འབུམ་རྒྱལ་གྱིས་བསྒྱུར།
ལེའུ་ལྔ་བ། ཁུ་སིམ་པའི་འཁྱག་རི།
ངས་ནི་ནངས་མོ་ཀྲོའུ་ཨེར་དང་ལྷན་དུ་འགྲུལ་བ་གྱོལ་བོ་དེ་འཚོལ་དུས་ཁྲིན་ཧྲའོ་ཁྲུང་ཤི་སོང་བའི་སྐད་ཆ་ཐོས་པ་ཡིན།
ཀྲོའུ་ཨེར་ནི་ནམ་རྒྱུན་དང་འདྲ་བར་ནངས་སྔ་མོ་ནས་ལངས་ཤིང་བོང་བུར་སྐེ་བཅོས་ནས་རང་འཐག་འཐགས་པ་རེད། ཁོས་རང་འཐག་གི་མིག་ནང་དུ་སྦངས་ཡོད་པའི་སྲན་སེར་ལྡུག་པའི་སྐབས་སུ་འགྲུལ་བ་རྣམས་ལ་འཁྲུད་ཆུ་བསྲོ་བཞིན་པའི་སྲུ་མོ་ཀྲོའུ་ཨེར་དངངས་འཚབ་དང་བཅས་རང་འཐག་ཁང་དུ་བརྒྱུགས་ཡོང་སྟེ། མ་བཟང་འདུག སྒྱིད་པ་ཆག་ཡོད་པའི་འགྲུལ་བ་དེ་མཐོང་རྒྱུ་མི་འདུག་ཟེར། མགྲོན་ཁང་དུ་སྡོད་མཁན་ཚང་མ་སྲུ་མོ་ཀྲོའུ་ཨེར་གྱི་འགྲུལ་བ་རྙིང་བ་ཡིན་ཏེ། དེ་དག་གི་ཁྲོད་དུ་རྡོ་སོལ་འདྲུད་མཁན་གྱི་ཁ་ལོ་བ་དང་ཚོང་རྩག་རྩིག་རྒྱག་མཁན་ནམ་ཡང་ན་སྨན་རིགས་ཉོ་སྡུད་བྱེད་ མཁན་གྱི་ཚོང་བ་སོགས་རེད། སྲུ་མོ་ཀྲོའུ་ཨེར་གྱིས་མི་ཚང་མ་བོས་ཡོང་སྟེ་བོར་སོང་བའི་མི་དེ་འཚོལ་རོགས་བྱེད་དུ་བཅུག
སྲུ་མོ་ཀྲོའུ་ཨེར་གྱིས་མི་སྐོར་ཞིག་ཁྲིད་ནས་ནུབ་ལྷོའི་ཕྱོགས་སུ་འཚོལ་དུ་ཕྱིན་སོང་བ་དང་། ང་དང་ཀྲོའུ་ཨེར་གཉིས་ཀ་ཤར་བྱང་གི་ཕྱོགས་སུ་བརྒྱུགས་པ་ཡིན། ནམ་ལངས་འདུག་ན་ཡང་དེ་འདྲའི་གསལ་ཐག་ཆོད་པ་ཞིག་མིན་པས་སྲང་ལམ་དུ་མི་འགྲོ་འོང་བྱེད་མཁན་མི་འདུག་པས་མདངས་ཤོར་ཞིང་རྙིང་ཐལ་ཆེ་བའི་རས་ཧྲལ་ཕོན་པོ་ཞིག་དང་མཚུངས་མོད། མཁའ་དབུགས་ནི་ཉིན་མོ་དང་བསྡུར་ན་དྭངས་ཤིང་གཙང་བར་འདུག ཀྲོའུ་ཨེར་གྱིས་འཚོལ་ཞོར་དུ་ཚར་རྒྱུ་མེད་པའི་ངང་སྲུ་མོ་ཀྲོའུ་ཨེར་ནི་འདི་འདྲའི་སྐལ་མེད་སར་སྐེ་བསྲིངས་མཁན་གྱི་བུད་མེད་ཅིག་ཡིན་ཚུལ་དང་། ཁོ་མོས་བསྒྲུབ་འདོད་པའི་བྱ་བར་མ་བསྟུན་ཚེ་ཁོ་མོས་ཕྱིར་ལྡོག་གིས་འཁོན་རྩོད་བྱས་ཡོང་བ་རེད་ཟེར། ཁོ་མོས་ཀྲོའུ་ཨེར་ལ་ཚོད་འཛིན་བྱེད་ཐབས་ནི་ཉིན་རེར་ཟས་ཅོག་སྟེང་དུ་ཚོད་མ་བསྙལ་མ་སྡེར་ཆུང་གཉིས་དང་ཅོང་རྡོག་སྡེར་མ་གང་ལས་མི་འཇོག་པ་དེ་རེད་ཅིང་། ཀྲོའུ་ཨེར་གྱིས་ཀྱང་ཉིན་གང་བོ་ཁྲོམ་སྲང་དུ་འཁྱོལ་ཐབས་བྱས་ཀྱང་ཆེས་སེམས་ཁྲལ་བྱེད་ས་ནི་དགོང་ཟས་ཁའི་ཆང་དཀར་བསྲོས་མ་དང་ཞིམ་མངར་གྱི་ཚལ་སྣ་དེ་ཡིན་པས་ཁོས་གང་བྱུང་ངང་སྲུ་མོ་ཀྲོའུ་ཨེར་གྱི་བྱ་སྤྱོད་ལ་ཐེ་གཏོགས་བྱེད་མི་ཕོད། ཁོས་བཤད་ན་གལ་ཏེ་མི་དེ་བཙལ་མ་རྙེད་ཚེ་སྲུ་མོ་ཀྲོའུ་ཨེར་གྱིས་རྫ་མའི་ནང་གི་བ་སྤུ་སྐྱེས་པའི་སྐྱུར་ཚལ་བླངས་ནས་ཁོ་ལ་དེ་ལན་འཇལ་ངེས་རེད་ཟེར། ངས་ཀྲོའུ་ཨེར་ལ་སེམས་གསོ་བྱས་ཏེ་འཁར་བ་ཐོགས་པའི་ནད་པ་ཞིག་ཐག་རིང་དུ་ཐོན་མི་ནུས་པས། ཁོ་རང་མཁར་གྲོང་ལས་ཕྱིར་འབུད་ཐབས་མེད་ཅེས་བཤད།
ཡིན་ན་ཡང་བོར་སོང་བའི་མི་དེ་དངོས་གནས་གར་སོང་རྗེས་མེད་དུ་གྱུར་སོང་། ང་ཚོས་རླངས་འཁོར་ས་ཚིགས་དང་མེ་འཁོར་ས་ཚིགས། ཟམ་པའི་འོག སྡོད་དམངས་ཁུལ་གྱི་ལྕགས་རྟ་འཇོག་ས། གད་སྙིགས་གསོག་ས། སྤྱི་གླིང་དང་ཐ་ན་སྤྱི་སྤྱོད་སྤྱོད་ཁང་སོགས་ཁོ་རང་འགྲོ་ངེས་པའི་ས་ཆ་ཡོད་ཚད་ལ་བཙལ་ཡང་རྙེད་མ་བྱུང་། ངས་ཀྲོའུ་ཨེར་ལ་བལྟས་ཏེ། སྟབས་ལེགས་ན་སྲུ་མོ་ཀྲོའུ་ཨེར་སོགས་ཀྱིས་ཁོ་རང་རྙེད་དེ་ད་ལྟ་ཁུ་དྭངས་ཚ་བོ་འཐུང་བཞིན་པའི་སྒང་ཡིན་ཡང་སྲིད་ཅེས་བཤད། དེ་བས་ངེད་གཉིས་ཕྱིར་ལྡོག་གིས་མགྲོན་ཁང་དུ་ལོག བསམ་ཡུལ་ལས་འདས་པ་ཞིག་ལ་སྲུ་མོ་ཀྲོའུ་ཨེར་དང་བཅས་པ་ཡང་རེ་ཆད་ངང་ཕྱིར་ཐོན་འདུག་ཅིང་ཞོགས་སྔ་མོ་ནས་གཟེད་པའི་དྲ་བ་ཆེན་པོ་གཉིས་ཀྱི་ནང་དུ་ཡོང་འབབ་ཅི་བྱུང་མ་སོང་བས་སྲུ་མོ་ཀྲོའུ་ཨེར་གྱི་མིག་མཐའ་མཆི་མས་ཁེངས་པར་གྱུར། ཁོ་མོས་ཀྲོའུ་ཨེར་ལ་ལེ་བདའ་བྱེད་རྒྱུར། མདང་དགོང་ཁོང་ཁྱོ་ཤུག་གཉིས་ཀས་ཚིག་རྩོད་བྱས་པ་དག་ཁོས་ཐོས་སོང་བ་ཐག་ཆོད་རེད་ཅིང་། མགྲོན་ཁང་བདག་པོས་ཁོ་རང་ལ་དགའ་བསུ་བྱེད་ཀྱིན་མི་འདུག་པ་ཚོར་འཕྲལ་སེམས་ཁོང་དུ་ཆུད་ནས་ནམ་གུང་སུས་ཀྱང་མི་ཚོར་བའི་སྐབས་སུ་ཁ་རོག་གེར་བུད་སོང་བ་ཡིན་ངེས་རེད། གལ་ཏེ་ཁོ་རང་ལམ་བར་ནས་ཤི་བར་གྱུར་ཚེ་ལག་དམར་ནི་ཀྲོའུ་ཨེར་ལས་འཆོར་ས་མེད་ཟེར།
ཀྲོའུ་ཨེར་གྱིས་སྐད་ཆ་ཡིན་མིན་ཅི་ཡང་བཤད་མི་ཕོད་པར་གཉའ་ཞུམ་ནས་ཉན་རྐྱང་བྱེད། མཇུག་མཐར་ཁོ་ན་རེ། ཁོ་རང་ཐག་རིང་དུ་ཐོན་མི་སྲིད་པས་ང་ཡང་བསྐྱར་སོང་ནས་ཁོ་བཙལ་ཆོག་ཟེར།
ཀྲོའུ་ཨེར་དང་ངེད་གཉིས་ཡང་བསྐྱར་སྲང་ལམ་དུ་བསྐྱོད། ཀྲོའུ་ཨེར་ན་རེ། བོང་བུས་དོན་མེད་དུ་རང་འཐག་བསྐོར་སོང་། དེ་རིང་གི་སྲན་ཕྱུར་ལས་མ་ཐུབ་པས་ཉིན་འདིའི་ཞོར་ལས་ཀྱང་དེ་ལྟར་ རྡིབ་སོང་བ་རེད་ཅིང་། ང་རང་ཡང་ཁྲོམ་སྲང་དུ་འགྲོ་མ་ཐུབ་པ་རེད། ང་དང་རྒད་པོ་ཞེའེ་གཉིས་ཀྱིས་ཁ་སང་གི་འགྱིག་འདེད་འཕྲོ་ད་དུང་བསྒུལ་མེད་པར་དེ་རིང་མུ་མཐུད་དུ་འདེད་རྩིས་ཡིན་པས། ཐེངས་རྗེས་མའི་འགྱིག་རྡེའུ་ཇི་ལྟར་འགྲོ་དགོས་པར་ངས་མདང་དགོང་ནས་འདང་བརྒྱབ་ཡོད་པས་་་་་་ཧེ་་་་ཟེར།
ངས་ཁོ་ལ་སེམས་གསོ་བྱས་ཏེ་མི་འགྱངས་པར་མི་དེ་ངེས་པར་དུ་རྙེད་ཐུབ་ཚུལ་བཤད། ཀྲོའུ་ཨེར་གྱིས་བསྲན་མ་ཚུགས་པར་མི་དེ་ལ་ལེ་བདའ་བྱེད་རྒྱུར། ཁྱོད་ཀྱིས་ཤོད་དང་། སྐྱེས་ཕོ་རབ་ཅིག་དང་མི་འདྲ་བར་ངོ་ཤ་དེ་འདྲ་སྲབ་མོ་འདུག རྣར་མི་སྙན་པའི་སྐད་ཆ་ཞིག་ཐོས་མ་ཐག་དེ་འཕྲལ་བྲོས་འགྲོ་གིན་འདུག མཚན་མོ་བུད་འགྲོ་བས་ཙི་གུ་མ་རེད་ཨང་། འདི་ནི་ཆེད་དུ་ང་དང་ཆུང་མའི་བར་དུ་ འཁོན་ཁ་བསླངས་པ་མ་རེད་དམ། གནའ་ཤི་བོ་ཟེར།
རིམ་བཞིན་དུ་ནམ་གསལ་ཐག་ཆོད་དེ་ཁྲོམ་སྲང་དུ་མི་ཡི་འགྲོ་འོང་བྱེད་པ་མཐོང་རྒྱུ་འདུག་ལ། སྲང་ལམ་གཙོ་བོ་ཁག་ཏུ་ཁོག་སྟོད་དུ་སྟོད་ཐུང་སེར་བོ་གྱོན་པའི་གད་སྙིགས་ཕྱགས་མཁན་དག་ཀྱང་མངོན་བྱུང་། ཁོ་ཚོ་རེ་རེའི་གན་དུ་སོང་ནས་གོག་བགྲོད་བྱས་ནས་འགྲོ་བའི་མི་ཞིག་མཐོང་མིན་དྲིས་ཀྱང་ཚང་མས་མགོ་བོ་འཕྲེད་དུ་གཡུག་གིན་དུ་མ་མཐོང་ཟེར།ང་ཚོ་ནོམ་བརྒྱ་ཚོང་ཁང་གི་ནང་དང་སྨན་ཁང་ནང་། འབྲུ་སྣུམ་ཚོང་ཁང་ནང་སོགས་གཅིག་ཀྱང་མ་ལུས་པར་བཙལ་ནས། སྲང་ལམ་གཅིག་ནས་གཅིག་བརྒྱུད་པ་དང་། སྲང་ལམ་དེ་ནས་སྲང་ལམ་གཞན་དུ་བུད་དེ་མཇུག་མཐར་ཟླ་བའི་ལྗོན་པའི་སྲང་ལམ་དུ་ཐོན། སྐྱ་ལོང་བའི་ཉི་མ་ཡར་འཕགས་བྱུང་བས། ཤར་ཕྱོགས་སུ་ཁ་བསྟན་པའི་ཁང་བརྩེགས་དག་གིས་མཚན་གང་བོའི་འཁྱག་ལྟོགས་བཟོད་བསྲན་བྱས་མཐར་ད་ལྟ་གཞི་ནས་ཉི་འོད་ཀྱི་མངར་ཁ་མྱོང་བཞིན་བག་ལྷོད་པོར་འདུག་ལ། རླངས་འཁོར་གྱི་དུང་སྒྲ་དང་མི་ཚོགས་ཀྱི་ཅ་ཅོ་རིམ་བཞིན་ཇེ་ཆེར་གྱུར་བས་སྲང་ལམ་དག་ལ་ཡང་སྲང་ལམ་གྱི་ཁྱད་ཆོས་དོད་པར་གྱུར་འདུག ང་ཚོས་ཟླ་བའི་ལྗོན་པའི་སྲང་ལམ་དེད་དེ་རང་ཤུགས་ཀྱིས་ཉི་མའི་ཕྱི་མིག་སྲང་གོག་ཏུ་ཞུགས། རྒྱང་རིང་ནས་ཡོང་དུས་ཅིན་ཁྲིན་རི་མོ་ཁང་གི་སྒོ་ཁར་མི་ཚོགས་འདུས་འདུག་པ་མཐོང་བྱུང་བས། ཀྲོའུ་ཨེར་གྱིས་ང་ལ་། རི་མོ་ཁང་དུ་དོན་དག་ཅིག་བྱུང་སོང་བ་ངེས་ཅན་རེད། ཁྲིན་བགྲེས་པོས་འདི་འདྲ་སྔ་བོར་སྒོ་མི་འབྱེད་ལ། མི་འདི་འདྲ་མང་བོ་ཞིག་ནངས་སྔ་མོར་དེ་རུ་འདུས་དོན་ཡང་མེད་ཟེར།
ང་ཚོས་གོམ་པ་ཇེ་མྱུར་དུ་བཏང་ནས་རི་མོ་ཁང་གི་ཐག་ཉེར་སླེབས་ལ་ཉེ་དུས། ཀྲོའུ་ཨེར་ནི་འགྲམ་པ་གཅུས་ཏེ་ཡོད་པའི་ཁོའི་ངོ་ཤེས་ཤིག་ལ་འཕྲད་བྱུང་། ཁོས་བཤད་པའི་སྐད་ཆ་ནི་གསལ་ཐག་ཆོད་ཅིག་མི་འདུག་ཀྱང་ཁོས་ཀྲོའུ་ཨེར་ལ་ཁྲིན་རྒན་པོ་ཤི་སོང་བར་འདུག རི་མོའི་སྒྲོམ་གཞི་ཕོག་སྟེ་ བསད་པ་རེད་ཅིང་ད་ནི་ལུས་ལ་དུར་གོས་བསྐོན་བཞིན་པའི་སྒང་རེད་ཟེར། ཀྲོའུ་ཨེར་གྱིས་རྐང་བ་རྡེབ་ཙམ་བྱས་ཏེ་ན་རེ། ཁྲིན་རྒན་པོའི་ལས་ནི་ཅི་འདྲའི་བཙོག་ཨང་ཟེར། འགྲམ་པ་འཁྱོག་པའི་མི་དེས་ལན་དུ། ཁོ་ནི་ཉིའུ་ཁྲིན་ཚང་གི་རི་མོའི་སྒྲོམ་གཞི་ཕོག་སྟེ་བསད་པ་རེད། ཀླད་པའི་གཙུག་ཐད་དུ་ཕོག་འདུག མི་ལོ་ན་རྒས་ཚེ་ཀླད་ཕོར་ལ་ཡང་བྱ་སྒོང་གི་སྲ་སྙི་མ་གཏོགས་མེད་པར་འདུག་ཟེར། འགྲམ་པ་འཁྱོག་པའི་མི་དེས་དེ་ལྟར་བཤད་རྗེས་སྣབས་འབྱིད་ཙམ་བྱས་སོང་།
ཉི་འོད་ནི་ང་ཚོ་དང་ལྷན་དུ་ཅིན་ཁྲིན་རི་མོ་ཁང་དུ་འཛུལ་མ་བྱུང་། རྒྱུ་མཚན་ནི་ཅིན་ཁྲིན་རི་མོ་ཁང་ནི་སྲང་གོག་གི་སྲིབ་ངོས་སུ་ཡོད་པས་རེད། སྒྲོམ་སྟེགས་ཀྱི་ནང་རོལ་ཏུ་མི་བཞི་ཡིས་རས་དཀར་བོ་ཞིག་འཐེན་འདུག་ཅིང་། ནང་རོལ་ཏུ་ཧྲོག་སྒྲ་ལང་ལོང་ཞིག་གྲག་གིན་འདུག མི་ཞིག་གིས་སྐད་དམའ་མོས་ཀྲོའུ་ཨེར་ལ་བལྟས་ཏེ། ཉེ་སར་མ་བཏུད། ལྭ་བ་བསྐོན་བཞིན་འདུག་ཟེར། ཀྲོའུ་ཨེར་དང་ངེད་གཉིས་ནི་ཀ་བ་གཉིས་དང་འདྲ་བར་གྲགས་འགུལ་མེད་པར་དེ་གར་འགྲེང་ནས་བསྡད། ཅང་མ་འགོར་བར་མི་ཞིག་ཡར་དགྱེ་བྱུང་ལ་དེ་ནི་བུད་མེད་ཅིག་རེད། ཁོ་མོས་རས་དཀར་བོ་འཕྱར་བའི་མི་བཞི་བོར་བཤད་དེ་རས་དཀར་བོ་ཁྲིན་རྒན་པོའི་ལུས་སྟེང་དུ་ཁོབས་ཤིག་ཟེར་བས་ད་ནི་འདས་པོའི་ལུས་ལ་ལྭ་བ་བསྐོན་ཟིན་པར་སྣང་། མི་འགའ་འཕྲོ་རིམ་འཕྲོར་སྒྲོམ་སྟེགས་ལས་ཕྱིར་བུད་ཡོང་སྟེ་དྲ་མའི་འགྲམ་གྱི་ཀ་ཏོ་རའི་གན་དུ་ཙོག་པུར་བསྡད་དེ་ལག་པ་འཁྲུད་པའི་ཚུལ་ལ་བལྟས་ན། ཁོ་ཚོས་ད་སོ་མར་ཧ་ཅང་གཙང་མ་མིན་པའི་ལས་ཀ་ཞིག་ལས་ཚར་བ་དང་ཡོངས་སུ་མཚུངས། ལག་པ་བཀྲུས་རྗེས་ཡར་ལངས་ཏེ་དུ་བ་འཐེན་པར་བྱེད། ཀྲོའུ་ཨེར་གྱིས་བུད་མེད་དེ་ལ། ཨ་ནེ་ཀུའུ་ལགས། ཁྲིན་རྒན་པོས་ནམ་ཚོད་མ་ལྕོགས་པ་རེད་ཅེས་དྲིས། ཨ་ནེ་ཀུའུ་ཡིས་དུ་བ་ཤུགས་ཀྱིས་རྔུབ་ཙམ་བྱས་རྗེས་ན་རེ། ད་ནངས་སྔ་སེ་ང་རང་ལངས་ནས་ཁ་ལག་བཀྲུ་ཆུ་སྒོར་འཕོ་དུས་སུ་ཁོང་གི་ནང་སྒོ་རླུང་གིས་བསྒུལ་ཏེ་ཁྲོག་སྒྲ་གྲག་གིན་འདུག་པ་ཐོས་པས་སྒོ་གཏན་བརྒྱབ་མེད་པ་དང་མཚུངས། ང་ཡོང་ནས་བལྟས་པ་ན། ངོ་མ་སྒོ་ལ་གཏན་ཤིང་མི་འདུག ནང་དུ་འཛུལ་སོང་ནས་བལྟས་ཚེ་ཁྲིན་རྒན་པོ་ཐང་གཅལ་དུ་འགྱེལ་ཏེ་འཁྱག་པོར་གྱུར་ཟིན་འདུག ཁོའི་ཀླད་ལྟག་ཏུ་རི་མོའི་སྒྲོམ་གཞི་འདི་འཕྲེད་དུ་ལྷུང་ཡོད་ཅིང་སྒྲོམ་གཞི་འཐོར་མེད་ཀྱང་ཤེལ་སྒོ་ཧྲུག་ཆག་ཏུ་གྱུར་འདུག ནང་རོལ་གྱི་རི་མོ་ལ་སྐྱོན་ཅི་ཡང་ཤོར་མི་འདུག་ཟེར། ངས་ནི་རི་མོ་དེ་ཉིའུ་ཁྲིན་གྱི་ཨ་མར་དགོས་པའི་རི་མོ་དེ་ཡིན་པ་ངོས་ཟིན་སོང་། ཁོས་རི་མོ་མོ་དེ་ལྕགས་གུག་གི་སྟེང་དུ་འགེལ་རྩིས་བྱས་ཀྱང་སྟབས་མ་ལེགས་པར་སར་འགྱེལ་ཏེ་ཁོ་རང་བརྡབ་ཤི་ཐེབས་པ་ཡིན་བཟོ་འདུག ཨ་ནེ་ཀུའུ་ཡིས་དུ་བ་ཤུགས་ཀྱིས་རྔུབ་ཙམ་བྱས་ནས་ན་རེ། ཁ་དཔེར་ཡང་ཁྲོན་པའི་ནང་ནས་འཆི་དགོས་པ་དེ་གཙང་བོའི་ནང་དུ་འཆི་མི་སྲིད་ཟེར་སྲོལ་ཡོད་པས། རི་མོ་སྒྲོམ་གཞི་འདི་ཙམ་གྱིས་གྲོག་མ་ཞིག་བསད་སོང་ཟེར་བའང་ཐོས་མ་མྱོང་མོད། མི་གསོན་པོ་ཞིག་གསོད་ཐུབ་ཀྱིན་འདུག་ཟེར་ན་རྣར་ཨེ་འགྲོ། ཁོ་རང་འདི་འདྲ་ཞིག་བྱས་ཏེ་ཤི་དགོས་པར་གྱུར་བ་རེད་ཟེར།
ཨ་ནེ་ཀུའུ་ཡི་སྐད་ཆ་བཤད་ཚར་མ་ཐག་ཏུ་ཉིའུ་ཁྲིན་ངོ་མདོག་ཡོངས་སུ་ཤོར་ཏེ་ནང་དུ་ཐོན་བྱུང་། ཚང་མས་ཁོ་རང་མཐོང་འཕྲལ་སྐད་ཆ་ཁ་ཅི་ཡང་མི་བཤད་པར་སྡོད། ཁོས་ཁ་ནས་ཡང་དང་ཡང་དུ་ད་ནི་ཅི་བྱས་ན་བཟང་ངམ་ཞེས་བསྐྱར་བཟླས་བྱེད་ཀྱིན་འདུག ཨ་ནེ་ཀུའུ་ཡིས་དུ་བ་རྔུབ་ཚར་མཚམས་དུད་སྣེ་ཕར་གཡུགས་ནས་སྒྲོམ་སྟེགས་ཀྱི་ནང་རོལ་ཏུ་སོང་ཞིང་། དེ་མ་ཐག་ཏུ་དོན་རྐྱེན་གྱི་འབྱུང་གཞིར་གྱུར་བའི་མེ་ཏོག་རྒྱ་སེའི་རི་མོ་དེ་ཕྱིར་བཏོན་ཡོང་སྟེ་མདུན་དུ་འཕངས་ནས་། ཉེན་རྟོག་པས་ཉེས་ཅན་ཞིག་ལ་ཁྲག་གིས་སྦགས་པའི་ལྭ་བ་ཞིག་ངོས་འཛིན་བྱེད་དུ་གཞུག་པ་དང་འདྲ་བར་ཉིའུ་ཁྲིན་ལ་འདྲི་རྒྱུར། འདི་ནི་ཁྱོད་ཀྱི་ཨ་མར་བྲིས་པའི་རི་མོ་ཨེ་རེད་ཟེར།
ཉིའུ་ཁྲིན་གྱིས་ངུ་སྔངས་ཤིག་བྱས་ནས་མགོ་ལྡེམ་ཙམ་བྱས་སོང་ལ། མིག་མཐར་མཆི་ཞགས་འཁྱིལ་འདུག
མེ་ཏོག་རྒྱ་སེའི་རི་མོ་དེ་ཁ་སང་དང་བསྡུར་ཚེ་བལྟས་ན་བཀྲག་མདངས་འཚེར་བ་ཞིག་ཏུ་གྱུར་འདུག་སྟེ། དམར་བོ་ནི་དམར་ཐག་ཆོད་ཅིང་སྐྱ་བོ་ཡང་སྐྱ་ཐལ་ངེས་ཅན་དུ་འདུག་པས། ཕར་བལྟས་ན་བགྲེས་སོང་ཁྲིན་ཧྲའོ་ཁྲུང་གིས་མེ་ཏོག་རྒྱ་སེའི་རི་མོ་དེ་བསྐྱར་དུ་འབྲི་བཞེངས་བྱས་ཟིན་འདུག ཨ་ནེ་ཀུའུ་ལགས་ཀྱིས་ཡང་བསྐྱར་དུ་བ་རྐང་གཅིག་ལ་མེ་སྒྲོན་རྗེས་ཉིའུ་ཁྲིན་ལ་བཤད་རྒྱུར། ཁྱོད་ཀྱིས་ཤོད་དང་། རི་མོའི་སྒྲོམ་གཞིའི་ཤེལ་སྒོ་ཧྲུག་ཆག་དགུ་ཆག་ཏུ་གྱུར་འདུག་ཀྱང་། ནང་གི་རྒྱ་སེའི་མེ་ཏོག་ལ་རྗེས་ཤུལ་ཙམ་ཡང་བཏོད་མི་འདུག འདི་ནི་ངོ་མཚར་བོ་ཞིག་མ་རེད་དམ་ཟེར།
ཀྲོའུ་ཨེར་གྱིས་ཉིའུ་ཁྲིན་གྱིས་རི་མོ་དེར་ལྟ་བཞིན་རེ་བ་གཏིང་ནས་ཆད་འདུག་པ་མཐོང་ནས། ཁོ་ལ་སེམས་གསོའི་ཚུལ་དུ་བཤད་རྒྱུར། གལ་ཏེ་ཁྲིན་རྒན་པོས་རི་མོའི་སྒྲོམ་གཞི་གནམ་གཅལ་ངོས་སུ་མི་དཔྱངས་པར་རས་ནོམ་ཁང་གི་ནོམ་པ་གདང་ལ་བཤམས་པ་ལྟར་སྒྲོམ་སྟེགས་སྟེང་དུ་རེ་རེ་བཞིན་བཤམས་པ་ཡིན་ན་དོན་དག་འདི་འདྲ་བ་ཞིག་འབྱུང་ག་ལ་སྲིད། རི་མོ་ནི་ཤ་སྐམ་དང་ཉ་སྐམ་མ་རེད་པས་ངེས་པར་དུ་གནམ་ནས་དཔྱངས་དགོས་དོན་ཅི་ཡོད། འདི་ནི་ངོ་མ་རང་ཉིད་ཀྱིས་གཤེད་འདྲེ་ཞིག་བཟུང་ཡོང་སྟེ་རང་སྲོག་ལེན་དུ་བཅུག་པ་དང་ཁྱད་མི་འདུག་ཟེར།
ལྷད་མེད་མཛེས་སྡུག་གི་སྨྲེང་སྐྱོའི་གདངས་དབྱངས་དེ་དག་ཀྱང་ཁྲིན་རྒན་པོ་དང་ལྷན་དུ་འཇིག་རྟེན་འདི་དང་གཏན་གྱེས་སུ་གྱུར་བ་རེད་སྙམ་མུར་ངའི་མིག་ཆུ་ཡང་དབང་མེད་དུ་འགྲིལ་བྱུང་། ཡང་ཞིང་གཡོ་ལ་བཀྲག་མདངས་དོད་པོའི་མེ་ཏོག་རྒྱ་སེའི་རི་མོས་ངའི་སེམས་ལ་སྒྱུ་འཕྲུལ་མཁན་པོར་གདོང་གཏུག་ཁེལ་བའི་སྦག་སྦག་འཁོར་ལོ་རྙིང་བ་དེ་དྲན་དུ་བཅུག་ཅིང་། ཁོ་ཚོ་རེ་རེ་ཡིས་ཤེས་མེད་ཚོར་མེད་ཀྱི་ངང་དུ་སྲོག་གཅོད་གཤེད་མའི་བརྟུལ་ཞུགས་བཟུང་སྟེ་མི་ཡུལ་གྱི་ཆེས་ཡིད་དུ་འོང་བའི་ཚེ་སྲོག་འཕྲོག་སོང་བ་རེད་ལ། ལན་རེར་བལྟས་ན་ཚེ་སྲོག་ནི་དངོས་གནས་ཤོག་ལྷེ་གཅིག་ལས་ཀྱང་གཉོད་ཆུང་བ་ཞིག་རེད་ཨང་།
ཨ་ནེ་ཀུའུ་ལགས་ནི་རི་མོ་ཁང་གི་ཁྱིམ་མཚེས་སུ་ཡོད་པའི་དུར་གོས་ཚོང་ཁང་གི་སྦྱིན་བདག་མ་རེད། ཁོ་མོས་སུན་རྒྱུ་མེད་པའི་ངང་ཚང་མར་བཤད་རྒྱུར། ཁྲིན་རྒན་པོས་མདང་དགོང་ཡང་བསྐྱར་སྨྲེང་གླུ་བླངས་ཏེ་ནམ་གུང་ཡོལ་སོང་བ་སྟེ། ཁོ་མོས་ཁྱིམ་ཚང་ཞིག་ལ་ལམ་འཇུག་གི་ཤོག་བུའི་ནོར་དང་རྟ་ལས་ཚར་ཏེ་ཚོང་སྒོ་རྒྱག་དུས་ནམ་གུང་ཡིན་ཡང་། ཁྲིན་རྒན་པོས་ད་དུང་ཡང་གླུ་ལེན་གྱིན་འདུག་ཟེར། ཨ་ནེ་ཀུའུ་ཡིས་ད་དུང་བཤད་རྒྱུར། ཁོ་མོ་སོང་སྟེ་ཁྲིན་རྒན་པོ་ཚང་ལ་ཤིད་དོན་བཤད་སྐབས་ཁྲིན་རྒན་མོ་ནི་ད་དུང་གཉིད་ནས་འདུག་ཅིང་། གཉིད་ལས་བསླངས་རྗེས་ཁྱོ་ག་འདས་ཚུལ་ཐོས་པ་ན་ངུ་སྐད་ཙམ་ཡང་མི་འདོན་པར་། དེ་ལས་ལྡོག་སྟེ་གླལ་རྒྱངས་ཤིག་བྱས་ཏེ་། གླུ་དེ་འདྲ་བ་ལེན་མཁན་ལ་ལས་བསོད་ཡག་པོ་ཡོད་ག་ལ་སྲིད་ཟེར། ཁོ་མོའི་བུ་དང་ཚ་བོ་དག་གིས་ཀྱང་གནས་ཚུལ་ཐོས་རྗེས་སེམས་སྡུག་ཆེན་པོའི་ཉམས་མི་སྟོན་པར་གཅིག་རྗེས་སུ་གཅིག་འབྲངས་ཏེ་རི་མོ་ཁང་དུ་ཡོང་ཞིང་། རི་མོ་ཁང་འདིའི་རྗེས་ཕྱོགས་ཀྱི་སྤྱོད་ཡུལ་ཐད་ལ་རྩོད་གླེང་བྱེད་ཀྱིན་འདུག བུ་ཆེ་བས་བྱིས་པའི་རྩེད་ཆས་ཚོང་ཁང་གཉེར་དགོས་ཟེར་བ་དང་། བུ་ཆུང་བས་བརྙན་འབེབས་རོལ་དབྱངས་ཁང་གཉེར་དགོས་ཟེར་བ་ལས་མིག་ཆུ་འདོན་མཁན་གཅིག་ཀྱང་མི་འདུག ཁོ་ཚོའི་བཟོ་ལྟར་བལྟས་ན་ཉིན་གསུམ་མི་དགོས་པར་ཁྲིན་རྒན་པོ་སྦྱིན་སྲེག་ཁང་དུ་སྐྱེལ་ངེས་སུ་འདུག་ཟེར།
རི་མོ་ཁང་དུ་སླར་ཡང་མི་སྐོར་ཞིག་འཚངས་ཐོན་བྱུང་། ཁོ་ཚོའི་ལག་ཏུ་རས་ནག་པོ་དང་ཡོལ་རས། བསྲེག་བྱའི་མཆོད་ཤོག་སྡེམ་བུ་འགའ་བསྣམས་འདུག་ཅིང་། དེའི་ཁྲོད་ཀྱི་མི་གཅིག་གི་གདོང་བྱད་ནི་ནི་ཁྲིན་ཧྲའོ་ཁྲུང་དང་འདྲ་བོ་འདུག་པས་ཕར་བལྟས་ན་ཁོའི་བུ་ཡིན་པར་སྣང་། ཨ་ནེ་ཀུའུ་ལགས་ཀྱིས་ཁོ་ཚོར། ཁྱོད་ཚོས་རི་མོ་ཁང་དུ་གདུང་ཁང་བཀོད་སྒྲིག་བྱེད་ཟེར་བ་མིན་ནམ་ཞེས་དྲིས་པ་ན། ཁྲིན་རྒན་པོ་དང་འདྲ་བའི་སྐྱེས་པ་དེས་ལན་དུ། ཡིན། ཨ་མས་ཡུལ་དུ་དྲུད་ཡོང་མི་དགོས། ཨ་ཕ་ཁོ་རི་མོ་ཁང་དུ་དགའ་བོ་ཡོད་པས་ཁོ་རང་འདི་ནས་ལམ་འཇུག་བྱོས་ཤིག་ཟེར། ཞེས་བཤད་འཕྲལ་ཁུག་མ་ལས་སྒོར་ལྔ་བཅུ་བླངས་ཏེ་ཨ་ནེ་ཀུའུ་ལ་བྱིན་ཏེ། འདི་ནི་ཁྱོད་ཀྱིས་དུར་གོས་བསྐོན་པའི་གླ་ཡོན་ཡིན་ཟེར། ཨ་ནེ་ཀུའུ་ལགས་ནི་སྒོར་མོའི་གྲངས་ཀར་ཡིད་མ་ཁེངས་པས་བཀའ་དྲིན་ཞུ་ཙམ་ཡང་མི་བྱེད་པར། མཆུ་སྒྲོས་ཅུང་དམུར་ཙམ་བྱས་ཤིང་་སྒོར་མོ་བླངས་ཏེ་ཁུག་མའི་ནང་དུ་བཅུག་རྗེས། ཁོ་མོའི་ཚོང་ཁང་ནང་དུ་མི་མེད་པས་འདུག་ཁོམ་མེད། དོན་དག་ཡོད་ན་འབོད་དུ་ཤོག ཅེས་བཤད་འཕྲལ་རི་མོ་ཁང་ནས་ཕྱིར་བུད་སོང་།
ཀྲོའུ་ཨེར་དང་ངེད་གཉིས་ཀྱང་རི་མོ་ཁང་ནས་ཕྱིར་བུད་པ་ཡིན། ཀྲོའུ་ཨེར་སྔོན་དུ་ཡོད་ཅིང་ང་རང་ཁོའི་རྗེས་སུ་འབྲངས་ཡོད། ང་ཚོ་སྒོར་འབུད་དུས་སུ་ཉིའུ་ཁྲིན་ད་དུང་དེ་གར་སེམས་སྡུག་ངང་ཀྲོང་ངེར་ལངས་ཏེ་མེ་ཏོག་རྒྱ་སེའི་རི་མོ་དེར་ལྟ་བཞིན་འདུག ཀྲོའུ་ཨེར་གྱིས་ཕྱིར་འཁོར་ནས་ང་ལ་བཤད་རྒྱུར། བལྟས་ཡོང་ན་དེ་རིང་ཉིའུ་ཁྲིན་ཡང་ཁོ་དང་འདྲ་བར་ལས་བཙོག་པར་འདུག ཁོ་རང་རྒྱ་སྲང་དུ་སྲན་ཕྱུར་འཚོང་དུ་འགྲོ་མི་ཐུབ་ལ། ཉིའུ་ཁྲིན་ཡང་རྒྱ་སྲང་དུ་ཤ་འཚོང་དུ་འགྲོ་མ་ཐུབ་པ་རེད་ཟེར།
སྲང་ལམ་གྱི་ཡངས་དོག་དང་ཟབ་ཚད་མི་འདྲ་བའི་དབང་གིས་ཉི་འོད་འོག་གི་གྲིབ་གཟུགས་ཀྱང་མི་འདྲ་བར་འདུག སྲང་ལམ་ལ་ལ་ཁོད་ཡངས་ཤིང་ངོས་སྙོམ་པ་དང་འགྲམ་གཉིས་ཀྱི་བཟོ་སྐྲུན་དམའ་བོ་ཡོད་པས། ཉི་འོད་ནི་བག་ཡངས་ཤིང་གྲུང་ཤ་དོད་པོ་འདུག་པར་མ་ཟད། སྲང་ལམ་ངོས་སུ་ཕོག་པའི་འོད་མདངས་ཀྱང་གསལ་ཅིང་གྲིམ་ལ་དྲོད་ཁོལ་ལྡན་པ་ཞིག་རེད། འོན་ཀྱང་ཕུག་རིང་ཞིང་བཙིར་ཤུགས་ཐེབས་པའི་སྲང་གོག་ཅིག་ཏུ་སླེབས་ཚེ། སྲང་འགྲམ་གྱི་ཁང་བརྩེགས་མཐོ་ཞིང་འཚངས་ཀ་ཆེ་བར་བརྟེན་ཉི་འོད་ཕོག་པ་ཡང་ཧ་ཅང་ཤུགས་ཟད་ཅིང་། སྲང་ལམ་གྱི་འོད་གྲིབ་ཀྱང་ཧ་ཅང་སྲབ་པས་འཁྱགས་ཤིང་ནག་ཐིང་ངེར་འདུག ཉི་མའི་ཕྱི་མིག་སྲང་གོག་ཀྱང་དེ་འདྲ་ཞིག་རེད། སྲང་གོག་འདི་འདྲ་བར་འགྲོ་བའི་སྐབས་སུ་ང་ལ་སྐྱོ་སྣང་གི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་ཡོང་། ཀྲོའུ་ཨེར་གྱིས་ང་རང་རྣམ་ཤེས་ཉམས་པ་ལྟར་འདུག་པ་མཐོང་བས་ཡང་བསྐྱར་མགོ་ཕྱིར་འཁོར་ནས་ང་ལ་ཁ་བརྡ་མི་བྱེད་པར། མུ་མཐུད་དུ་འགྲོ་འོང་བྱེད་པའི་མི་དག་ལ་འཁར་བ་ཐོགས་པའི་མི་དེ་མཐོང་མིན་རྩར་གཅོད་བྱེད་ཀྱིན་འདུག་ཅིང་། ཚང་མས་ཁོ་ལ་ལན་བཏབ་པ་ནི་མ་ཤེས་ཞེས་པ་དེ་རེད། ཀྲོའུ་ཨེར་གྱི་སྒྱིད་པ་ཉབ་ཉོབ་ཏུ་གྱུར་བར་བལྟས་ན་ཁོ་རང་སྐྱོ་ཞིང་ཤུགས་ཟད་ཀྱིན་པ་མངོན་སུམ་དུ་མྱོར་ཚོར་བྱེད་ཐུབ།
ང་ཚོ་མགྲོན་ཁང་དུ་ཕྱིར་ལོག་པའི་ཚེ། སྲུ་མོ་ཀྲོའུ་ཨེར་ཡང་བག་ལྷོད་པོར་གྱུར་ཏེ་ནངས་ཟས་གཡོ་བསྐོལ་བྱེད་པར་བྲེལ་གྱིན་འདུག མ་གཞི་ཁོ་མོ་རྡོ་སོལ་སྐྱེལ་བའི་རྒྱང་བཞུད་ཁ་ལོ་བ་ཞིག་དང་འཕྲད་པས་གནས་ཚུལ་ཐོས་བྱུང་བ་སྟེ། ཁོ་རང་ཝུའུ་ཐང་ནས་ལེ་དབར་ལྔ་དྲུག་ཙམ་ཡོད་པའི་ཅིན་ཕིན་གྲོང་དུ་ཡོང་དུས་འཁར་བར་བརྟེན་པའི་མི་ཞིག་དང་འཕྲད་བྱུང་ལ། ཕར་བལྟས་ན་རྐང་བ་གཅིག་གིས་བསླངས་པའི་རྩྭ་ཤོག་གི་མི་ཞིག་ལས་ཀྱང་ཉམ་ང་བར་འདུག་པས། ཅིན་ཕིན་གྲོང་གི་བྱ་གསོ་ཁང་ཞིག་གི་བདག་པོས་ཏག་ཏག་ཁོ་ལ་རླངས་འཁོར་བཀག་སྟེ་ཡུལ་དུ་ལོག་པར་ལམ་འཇུག་བྱེད་ཀྱིན་ཡོད་སྐད། སྲུ་མོ་ཀྲོའུ་ཨེར་གྱིས་མི་ལས་དམན་ལྟས་ངན་དེ་མི་སེམས་བཟང་ཞིག་ལ་འཕྲད་བྱུང་བ་ཤེས་འཕྲལ་སེམས་བདེ་བར་གྱུར་ཅིང་། ཀྲོའུ་ཨེར་ལ་བཟུང་བའི་རྣམ་འགྱུར་ཡང་ཇེ་འཇམ་དུ་གྱུར་ཏེ། ཁོ་རང་ལ་ཚོད་མ་བསྙལ་མ་ཅི་ཞིག་ཟ་འདོད་ཚུལ་དྲིས་བྱུང་། ཀྲོའུ་ཨེར་གྱིས་སྲུ་མོ་ཀྲོའུ་ཨེར་ཡིད་དགའ་ནས་ཡོད་པ་མཐོང་འཕྲལ་དེ་མ་ཐག་རང་འཐག་ཁང་དུ་ཁོ་རང་གི་སྲན་ཕྱུར་ལས་སུ་བུད་སོང་། དོན་ངོ་མར་ཁོ་རང་སྔ་དྲོའི་ཁྲོམ་སྲང་གི་རྗེས་མ་ཆོད་ཀྱང་ཕྱི་དྲོ་སོང་ཡང་དེ་རིང་གི་ཡོང་སྒོ་གསབ་ཐུབ་པ་རེད།
སྲུ་མོ་ཀྲོའུ་ཨེར་གྱིས་ང་ལ་རི་གསུམ་མཚོ་ཁུལ་དུ་བསྐྱོད་པའི་མེ་འཁོར་འགྲོ་ཐུབ་པར་གྱུར་བས་ང་རང་ནམ་ཞིག་ལ་ཝུའུ་ཐང་དང་གྱེས་གྲབས་ཡོད་པ་དྲིས་བྱུང་། ངས་ཁོ་མོར་བྲེལ་དགོས་དོན་མི་འདུག་ཅེས་བཤད། ཁོ་མོས་ངས་དམངས་གླུ་དང་འདྲེའི་གཏམ་རྒྱུད་འཚོལ་སྡུད་བྱས་པའི་གནས་ཚུལ་ཅི་འདྲ་རེད་ཟེར་བས། ངས་ཀྱང་ཞོར་དུ་ཁྲིན་ཧྲའོ་ཁྲུང་ཤི་སོང་བའི་གནས་ཚུལ་ཁོ་མོར་བཤད་པ་ཡིན། ཁོ་མོས་ཐོས་འཕྲལ་ཧང་སང་བར་གྱུར་ཏེ་ན་རེ། རྒན་པོ་འདིའི་རུས་པ་སྲ་མོ་ཡིན་ཡང་། ད་ནི་རི་མོ་ཞིག་ལ་རྐྱེན་བྱས་ཏེ་ཤི་སོང་བས། འདི་ནི་རང་རང་གི་ལས་དབང་རེད་ཨང་ཟེར། ཁོ་མོས་བཤད་ན་ཁོ་མོའི་བུ་ཡི་མིང་ཡང་ཁྲིན་ཧྲའོ་ཁྲུང་གིས་བཏགས་པ་ཡིན་ལ། རིག་གསར་མཇུག་རྫོགས་པའི་རྗེས་སུ། ཁྲིན་ཧྲའོ་ཁྲུང་གིས་ད་དུང་གོང་རིམ་ལ་ཞུ་ཡིག་ཕུལ་ཏེ་སྲང་ལམ་ཆེ་ཆུང་དག་མིང་བསྐྱར་གསོ་བྱེད་དགོས་པའི་རེ་བ་བཏོན། ཉི་མའི་ཕྱི་མིག་སྲང་གོག་དང་ཟླ་བའི་ལྗོན་པའི་སྲང་ལམ་སོགས་དོར་ཟིན་པའི་མིང་འདི་དག་ཡང་བསྐྱར་ཁྲོམ་སྲང་དུ་སླེབས་པར་གྱུར། སྲུ་མོ་ཀྲོའུ་ཨེར་གྱི་བཤད་ཚུལ་ལྟར་ན་ཁྲིན་ཧྲིན་ཁྲུང་ནི་ཝུའུ་ཐང་གི་ཆེས་ཤེས་ཡོན་ལྡན་པའི་མི་ཡིན་ཟེར་ཞིང་། ཁོ་མོའི་བུ་ལ་མིང་བོས་པའི་ངོས་སྟེང་ནས་ཀྱང་ཁོ་མོས་གང་མྱུར་ངང་རས་དཀར་བོ་ཁ་འགའ་ཉོས་ཏེ་ཁོང་གདུང་མཆོད་བྱ་རུ་འགྲོ་དགོས་ཟེར་ལ། ཁོ་མོས་ད་དུང་སྲུ་མོ་ཅཱང་པེ་ཡིས་ཁྲིན་རྒན་པོ་འདས་སོང་པ་ཤེས་ཚེ་ངེས་པར་དུ་སེམས་སྐྱོ་ངེས་རེད། ཁོ་མོ་ཁོང་གི་གླུར་ཉན་རྒྱུར་ཧ་ཅང་དགའ་ཟེར།
སྲུ་མོ་ཀྲོའུ་ཨེར་གྱིས་ང་རང་ཡི་མུག་པོར་གྱུར་འདུག་པ་ཚོར་ནས། ཁོ་མོས་ང་ལ་ངས་སྒྲུབ་ཀྱིན་པའི་བྱ་བ་འདི་ཡང་རི་སིལ་བཏོག་པ་དང་གཅིག་མཚུངས་སུ་འདུག་སྟེ། རི་སིལ་སྐྱེ་བ་ཡང་དུས་ཚིགས་དང་མཁའ་དབུགས་ལ་བལྟ་དགོས་པ་ལྟར། ལོ་འདི་དག་ལ་དམངས་གླུར་ཉན་མཁན་ཇེ་ཉུང་དུ་གྱུར་འདུག་པས་འཚོལ་སྡུད་བྱེད་རྒྱུ་ཧ་ཅང་དཀའ་མོ་ཡིན་ཚུལ་བཤད་དེ། ང་ལ་སེམས་ངལ་བྱེད་མི་དགོས་ཚུལ་གྱི་ཁ་ཏ་བྱས་སོང་། ཁོ་མོས་བཤད་ན། ལོ་འདི་གཉིས་རིང་ལ། སྲུ་མོ་ཅཱང་པེ་ཡིས་ཁྲིན་ཧྲའོ་ཁྲུང་གི་གླུ་ལ་ཉན་པ་ཉུང་ཉུང་མིན་ཞིང་། ཁོ་མོ་ཆང་གིས་བཟི་སྟེ་མཚན་མོར་ཕྱིར་ལོག་པའི་རྗེས་སུ་ད་དུང་གདངས་དབྱངས་འགའ་རེ་ལེན་གྱིན་འདུག་པས། ཕལ་ཆེར་ཧྲིན་ཅིན་རི་མོ་ཁང་ནས་སྦྱང་ཡོང་བ་ཡིན་ཚོད་འདུག དེ་ལྟར་ཡིན་ཚེ་ང་རང་སྲུ་མོ་ཅཱང་པེ་ཡི་སར་ཕྱིན་ཏེ་དེ་ག་ནས་ཁྲིན་ཧྲའོ་ཁྲུང་གི་དམངས་གླུ་སྔོག་འཚོལ་བྱས་ཆོག་པ་རེད་ཟེར། ཁོ་མོའི་སྐད་ཆ་དེས་ངའི་ཉམས་དམས་སུ་གྱུར་བའི་སེམས་ལ་སླར་ཡང་རེ་བའི་མེ་ལྕེ་མཆེད་དུ་བཅུག་བྱུང་། ཡིན་ན་ཡང་སྲུ་མོ་ཀྲོའུ་ཨེར་གྱིས་ང་ལ་བཤད་ན་སྲུ་མོ་ཅཱང་པེ་ལ་འཕྲད་རྒྱུ་དེ་ཡང་དེ་འདྲའི་སླ་མོ་ཞིག་གཏན་ནས་མིན་པར་འདུག ཁོ་མོ་ནངས་མོའི་དུས་སུ་ལངས་འཕྱི་བས་ཞོགས་པར་འགྲུལ་བ་བསུ་བར་མི་དགའ་ལ། སྐབས་དེ་དུས་སུ་ཁོ་མོའི་སྒོ་རྡུང་དུ་འགྲོ་མཁན་ཡང་མེད། ཉིན་དཀར་ནི་ཁོ་མོ་ཁྲོམ་སྲང་དུ་གྲོ་ཕྱེ་སྣུམ་བརྔོས་མ་འཚོང་དུ་འགྲོ་དགོས། དགོང་མོ་ནི་ཡུལ་དུ་ཡོང་བ་རེད་མོད་སྔ་འབྱོར་འཕྱི་འབྱོར་ཡོང་བར་དུས་ཚོད་ཀྱི་ངེས་གཏན་ཅི་ཡང་མེད་པ་རེད། གལ་ཏེ་ད་དུང་ཆང་འཐུང་ནས་བཟི་ཡོད་ཚེ་ལྷན་དུ་འགྲོགས་ཡོད་པ་ནི་ཆང་དྲི་ཁོ་ན་མ་ཡིན་པར། ད་དུང་སྐྱེས་པ་ཞིག་ཡོད་ཀྱང་སྲིད་པས། དུས་འདི་ཙམ་ལ་ཁོ་མོར་དེ་བས་ཀྱང་དཀྲོག་བཟོ་བྱེད་མི་འོས་པ་རེད་ཟེར།
ངས་ཁོ་མོར། དེར་སྐྱོན་མེད། ངས་དལ་མོ་བྱས་ཏེ་གོ་སྐབས་ལ་བསྒུགས་ཆོག་ཅེས་བཤད།
སྲུ་མོ་ཀྲོའུ་ཨེར་དགོད་བཞིན་དུ། ངས་ནི་ཁྱོད་ཀྱི་སྒྱིད་པར་འཇུས་ནས་ཁྱོད་རང་ངའི་མགྲོན་ཁང་དུ་ཉིན་མང་ཙམ་ལ་འགོག་སྙམ་པ་མིན་ཨང་ཟེར།
ངས་ཁྱོད་ལ་དེ་འདྲའི་བསམ་ཚུལ་འཛིན་མི་སྲིད། ངས་ཁོ་མོར་བཤད་རྒྱུར། ཁྱོད་ནི་ད་དུང་སྒོར་མོ་ཅི་ཡང་མེད་པའི་རྐང་བ་འཐེང་བོ་དེ་ལ་ཡང་ཧ་ཅང་བཟང་བ་མིན་ནམ།
རྐང་བ་འཐེང་བོ་དེ་གླེང་མ་ཐག་སྲུ་མོ་ཀྲོའུ་ཨེར་གྱིས་ཡང་བསྐྱར་དངན་པ་ཞིག་འཐེན་བྱུང་། ཁོ་མོས་མི་དེ་ངོ་མ་སྙིང་རྗེ་བ་ཞིག་འདུག ཞག་གང་བོར་བསྐྱངས་ནས་ཅིན་ཕིན་གྲོང་ལ་སླེབས་པ་ཡིན་འདུག སྟབས་ལེགས་པ་ཞིག་ལ་དགོང་མོ་ཆར་བ་མ་བབས་པ་རེད། ཡིན་ན་ཡང་མཚན་མོ་གྲང་ངར་ཆེ་བ་དང་སྨག་ཀྱང་གནག་པས་ཁོས་སྡུག་ཅི་ཇི་འདྲ་མང་བོ་མྱངས་ཡོད་ཨང་། ཁོ་མོས་དེ་ལྟར་བཤད་ཀྱིན་དུ་མིག་མཐའ་བརླན་པར་གྱུར་སོང་། ཁོ་མོས་ད་དུང་ང་ལ་ཝུའུ་ཐང་དུ་ད་དུང་གླུ་ལེན་མཁན་གཞན་ཞིག་ཡོད་དེ། ཁོ་མོས་ཆེད་དུ་གཉེན་སྟོན་གྱི་ཐོག་ནས་སྤྲོ་གཞས་གཏོང་བ་རེད་ཅིང་། ཁོ་མོའི་མིང་ལ་ཞའོ་ཁེ་རྨི་ཟེར། མཁར་གྲོང་ཤར་ངོས་སུ་གཉེན་དོན་མཚམས་སྦྱོར་ཁང་ཞིག་གཉེར་གྱིན་འདུག་ཟེར། ཁོ་མོས་ང་ལ་སྐུལ་མའི་ཚུལ་དུ། ང་རང་དེར་སོང་ནས་ཁོ་མོར་ཐུག་འཕྲད་ཅིག་བྱོས་དང་། ཁོ་མོས་བླངས་པའི་གླུ་གཞས་དེ་དག་ང་ལ་མཁོ་དགོས་ཡོད་ཀྱང་སྲིད་ཟེར།
ནངས་ཟས་ལ་རོལ་རྗེས། ང་རང་རྡོག་ཐོན་བྱས་ཏེ་མཁར་གྲོང་ཤར་ངོས་ཀྱི་གཉེན་དོན་མཚམས་སྦྱོར་ཁང་དེ་བཙལ་དུ་སོང་། རྩར་གཅོད་བྱེད་སླ་བོ་བྱུང་སྟེ་དེ་མ་ཐག་ཏུ་རྙེད་པར་གྱུར་སོང་མོད། ཡིན་ན་ཡང་སྐབས་དེར་ཞའོ་ཁའེ་རྨི་མེད་པར་ཉི་དགའི་འབྲས་བུ་དམུར་གྱིན་པའི་བུད་མེད་ཚོན་པོ་ཞིག་གིས་ཅོག་ཙེ་བསྲུངས་ནས་འདུག ཁོ་མོས་ང་ལ་བཤད་རྒྱུར། ཞའོ་ཁེ་རྨི་ལ་དེ་རིང་དོན་དག་ཡོད། ལྷམ་འཚོང་ཁང་གི་ལའོ་དབྱང་གི་བུས་གཉེན་སྟོན་བྱེད་ཀྱིན་ཡོད་པས་དེའི་མདོ་འཛིན་པར་གདན་ཞུས་བྱས་སོང་ཟེར། ངས་ཁོ་མོར་ཞའོ་ཁེ་རྨི་གཉེན་སྟོན་ཐོག་ཏུ་གླུ་གཞས་གཏོང་དུ་སོང་བ་ཡིན་མིན་དྲིས་པ་ན། བུད་མེད་དེས་དེ་མ་ཐག་ཏུ་ཐའེ་ཀང་མཚོ་གླིང་གི་གདངས་ཤིག་ཕྱུངས་ཏེ། དེ་ལོས་ཡིན། གཉེན་སྟོན་ཐོག་ཏུ་སྤྲོ་གཞས་གཏོང་དུ་སོང་བ་རེད། ཞའོ་ཁེ་རྨི་ཕེབས་ཏེ་སྤྲོ་གཞས་མ་བཏང་ཚེ་ཝུའུ་ཐང་བག་གསར་ཚོ་ཁང་གསར་ནང་དུ་འཛུལ་བ་མ་རེད་ཟེར། ཁོ་མོས་ང་ཡང་གཉེན་སྟོན་ཁ་ཆད་བསྒོ་རུ་ཡོང་བ་ཡིན་མིན་དྲིས་བྱུང་། ངས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱས་པ་ན། ཁོ་མོ་དེ་མ་ཐག་ཏུ་སྤྲོ་སྣང་རྒྱས་པར་གྱུར་ཏེ། དེས་ན་ཁྱོད་རང་སྐྱེས་པ་འཚོལ་བར་ཐོ་འགོད་བྱེད་དུ་ཡོང་བ་ཡིན་རྒྱུ་རེད་ཨང་། སྨན་པར་དགའ་བོ་ཨེ་ཡོད། སྨན་པས་ལག་ཏུ་གཤགས་བཅོས་རྣོ་གྲི་བཟུང་སྟེ་ཟླ་ཕོགས་དང་ཕོགས་དམར་གཉིས་ཀ་ལེན་གྱིན་ཡོད་པར་མ་ཟད། གཞན་གྱིས་རྩད་གཅོད་བྱེད་མཁན་མེད་པས་ཧ་ཅང་བདེ་འཇགས་རེད། ད་སོ་མར་འདི་གར་ཐོ་འགོད་བྱས་པ་རེད། ཁོའི་ཆུང་མར་དྲག་བསྐྱེད་མི་འབྱུང་བའི་ནད་བྱུང་འདུག་ཅིང་འཆི་དུས་ལ་ཐག་མི་རིང་། ཟླ་འགའ་ལ་མ་གཏོགས་སྡོད་མི་སྲིད་པས་ཁོར་རོགས་བྱས་ཏེ་སྔ་དུས་ནས་འཚོལ་ཞིབ་བྱོས་ཟེར། ཁྱོད་རང་ཉེན་རྟོག་པར་ཨེ་དགའ། ད་སོ་མར་གཉེན་འཐོར་བྱས་ཟིན་པའི་ཉེན་རྟོག་པ་ཞིག་འདུག ལོ་བརྒྱད་ཅན་གྱི་བྱིས་པ་ཁོ་རང་གིས་ཉར་འདུག གདོང་བྱད་རན་ཙམ་ཡིན་ན་ཆོག་ཟེར་བས་ངས་བལྟས་ན་ཁྱོད་རང་འོས་འཚམ་ཡིན་འདུག ཁོ་མོས་རྒྱུན་མི་ཆད་པའི་སྐད་ཆ་ནར་བོ་དེ་དག་བཤད་ཀྱིན་དུ། མིང་ཐོ་འགོད་སའི་རེའུ་མིག་དེབ་ཅིག་བླངས་ཏེ་ཤོག་ངོས་རེ་རེ་བཞིན་ཕར་སློག་སྟེ་ང་ལ་འོས་འཚམ་ཡིན་པའི་མི་དག་གི་གནས་ཚུལ་འཚོལ་གྱིན་འདུག སྐད་ཅིག་མ་དེའི་རིང་ལ། ངའི་སྣང་ངོར་ཁོ་མོ་ནི་ཤི་གསོན་གྱི་ཐོ་དེབ་ལག་ཏུ་བཟུང་སྟེ་ཆེད་དུ་མི་ཡི་རྣམ་ཤེས་འགུགས་པའི་གཤིན་རྗེ་རྒྱལ་བོ་ཡིན་པ་དང་། ང་རང་ཡང་ཤེས་མེད་ཚོར་མེད་ངང་བར་དོའི་འཕྲང་དུ་འཛུལ་ཟིན་པ་ལྟ་བུའི་སྣང་བ་སྐྱེས་བྱུང་། ཁོར་ཡུག་འདི་འདྲ་བའི་ནང་ནས་མཆེད་ཡོང་བའི་གཞས་སྐད་ལ་ཅིས་ཀྱང་གཡའ་དྲི་ཁ་བོ་བསླད་ཡོད་པ་ངེས་ཅན་རེད་པས། མི་སེམས་ཀྱི་གཏིང་ངོས་སུ་སྤྲོ་སྐྱིད་རྣམ་དག་ཅིག་གཏན་ནས་འབྱུང་མི་སྲིད། ངས་བལྟས་ན། དོན་ངོ་མའི་སྤྲོ་སྐྱིད་ནི་སྨྲེང་སྐྱོ་ལས་བརྡོལ་ཡོང་བ་ཡིན་པར་སྣང་སྟེ། ཏག་ཏག་ངས་འཚོལ་གྱིན་པ་ཡང་ལྕང་མའི་མེ་ཏོག་གི་རྩེ་རུ་འཁྱིལ་བའི་ཟིལ་བ་བཞིན་སྒྲིབ་མེད་དྭངས་གསལ་གྱི---སྤྲོ་བའི་མཐར་ཐུག་གི་སྨྲེང་སྐྱོ་དེ་ཡིན།
ང་རང་རེ་ཐག་ཆད་པའི་ངང་གཉེན་དོན་མཚམས་སྦྱོར་ཁང་དང་གྱེས། དམིགས་ཡུལ་ཅི་ཡང་མེད་པའི་ངང་ཕྱིར་ཁྲོམ་སྲང་དུ་ཐོན། སྲང་ལམ་ཞིག་ཏུ་མི་ཞིག་གིས་གསེར་ཉ་འཚོང་གིན་འདུག་པ་མཐོང་བས་དེ་རུ་འཚངས་ནས་ལྟ་ཙམ་བྱས་པ་དང་། སྤྲང་བོ་ཞིག་གིས་གད་སྙིགས་སྣོད་སྒམ་ནང་ནས་དངོས་པོ་སློག་གིན་མཐོང་ནས་དེ་གར་ལྟ་ཙམ་བྱས། གནམ་ངོ་ཅུང་རུབ་འདུག་ཅིང་ཉག་ཕྲ་བའི་འཐོར་སྤྲིན་དག་ནི་ཕར་བལྟས་ཚེ་རྩྭ་ཡན་འཛིང་བ་དང་ཀུན་ནས་མཚུངས། ང་རང་བརྙན་སྡུད་ཁང་ཞིག་ཏུ་འཛུལ་བ་ན་ཁང་བའི་དཀར་ཆ་ཧ་ཅང་གཉོམ་པའི་ཁར་རྔུལ་དྲི་ཤིན་ཏུ་ཁ་བོ་འདུག་པས་ཕལ་ཆེར་ཉ་རིགས་འཚོང་ས་ཞིག་ཏུ་འཛུལ་ནོར་ཐེབས་པ་དང་འདྲ། བརྙན་སྡུད་ནི་འཁོར་བསྐྱོད་ཀྱིས་གཏོང་གིན་འདུག་ཅིང་། བརྙན་ཡོལ་གྱི་ངོས་སུ་བུད་མེད་ཅིག་གིས་བྲང་ཕྱེད་ཕྱིར་མངོན་དུ་བཅུག་སྟེ་སྐྱེས་པ་གཉིས་ལ་དུས་མཉམ་དུ་ཆགས་པ་སློང་བའི་པར་རིས་ཤར་འདུག ངས་མིག་གིས་ལྟ་ཙམ་བྱས་འཕྲལ་ཡི་ག་མེད་པར་གྱུར་ཏེ་རྙིང་ཧྲུལ་དུ་གྱུར་བའི་རྐུབ་སྟེགས་རྒྱབ་བསྙེས་མའི་སྟེང་དུ་གཉིད་ལ་བྱིང་བར་གྱུར། འདི་རུ་གཉིད་པ་ནི་མགྲོན་ཁང་དུ་གཉིད་པ་ལས་ཀྱང་གཏིང་དུ་བྱིང་བར་གྱུར་སོང་བ་སྟེ། གཉིད་ལས་སད་པའི་ཚེ་བརྙན་སྡུད་ནི་འཐབ་འཛིང་བརྙན་འཕྲིན་ཞིག་ཏུ་བསྒྱུར་འདུག་ཅིང་། ལུས་ལ་ཤིང་ལོའི་རི་མོ་ཅན་གྱི་གྱོན་ཆས་གོན་པའི་དམག་མི་སྐོར་ཞིག་གིས་སྤྱིར་བཏང་གི་ལྭ་བ་གྱོན་པའི་མི་འགའ་དང་ནགས་ཚལ་ཁྲོད་དུ་འཛིང་ག་བཀྱེ་སྟེ་སྦག་སྦག་སྦག་མེ་མདའ་རྒྱག་པའི་སྐད་དང་འགད་རྫས་བཀད་པའི་མེ་འོད་རེས་མོས་ཀྱིས་འཕྲོ་བཞིན་འདུག ང་རང་ཕོ་བ་ལྟོགས་ཀྱ
འཕྲིན་སྟེགས། weikangba