དཔལ་རྒྱལ་བ་ཙོང་ཁ་པ་ལ་བསྟོད་པ་ཡིད་འཕྲོག་དྲི་ཟའི་བུ་མོའི་མགྲིན་གླུ།

2015-06-04
112

སྤངས་རྟོགས་ཆ་ཤས་རྫོགས་པའི་དཀྱིལ་འཁོར་ལས།།  

ཐུགས་རྗེ་བསིལ་བའི་ཟེར་ཕྲེང་འབུམ་འཕྲོ་བའི།། 

དགེ་ལེགས་ཨུཏྤལ་གྲོལ་བའི་གཉེན་གཅིག་པུ།། 

འདྲེན་མཆོག་ལྷ་ཡི་ཡང་ལྷ་དེ་ལ་འདུད།། 

རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་པའི།། 

ཀུན་རྨོངས་དབུལ་བ་སེལ་བ་ན་གའི་རྒྱན།། 

མཚམ་སྤྲིན་གསར་བའི་མདངས་ཀྱིས་སྒེག་པའི་ལྷ།། 

ཟུར་ཕུད་ལྔ་པས་ཚེ་རབས་ཕྲེང་བར་སྐྱོངས།། 

འཕོ་མེད་ཆོས་སྐུའི་རང་རྩལ་མ་འགག་པའི།། 

བཅུ་དྲུག་ལང་ཚོ་ངོམ་པའི་ཆོ་འཕྲུལ་གྱིས།། 

མི་རྟོག་ཡེ་ཤེས་གར་མཛད་འཇམ་དཔལ་དབྱངས།། 

ཆགས་བྲལ་མལ་ལས་སློང་བའི་མགོན་དེར་འདུད།། 

མེས་པོའི་བློ་ཡི་ར་བ་ལས་འགོངས་པའི།། 

ཕྱོགས་དུས་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་གར།། 

ཞིང་འདིར་ངོམ་པའི་ཆེ་བ་མཐར་སོན་པ།། 

བློ་བཟང་གྲགས་པའི་མཚན་འཆང་ངས་འདིར་བསྔགས།། 

སྙིགས་ལྔའི་དགྲ་བོ་འཇོམས་ལ་མཐུ་བཙན་པའི།། 

གསང་གསུམ་མཛད་བརྒྱའི་རོལ་རྩེད་གཅིག་གིས་ཀྱང་།། 

འཇིག་རྟེན་འདུལ་བའི་མཁྱེན་པ་ལས་བརྒལ་བས།། 

བྱིས་པའི་བློ་ཡི་བུམ་པར་ག་ལ་ཆུད།། 

འོན་ཀྱང་དད་གསུམ་ཆུ་མཚོ་ལས་འཁྲུངས་པའི།། 

སྙིམ་པའི་མེ་ཏོག་ཟུམ་པའི་རྒྱན་འཆང་སྟེ།། 

རྒྱལ་སྲས་སྤྱོད་པའི་ནོར་རྩེན་གན་མཛོད་ལས།། 

ཆ་ཙམ་བརྗོད་པ་བསོད་ནམས་བྱེ་བའི་ཕུལ།། 

  

ཡོན་ཏན་རྒྱན་གྱིས་མཛེས་པའི་སེངྒེ་རྩེན།། 

གང་ཁྱེད་ཞིང་འདིར་མི་ཡི་གར་བསྒྱུར་རམ།། 

ཆོས་དོན་གནད་དུ་སྨིན་པ་ལ་བརྟེན་ནས།། 

སུ་ཞིག་སྟོབས་བཅུའི་ལང་ཚོ་རྫོགས་པ་ཡིན།། 

ཁོ་བོ་འདི་འདྲའི་ཤན་ལ་རབ་རྨོངས་ཀྱང་།། 

ཁྱེད་ཀྱི་འཕན་མེད་མཛད་བཟང་གླེང་ཙ་ན།། 

ལུས་མེད་སྙིང་ལ་མུན་པའི་ཁུར་བླངས་ཏེ།། 

མདའ་ལྔའི་གྲོགས་དང་བྲལ་བའི་ནད་ཀྱིས་ཟིན།། 

དུག་གསུམ་ལང་ཀའི་བདག་པོའི་མགྲིན་པ་ལ།། 

འཁྱུད་པའི་དམ་ཆོས་གཞུ་འཛིན་རྗེ་བོའི་མཚོན།། 

སྙིང་བོར་སྨོན་པའི་རྩེ་དགའ་ལ་ཆགས་པས།། 

དཀར་མིན་བྲང་འགྲོའི་མདུད་པ་རང་སར་གྲོལ།། 

མཁའ་གླིང་དལ་གྱིས་བགྲོད་པའི་ཕང་བ་ནས།། 

སྤྲིན་གྱི་ལྕུག་མ་དགོད་པའི་རྗེས་འགྲོ་བའི།། 

མི་རྟག་འཁོར་བའི་དཔལ་གྱི་སྐྱེ་བས་མཐོ།། 

ངེས་འབྱུང་མཚམས་ལྡན་མ་ཡི་མཛའ་བོ་ཉིད།། 

འདི་སྣང་སྲིན་མོའི་མལ་དུ་གནས་འཆའ་བའི།། 

འདོད་ཡོན་ནག་པོར་འཆར་བའི་མཚང་རིག་སྟེ།། 

ཚངས་སྤྱོད་ཛམ་བུའི་རྐང་འཐུང་རྒྱས་པའི་ཚུལ།། 

དགེ་ལེགས་བསིལ་བའི་ཡོན་ཏན་ལྷས་ཀྱང་གླེང་།། 

མང་ཐོས་སིནྡྷུ་བདག་པོ་ལས་བྱུང་བའི།། 

ལྔ་རིག་མཁྱེན་པའི་ཟླ་གཞོན་གསར་བའི་གཟི།། 

འགྲན་པར་མ་ནུས་འོད་ཀྱི་ནོར་ཅན་ཡང་།། 

བང་ལྡན་རི་ཡི་རྩལ་ལ་བརྟེན་ནས་བྲོས།། 

བཀའ་བསྟན་མེས་པོའི་གཙུག་སྐྱེས་གཡོས་པ་ལས།། 

བྱུང་བའི་དོན་བཟང་སྙིང་བོར་སྦྲུམས་པའི་ཆབ།། 

གཅིག་ཏུ་འཁྱིལ་བའི་ལེགས་གསུང་གང་ག་མ།། 

ལྷུག་པར་བབ་པས་ས་གསུམ་ཆོས་ཀྱིས་ཁྱབ།། 

དོན་ཟབ་མཁས་བྱའི་རིན་ཆེན་རྒྱ་མཚོའི་གོས།། 

དྲི་མེད་མཁྱེད་དཔྱོད་གོམ་སྟབས་གཅིག་གིས་ཀྱང་།། 

གཞལ་བས་རིག་ཚུལ་ཀུན་ད་གྲོལ་བའི་གཉེན།། 

ལེགས་བཤད་བཅུ་དྲུག་ཆ་ཅན་མཁའ་ནས་འཛུམ།། 

འཇིགས་མེད་རྣམ་དཔྱོད་གཙུག་ཕུད་ལྔ་བ་ཡིས།། 

དྲངས་བའི་བརྒལ་རྟགས་སྦར་མོའི་མཚོན་རྣོན་པོ།། 

ཕས་རྒོལ་གཉིས་འཐུང་སྤྱི་བོ་ལ་བཀོད་པས།། 

ལྟ་ངན་ཝ་སྐྱེས་སྲོག་ཀྱང་ལྟུངས་བར་བྱས།། 

  

ཚད་མ་གསུམ་གྱི་མདའ་བསྐྱོད་ལ་བརྟེན་པའི།། 

སྒྲུབ་དང་སུན་འབྱིན་དྲང་འགྲོ་འཕངས་གྲོལ་ཏེ།། 

མ་རྟོག་མགྲིན་བཅུ་མགོ་བོ་དབྱིག་འཛིན་གྱི།། 

པང་དུ་ལྷུང་བས་ལྷ་ཆེན་བྱིན་ཤ་འདར།། 

ཤེས་རབ་མིག་སྟོང་པ་ཡི་ལག་ཉལ་གྱིས།། 

མཐར་འཛིན་རི་བོའི་བགྲོད་བྱེད་ཀུན་བཅོམ་ཏེ།། 

ངེས་དོན་ལྟ་བའི་ནགས་ཀློང་གཡོ་བའི་ཚུལ།། 

དཔལ་ལྡན་ཀླུ་དབང་དགྱེས་པའི་མཆོད་སྤྲིན་ཉིད།། 

མཐའ་བརྒྱད་དམ་བཅའི་སྣོད་དུ་ཤོང་མིན་པའི།། 

བརྗོད་བྲལ་ཤེས་རབ་ཟབ་མོའི་མཐར་སོན་ཀྱང་།། 

དང་པོའི་ལས་ཅན་ཚོགས་ལ་རབ་མཛེས་པའི།། 

བདེན་སྟོང་བདུད་རྩིའི་འོད་ཀྱིས་སྣང་བར་བྱས།། 

སྲིད་ལམ་དུབ་པ་དག་གི་ངལ་གསོའི་གནས།། 

བསྟན་དང་སྟོན་པ་གཉིས་མེད་བདུད་བརྩིའི་མཛོད།། 

སྐལ་བཟང་འགྲོ་བའི་དཔྱིད་དུ་སྒོ་ཕྱེས་པས།། 

རྒྱལ་བ་གཉིས་པའི་མཚན་སྙན་ཁྱེད་ཀྱིས་བརྙེས།། 

མི་སྡུག་སྲིད་རྩའི་ཁྲི་ཤིང་ལྕུག་མའི་རྒྱ།། 

ཉེ་བར་གཅོད་ལ་ཟག་བཅས་ཟག་མེད་ཀྱི།། 

ཆོས་རབ་འབྱེད་པའི་ཤེས་རབ་སྐྱེད་པའི་ཐབས།། 

སྟོན་ལ་དབྱིག་གི་གཉེན་གྱི་དགྲ་ཟླར་ཆས།། 

མཁྱེན་རབ་འོད་དཀར་དྲ་བའི་མཛེས་པ་ཡིས།། 

སྦས་དོན་ཆུ་སྐྱེས་གྲོལ་བའི་ངོ་མཚར་དེས།། 

གང་ཁྱེད་དགའ་ལྡན་ཞིང་གི་མགོན་པོ་དང་།། 

གཅིག་ཏུ་འཁྲུལ་ཏེ་དབང་པོས་མིག་སྟོང་བགྲད།། 

རིགས་ཚུལ་སྒེག་མོའི་འགྲམ་ཆང་མངར་མོ་ཡིས།། 

གསུང་རབ་བ་ཀུ་ལ་ཡི་ཁ་ཕྱེས་ཏེ།། 

ཟབ་དོན་དབྱར་རྔ་ལྡིར་བའི་ཆོ་འཕྲུལ་གྱིས།། 

བློ་གསར་མདོངས་མཐའ་དགའ་བའི་མངལ་གྱིས་ལྕི།། 

རྒྱུད་སྡེ་དུས་ཀྱི་རླབས་གཉེར་གཡོ་བའི་ངོས།། 

ངོམ་མེད་བརྩོན་པའི་གྲུ་མཁན་ལ་བརྟེན་པའི།། 

རིམ་གཉིས་རིན་ཆེན་གླིང་དུ་བགྲོད་པའི་གར།། 

ཟུང་འཇུག་གདེངས་ཅན་རལ་བའི་རྒྱན་ལ་འཁྱུད།། 

གྲོལ་བ་སྐབས་གསུམ་གྲོང་དུ་གཤེགས་པའི་སྐས།། 

མན་ངག་ལེགས་བྲིས་ཟས་ཀྱི་བཅུད་མྱངས་པས།། 

གྲངས་མེད་གསུམ་གྱི་ངལ་བ་མ་བརྟེན་པར།། 

སྲིད་ཞིའི་གཡུལ་ལས་རྒྱལ་བའི་སྙན་པ་མཐོ།། 

བཤད་སྒྲུབ་མིག་གིས་དྲེགས་པ་ན་དར་བའི།། 

རྒྱལ་བསྟན་སྡེ་བཞི་སྤེལ་བའི་བཀའ་དབང་པའི།། 

བདེ་ཆེན་འཁོར་ལོའི་མཛེས་བྱེད་ཁྱེད་ཀྱི་མཐུས།། 

གཡོན་ཅན་སྒྱུ་མའི་རི་དྭགས་དབྱིངས་སུ་ཡལ།། 

བླང་དང་དོར་བྱའི་དེ་ཉིད་མི་མཐོང་ཞིང་།། 

ཀུན་རྨོངས་གདུང་བའི་དབལ་ལྡན་ལུས་ཅན་རྣམས།། 

རྣམ་གྲོལ་བསིལ་བ་སྟེར་བའི་མཚན་མོའི་མགོན།། 

བྱང་ཆུབ་ཐུགས་ཀྱི་རི་བོང་གཟུགས་ཀྱིས་མཛེས།། 

སྡུག་བསྔལ་རྩེ་མོའི་ཞུགས་ཀྱིས་འཇིགས་པའི་འགྲོ།། 

མྱ་ངན་འདམ་ལས་བསྒྲལ་བའི་མཛད་བཟང་ཁུར།། 

མ་ཐེག་དབྱིག་གི་བློ་གྲོས་འཇོག་པོའི་གནས།། 

ལྷུང་བར་དོགས་ཏེ་ཁྱབ་འཇུག་འཕར་འགྲོར་བརྫུས།། 

རྣམ་བཞི་གདོན་གྱི་རི་རྩེ་མཐོངས་སྙེག་པའི།། 

གཡེང་ལས་སྐྱོབ་བྱེད་ལག་པའི་འཆེལ་བ་རུ།། 

ཟབ་ཆོས་བཻཌཱུའི་ལྗོན་ཤིང་འཕན་མེད་པ།། 

བཙུགས་པས་ཐར་ལམ་བགྲོད་ལ་ངལ་བ་བོར།། 

མ་རུང་རྒུད་པའི་ཆུ་མཚོ་ལ་ཟ་བའི།། 

ལེགས་མཛད་རྟ་གདོང་མེ་ཡིས་དམ་འཁྱུད་པས།། 

འཇིག་རྟེན་གསུམ་ན་གནག་པའི་སེམས་འཆང་བ།། 

བཙལ་བས་མ་བརྙེད་འདོད་ལྷའི་ལུས་ཀྱང་བོར།། 

སེམས་ཅན་ཀུན་གྱི་རེ་བའི་ཁྱད་པར་རྣམས།། 

ཇི་བཞིན་འཇོ་བའི་ངོ་མཚར་འབུམ་རྫོགས་པ།། 

ན་ཀྲའི་གྲོང་ལས་ཐབས་ཀྱིས་མ་བླངས་ཀྱང་།། 

གང་ཁྱེད་བྱང་ཆེན་སྤྱོད་པའི་མཐུ་ལས་བྱུང་།། 

བཟོད་དཀའ་དམྱལ་མེའི་མཚོན་ཆར་འབེབས་པའི་ཁྲོད།། 

དྲ་བའི་རྐང་ལྡན་པད་མཚོར་ཞུགས་པ་བཞིན།། 

བག་ཚ་བྲལ་བ་ལས་ཀྱིས་མ་ཡིན་ཏེ།། 

གཞན་ཕན་ཁུར་གྱིས་ལྕི་བའི་མཐུ་རུ་ངེས།། 

འཕྲལ་ཡུན་ཕན་བདེའི་དོན་ཆེན་སྒྲུབ་པའི་ཚུལ།། 

ལེགས་པར་སྤྱོད་ལ་སྙིང་སྟོབས་དབང་བཙན་པས།། 

གང་ལ་གང་འདུལ་སྒྱུ་འཕྲུལ་བསམ་ཡས་པ།། 

འགྲོ་ཁམས་རྒྱ་མཚོ་སྟོང་པའི་གྲོགས་སུ་ཆས།། 

གོམ་སྟོབས་ངན་འགྲོར་འཁྱེར་བའི་མ་མ་ཀུན།། 

ཡང་དག་ལམ་ལ་དཀྲི་བའི་ས་མཁན་མཆོག། 

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ།། 

ཞབས་རྡུལ་སྤྱི་བོས་མཆོད་དེ་ཕྱག་བགྱི་འོ།། 

མཚོ་བྱུང་གསུང་གི་མཛོད་ལས་མ་བརྐུས་ལ།། 

ཡན་ལག་དྲུག་ཅུའི་གཏེར་ནས་མ་དྲངས་པའི།། 

སྙན་འཇེབས་ཉམས་ཀྱི་འགྱུར་བག་སྟོང་ལྡན་པ།། 

རིག་བྱེད་སྨྲ་བའི་ངག་སྒོ་རྣམ་པར་དགེ།། 

ཁོ་བོ་འདི་ནས་བྱང་ཆུབ་སྙིང་པོའི་བར།། 

གདུང་ལྡན་འགྲོ་བའི་སླད་དུ་སྲེགས་ཟའི་ཁྲོད།། 

འཇུག་ལ་སྤྲོ་བའི་བརྟུལ་ཞུགས་ལྷུར་ལེན་པའི།། 

འདྲེན་མཆོག་ཁྱེད་དང་སྐལ་བ་མཉམ་པར་ཤོག། 

 

  • 顶