གངས་མུ་ཏིག་གི་སྙན་ངག་བདམས་བཀོད།

2015-05-04
138

  དོ་ནུབ་ང་ཁེར་རྐྱང་ཡིན། 

               ___གངས་མུ་ཏིག

  དོ་ནུབ།བསམ་གཞིགས་ཁྲི་ཕྲག་གི་ཕར་ངོགས་ན།

  དུས་ཚོད་སྐར་ཆ་གང་རེ་ཡང་ཨུ་ཚུགས་ཀྱིས་བསྐྱལ་དགོས་པས།

  ངའི་མགོ་བོ་འདི་ཇི་འདྲིའི་ལྕི་བ་ལ།

  ཁེར་རྐྱང་གི་དོ་ནུབ།

  ཕྲག་དོག་གི་མེ་ལྕེ་སྔོན་མོ་གཟིམས་ཟིན།

  འཆར་ཡན་གྱི་གཡོར་གྲུ་ལྗང་ཁུ་བསྡད་འདུག

  ཁྱོད་ཀྱི་ལང་ཚོའི་མེ་ཏོག་ཁོ་ན་ང་ཡི་མིག་ལ་མངོན་ཞིང་།

  སྐྱོ་གདུང་ཟབ་མོས་ཁྱེད་ལ་ཞེན་ཆགས་ཀྱི་ཆང་ཕོར་ཡང་ཡང་བཏེགས་དགོས་བྱུང་།

  སེམས་པ་འདི་ཅི་ཡང་ཤོང་བའི་མཛོད་ཅིག་རེད།

  དྲན་གདུང་འདི་གཞལ་མི་ཚར་བའི་ཁྲལ་ཞིག་རེད།

  དོ་ནུབ།ཁྱེད་དང་འབྲེལ་བ་ཡོད་ཚད་གཤོག་པ་ཐོགས་ཏེ་ང་ཡི་དྲན་ངོགས་ན་འཕུར་ལྡིང་བྱེད།

  བསླུ་བྲིད་ཀྱི་སྡུག་སྲིན་འདི་དག་རྐང་ལག་ཐོགས་ཏེ་ང་ལ་ཟ་འཕྲུག་སློང་གིན་འདུག

  ཟླ་བ་དང་སྐར་ཚོགས་དབེན་པའི་དོ་ནུབ།

  སེམས་པ་འདིའི་ཕྱེད་ཀ་རང་ལ་མི་དབང་།

  རང་ལ་མི་དབང་བའི་སེམས་པའི་ནང་དུ།

  ཁྱོད་ཀྱི་མཛུམ་མདངས་དང་རྒྱབ་གཟུགས་ཇི་སྙེད་སྦས་ཡོད།

  དེའི་རྐྱེན་པས།སེམས་པ་ཆུང་ངུའི་ནང་དུ།

  ཁྱེད་རེང་ཆེན་པོར་ཆགས་ཡོད།

                                                          2015.1.8ཉིན་མཚན་མོར་བྲིས།

    དྲན་པ་བསེད་པ། 

  བརྗེད་འདོད་པ་ཐ་དག་ལོ་རྒྱུས་ཀྱི་དུར་དུ་སྦས་ཀྱང་།

  དུས་ཚོད་ཀྱི་གཙང་བོ་བཞུར་ཤུལ་ན།

  བློས་མི་ཐོངས་པ་དེ་དག

  རྩིག་ངོས་ནས་མངོན་པའི་ལྡེབས་རིས་བཞིན།

  ག་ལེར་ག་ལེར་ང་ཡི་མིག་ལ་ལྷུང་ཞིང་།

  ལྡབ་ལྡིབ་ཀྱི་སྐད་ཆ་མོད་པོ།

  དལ་བ་དལ་བུར་ང་ཡི་རྣ་བར་བསྒོས་བྱུང་།

  ཞེན་ཆགས་ས་དང་སྙིང་ཉེ་བ་གཅིག་ཀྱང་མ་ལུས་པར།

  ཚང་མ་ཡིད་ཀྱི་འདོགས་ཐག་ལ་བཏགས་འདུག

  ན་ནིང་ཤི་བའི་ཁྱིམ་མཚེས་བགྲེས་པོ་དེ།

  ད་རུང་གམ་ན་ཡོད་ཡོད་འདྲ་བ་བཞིན།

  ཞོགས་པ་ནས་ས་སྲོད་ལྟ་བུའི་མི་ལོ་ཉི་ཤུ།

  མི་ལོ་ཉི་ཤུའི་རྒྱལ་ཕམ་དང་ཐོབ་ཤོར།

  བརྩེ་དུང་དང་མི་ཁ་ཇི་སྙེད།

  མཚམས་རེར་དགོད་སླ་ཞིང་ངུ་ཡང་སྐྱེན།

  ཕྱིར་དྲན་གྱི་དཔྱངས་ཐག་ཆད་དུས།

  དུས་ཚོད་ག་ཙམ་འགོར་བ་མ་ཤེས་མོད།

  མིག་ཆུ་དང་སྣ་ཆུ་གཅིག་ཏུ་འདྲེས་པས།

  ངས་འདས་དོན་ཞེས་ཡང་ཡང་འབོད་དགོས་བྱུང་།

                                                   2014.12.30ཉིན་ཕ་ཡུལ་ནས།

    སྐྱེས་སྐར་ལ་ཕུལ་བའི་སྙན་ངག 

  དེ་རིང་ནི།ཁྱོད་ཀྱི་སྐྱེས་སྐར་ཡིན།

  ཁྱོས་ཆེད་དུ་སྐྱེས་སྐར་རོལ་མ་མྱོང་།

  ཡིན་ཡང་ཁྱོད་སྐྱེས་དུས་ནི་ལོ་སར་ཚེས་གཅིག་ཉིན་ཁེལ་བས།

  ཁྱོས་སྐྱེས་སྐར་མ་རོལ་དུས་གཅིག་ཀྱང་མེད།

  མཐའ་ན་རྨོ་རྨོ་ལགས་གཤེགས་དུས་ཀྱང་།

  དུས་ད་ལྟ།

  ཁྱེད་རང་འཇིག་རྟེན་དུ་འོངས་ནས་མི་ལོ་ཉི་ཤུ་ལྷག་འགོར་ཡོད།

  མི་ལོ་ཉི་ཤུའི་རིང་།ཁྱོས་མིག་ཆུ་དང་དགོད་སྒྲ།

  ཁེར་རྐྱང།དྲན་གདུང་སོགས་ཀྱི་ཐ་སྙད་འཁྱེར་ཏེ།

  སོང་ཟིན་པའི་ལམ་བུ་དག་ལ་མདོག་མི་གཅིག་པའི་རྐང་རྗེས་རེ་དཔར་ཡོད།

  ཡིན་ཡང་འཇིག་རྟེན་འདི་ཆེ་དྲགས་ལ།

  ཁྱེད་རང་ཆུང་དྲགས་པས།

  འགྲོ་བའི་མིག་ཀོང་ན།

  ཁྱོད་ནི་ཇི་འདྲའི་ཉམ་ཆུང་བ་ལ།

  ཡང་ན་གང་ལའང་མི་མཁོ་བའི་དངོས་པོ་ཞིག

  མི་རྣམས་ཀྱིས་ཁྱོད་རང་མཛེ་ནད་བཞིན་བྱོལ་ནས་འགྲོ

  དེ་བས་ཁྱེད་ལ་སྙིང་ཉེ་མཁན་གྱི་མི་ཤིན་ཏུ་དཀོན།

  ཁེར་རྐྱང་དང་སྐྱོ་སྡུག་གི་ལོ་ཟླའི་ནང་།

  ཁྱོས་དབྱངས་ཅན་མར་གྲོགས་བསྒྲིགས་ཏེ།

  མཛེས་སྡུག་དང་བརྩེ་བ་མཚོན་བྱེད་དུ།

  སྙན་ངག་གི་ཕོ་བྲང་མང་ཙམ་བཞེངས་མྱོང་ལ།

  ཁྱོའི་ཕྱི་ནང་གསང་གསུམ་སྙན་ངག་ལ་བསྟན་ཚར་བས།

  ཁྱོད་ལ་སྙན་ངག་ལས་ལྷག་པའི་མཆེད་གྲོགས་ཤིག་ཡོད་མ་ཡིན།

  སྙན་ངག་བདོག་པས།

  ཁྱོའི་ནམ་མཁའ་ནམ་ཡང་སྔོན་པོ་ཡིན།

  ནམ་མཁའ་སྔོན་པོ་འདིའི་འོག་ན།

  ཁྱོས་ནམ་ཡང་བསམ་གཞིག་གཏོང་གིན་ཡོད།

  ནམ་ཉི་མ་ཞིག་ལ།

  ཁྱོད་ནི་སྙན་ངག་གི་རྒྱལ་སྲས་ཤིག་ཏུ་འགྱུར་བར་སྨོན།

  ཉིན་མཚན་རེས་མེད་དུ་སྙུ་གུ་འཁྱེར་ནས་རྒྱལ་ཁམས་འགྲིམ་མཁན་དེ་ཡིན་པར་སྨོན།

  མཐོ་སྒང་ན་འོད་དུ་འཚེར་བའི་མུ་ཏིག་དེ་ཡང་ཡིན་པར་སྨོན།

                                                     2015.2.19ཉིན་རང་ཁྱིམ་ནས།
  • 顶