༄༅།།ཨོཾ་སྭ་སྟི།སྔོན་རྒྱ་གར་འཕགས་པའི་ཡུལ་ན་སངས་རྒྱས་དགུང་ལོ་བཅུ་ལ་ཕེབས་པ་ན།འཛམ་གླིང་སྤྱི་དང་ལྷག་པར་ཡུལ་དགའ་བའི་གཡས་གཡོན་དུ་རྟག་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང་།རྫུ་འཕྲུལ་མཁས་བཙུན་གྲངས་མེད་དུ་མཛད་པ་རྣམས་དྲི་དགོས་དང་།ཤོད་དགོས་བྱུང་ན་མི་ཚེའི་ཁ་ལ་མི་ཚེ་མང་པོ་དགོས་འདུག་པས།མཚམས་ཀྱི་ཞུ་བ།དགུང་ལོ་བཅུ་ལ་ཕེབས་པའི་དུས།དང་པོ་དྲང་པོའི་གཏེར་མཛོད།གཉིས་པ་ཁྲིམས་ཀྱི་འབྱོན་ཁུངས།གསུམ་པ་ངོ་ཚའི་རྒྱ་མཚོ།བཞི་པ་སྦྱིན་པའི་རྒྱལ་པོ།ལྔ་པ་ཆོས་གནང་བ་སོགས་རྩ་བ་ལུང་དང་མཉམ་པའི་སྡོང་པོ་ལ་ལོ་འདབས་རྒྱས་པ་ལྟ་བུའི་ཆོས་འཇིག་རྟེན།ལས་རྒྱུ་འབྲས།ཁྲེལ་ངོ་ཚོ།བྱམས་རྙིང་རྗེ།ལམ་ལུགས་སྲོལ་སོགས་གང་ཅི་རྒྱ་མཚོ་ཐིག་པའི་ཐིག་པ་དུམ་བུ་བརྒྱ་ཕྲག་མང་པོར་བཏང་བའི་བསླབས་བྱའི་ཚིགས་བཅད་མུ་ཏིག་དར་ལ་བརྒྱུས་པ་བཞིན་འདི་བརྩམས།ཚིགས་དག་ཁ་ཆེ་ཕ་ལུ་འཇུ་ཡི་ཡིག་ཐོག་ཏུ་བཀོད་པའི་བསླབས་བྱ་དངོས་གྲུབ་ཆུ་མིག་གི་ལེའུ་དང་པོའོ།།།།
ཆོས་ཀྱི་འབྱོན་ཁུངས་རྡོ་རྗེའི་ཁྲི་ཡི་ཐོག།རྒྱབ་ཏུ་ཆོས་ཀྱི་བྲག་རི་དབུ་འཕངས་མཐོ། །མདུན་དུ་སྙིང་རྗེའི་མཚོ་མོ་འོད་ཀྱིས་ཁེངས། །དབྱར་དགུན་མེད་པ་ཉིན་མཚན་རིང་ཐུང་སྙོམས།དབྱར་ཁ་གྲོ་རྒྱུ་དགུན་ཁ་གྲང་རྒྱུ་མེད།དབྱར་དགུན་རིང་ཐུང་དྲོ་གྲང་ལྡན་པའི་ས། །ཉི་མ་ནམ་མཁའི་དགུང་དུ་སླེབས་པའི་དུས། །ཁང་ཁྱིམ་མུན་པ་གྲིབ་སོ་འཁོར་རྒྱུ་མེད། །དེ་ཚོ་འཛམ་གླིང་ལྟེ་བའི་རྟག་དཔྱད་ཡིན། །ལྟེ་བ་དེ་ནས་ལྟེ་བར་འགྲོ་བའི་ལམ། །ལྟེ་བའི་ལྟེ་བ་དེ་ལ་ཕྱག་འཚོལ་ལོ། །བོད་ཀྱི་སྐད་དུ་དཀོན་མཆོག་རིན་པོ་ཆེ། །རང་རེའི་སྐད་དུ་གོ་བརྡཱལ་ཕྱག་འཚལ་ལོ། །རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་འདོད་ན། །སེམས་པའི་ཡུལ་ན་གཏི་མུག་ཤུལ་མེད་བཟོས། །འདོད་ཆགས་ནག་པོ་རྒྱ་མཚོའི་གཏིང་ལ་བསྐུར། །ཆགས་སྡང་ཞེ་སྡང་དམར་པོའི་མེ་ལ་སྤོར། །བསམ་རྒྱུ་གཅིག་ལ་སྒོམས་རྒྱུ་དྲན་རྒྱུ་གཅིག །གཅིག་ལ་གཉིས་ཀྱི་འབྲེལ་སོ་མེད་ཟེར་ན། །ཆོས་ལ་འགྲོ་ཆས་སྒྲིགས་ཤིག་ཕ་ཡི་བུ། །འགྲོ་གིན་འགྲོ་གིན་ལྟད་མོ་མཐོང་ཡོང་ངོ་། །བྱས་ཚད་ཆོས་དང་བཏང་ཚད་ལམ་ལ་འགྲོ །བསམ་ཚད་ཐོག་དང་དགོས་ཚད་ལག་ཏུ་ཐེབས། །ལབ་ཚད་གཏམ་དང་དགོས་ཚད་འབེན་ལ་ཕོག། །དེ་འདྲའི་ས་རུ་འགྲོ་འདོད་ཡོད་ཟེར་ན། །དགོས་རྒྱུའི་སྙིང་པོ་དོན་གྱི་རྡོ་ཁ་གསུམ། །དང་པོ་སེམས་དཔའ་མེ་ལོང་བཞིན་དུ་དང་གཅིག་དགོས། །གཉིས་པ་དམ་ཚིག་གཙང་ཆུ་བཞིན་དུ་གཙང་གཅིག་དགོས། །གསུམ་པ་ཡག་རྒྱ་སེངྒེ་བཞིན་དུ་ཆེ་གཅིག་དགོས། །དེ་གསུམ་འཛོམས་ན་དེ་རུ་སླེབས་པ་རེད། །དེ་འདྲའི་ས་རུ་སླེབས་པའི་ཕོ་གཞོན་ཚོ། །རང་ལ་རང་གི་གོ་བ་མ་བཀོན་ན། །འཇིག་རྟེན་འདི་ཡི་འཁོར་དུ་ཐིམ་ཡོང་ངོ་། །སང་སང་གནང་གནང་ཟེར་གྱིན་འགྱངས་ཡོང་ངོ་། །དེ་འདྲའི་ངང་ནས་འབོད་མཁན་སླེབས་ཡོང་ངོ་། །དེ་དུས་འགྱོད་པའི་གླིང་ལ་རྒྱབ་ཡོང་ངོ་། །ཁ་བསུར་སྡོང་པོ་སྐམ་པོའི་རྡོ་ལ་སྐྱེས། །ཡལ་ག་ལོ་འདབ་དེ་མ་ཐག་ཏུ་རྒྱས། །འདབ་ལོ་རེ་རེའི་ཐོག་ཏུ་མཚན་རེ་འཁྲུངས། །མཁས་པ་ཡོངས་ཀྱི་རིག་པ་མི་སྙམས་པ།།ལྟེ་བའི་སྙན་ཞུ་ལྟེ་བའི་དྲུང་དུ་ཕུལ། །བཀའ་ཤོག་རྒྱབ་དང་དམ་ཕྲུག་སྐུ་རྒྱབ་དུ། །གཙུག་གི་ནོར་བུ་དོན་གྱི་རྡོ་ཁའི་ཚིག །སྡིག་ཆེན་བདག་དང་འཁོར་བའི་སེམས་ཅན་སོང་། །ཆོས་ཀྱི་ལམ་སྣ་ཟིན་པའི་སྙན་ཞུ་དང་། །འདི་དང་ཕྱི་མ་གཉིས་གྱི་རེ་ས་དང་། །བློ་དང་སེམས་པ་གཉིས་ཀྱི་བཞག་ས་ལ། །འབྲལ་བ་མེད་པ་ཐུགས་རྗེས་རྒྱངས་ནས་གཟིགས། །ཡེ་ཤེས་སྦྱན་གྱི་གཟིགས་ནས་ཐུགས་ལ་ཞོག །བྱམས་དང་བརྩེ་བས་བསྐྱངས་ནས་ལམ་སྣ་དྲོངས། །སྐར་ཆེན་འོད་ཀྱི་གླིང་ལ་ཞལ་གཟིགས་ནས། །སྐར་ཆུང་ཚིག་བརྒྱ་ལྔ་བཅུ་ང་གཉིས་བར། །སྙུག་གུའི་བཤད་པ་སྙུག་གུས་གོ་སོང་ངོ་། །ནག་པོའི་རི་མོ་དཀར་པོའི་ཚིག་གིས་ཁེངས། །ཁ་ཆེ་ཕ་ལུའི་བརྙེས་སོ་དྲན་བོས་ཕུལ། །བསླབ་བྱ་ལེའུ་གཉིས་པའོ།།།།
ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་རེད། །སེམས་དང་ལུས་པོ་རང་རང་སོ་སོ་རེད། །སེམས་པ་དཀའ་བ་སྤྱད་ནས་འགྲོ་འདོད་ཀྱང་། །ལུས་པོ་ཞིམ་པོ་ཟས་ནས་སྡོད་འདོད་ཆེ། །ལུས་པོ་སྐྱིད་པོ་སྡོད་པ་ཞག་གསུམ་དང་། །སེམས་པ་སྡུག་པ་ཕུག་གི་ཕུག་ནས་སྡུག །སེམས་སྐྱིད་འདོད་ན་ལུས་ཀྱི་དཀའ་བ་སྤྱོད། །ལུས་པོ་བསམ་ན་སེམས་པ་སྡུག་ལ་སྦྱོར། །ང་ལ་ཉན་ན་ལུས་སེམས་དབྱེ་བ་མ་ཆོད། །གསེར་དང་རག་རྒན་རྗེ་མི་སྨྱོན་པ་རེད། །གཡུ་དང་དོ་ལོ་ནོར་ན་ལྐུག་པ་རེད། །འདི་དང་ཕྱི་མའི་ཁེ་གྱོང་མི་ཤེས་ན། །འཇིག་རྟེན་འཁོར་བའི་མི་ཚེ་འཁྱོལ་འགྲོ་ཟེར།ལོ་གཅིག་ལོ་གཉིས་མི་དགོས་བརྒྱ་ཡི་བར། །ཐ་མ་ས་རྡོའི་ཕུང་པོ་ས་ལ་ཐིམ། །རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས་པ་དང་། །སྤྲང་ཕྲུག་བན་པོའི་འོག་ཏུ་སྡོད་པ་གཉིས། །མེ་རྟགས་འཆི་བ་བྱུང་དུས་འདྲ་འདྲ་རེད། །ཟས་ཀྱི་ཞིམ་མངར་ལྕེ་ནས་མིག་པའི་བར། །འཁོར་བའི་སྐྱེད་སྡུག་ཞག་གསུམ་འདི་ཡི་རིང་། །སྤྲང་པོ་སྡུག་ཀྱང་མི་ཚེ་ཁྱོལ་འགྲོ་ལོ།།རྒྱལ་པོ་སྐྱིད་ཀྱང་ཐ་མ་ཤི་འགྲོ་ལོ། །དེ་སྔ་སོང་བའི་གྲངས་ཀ་མི་ཤེས་འདུག །ད་དུང་འགྲོ་རྒྱུའི་གདེངས་ཚོད་སུ་ཡིས་ཤེས། །ཡོང་གིན་ཡོང་གིན་འགྲོ་གིན་འགྲོ་གིན་དུ། །དོན་དུ་ཡོང་མི་ཚང་མ་འགྲོ་མི་རེད། །འཁོར་བ་འདི་ལ་རྟག་པ་གཅིག་ཀྱང་མེད། །རྟག་པ་མེད་པ་བདེན་པ་སུ་ལ་ཡོད། །རྟག་པ་བརྟན་པ་མེད་པའི་མི་ཚེ་འདི། །ལ་འགོའི་ཁ་ཡི་ཁྲི་གདུགས་ཉི་མ་འདྲ། །བྱོན་ན་མ་གཏོགས་བཞུགས་རྒྱུ་ཡོང་དོག་མེད། །ད་དུང་ཕྲུ་གུའི་སྣང་བ་མ་ཡེངས་པ། །མཁས་པ་ཡིན་ན་དོན་གྱི་རྡོ་ཁ་སྒྲིལ། །དོན་རྩ་སྒྲིལ་ན་དཔའ་བོའི་ཡང་རྩེ་རེད། །འཇིག་རྟེན་འཁོར་པའི་ལས་ལ་སྙིང་པོ་མེད།།འཁོར་བ་གཏན་དུ་སྡོད་པའི་ས་མ་རེད།།འགྲུལ་པ་ཞག་གསུམ་གནས་ཚང་གནས་མགྲོན་རེད།སོ་སོའི་བསམ་བློ་སོ་སོས་གཏང་བ་དགའ། །འགྲུལ་པ་འགྲོ་ཆས་སྔོན་ནས་མ་འགྲིགས་ན། །གནས་ཚང་རྒྱབ་ཏུ་འཁྱེར་ནས་འགྲོ་རྒྱུ་མེད། །གནས་མོ་རོག་ལ་ཁྲིད་རྒྱུ་ཡོད་དོག་མེད། །རང་ནོར་རང་ལ་བདག་དུས་བསམ་བློ་ཐོང་། །ལྡེ་མིག་མི་ལ་ཤོར་དུས་འགྱོད་པའི་རྒྱུ། །ཕ་མ་ཤི་བ་མང་པོ་བྱུང་ཡོད་འགྲོ། །ཕྲུ་གུ་སྡད་པ་མང་པོ་མཐོང་ཡོད་འགྲོ། །ཨ་མའི་རྗེས་ལ་ཨོ་ལོ་འགྲོ་དོག་མེད། །ཨ་མའི་འཇུག་ལ་བུ་མོ་འགྲོ་དོག་མེད། །སོ་སོའི་ནམས་དུས་སོ་སོས་སྐྱལ་ནས་འགྲོ། །ཁྱོད་རང་ཁྱོད་རའི་བསམ་བློ་ཁྱོད་རང་མཐོང་། །གཅིག་པུར་འགྲོ་བའི་ལམ་གྱི་ལམ་ཆད་འདི། །སྔོན་སྔོན་སྔོན་ལ་སྤྲང་པོའི་ལག་ཏུ་བསྐུར། །ནོར་གྱི་རྟ་ལ་འགྲོ་བའི་བང་གྲོས་སློབས། །ཕྱི་མ་འགྲོ་བའི་ལམ་ལ་ཐོན་ཆོག་བགྱིས། །ཕ་རོལ་ཕྱུག་པོ་ལོང་སྤྱོད་དགོས་འདོད་ན། །འདི་རུ་སྤྲང་པོའི་སྐྱིད་སྡུག་ལྟས་པ་བཟང་། །ས་ཡི་འོག་ཏུ་ཁམ་བུ་ཟ་འདོད་ན། །ས་སྟེང་འདི་རུ་ཁམ་སྡོང་བཙུགས་པ་བཟང་། །ཀུན་ལ་བདེ་བའི་རྩ་བ་གཙུག་པ་བཟང་། །ཆོས་ཀྱི་རྩ་བ་མི་སེམས་འཛིན་རྒྱུ་མེད། །ཆོས་ཀྱི་སྙིང་པོ་གཞན་དོན་འགྲིག་ལེ་རེད། །ཁྱོད་རང་ཁྱོད་རའི་འདོད་པ་ཟིན་འདོད་ན། །ཆང་དང་ཨ་རག་དེ་ལས་ལྷག་པ་མེད། །ང་ང་ང་རྒྱས་ཟེར་བའི་བང་རྒྱས་ཅན། །གསེར་དངུལ་བཟང་དང་གཏམ་དོན་ང་ཟེར་ཞིང་།།ཞིམ་པོ་ང་དང་འཇམ་པོ་ང་ཟེར་གྱི།།ལེགས་པོ་ང་དང་མཛེས་པོ་ང་ཟེར་གྱི།གནས་བཟང་སྐོར་ཀྱང་རྐང་ཆུང་ན་རོག་ཡིན།རི་ཁྲོད་འགྲིམས་ཀྱང་རྣ་ཅོག་ཚ་རོག་རེད། །རླུང་ལ་བཅུད་བསྐོར་མཐོང་ཀྱང་སྟོང་པ་རེད། །རྡེའུ་བཅུད་ལེན་རང་སྡུག་རང་གིས་ཉོས། །བྱ་ལུགས་བྱེད་ལུགས་ལྡན་པའི་ཕ་རྒན་ཚོ། །འདོད་པ་ཅན་གྱི་ཆོས་པ་བརྒྱ་ལས་ལྷག །རང་འདོད་ཅན་གྱི་མི་ལ་ངོ་ཚ་མེད། །ངོ་ཚ་མེད་པའི་མི་དེ་དུད་འགྲོའི་རྒྱུད། །བུ་མོ་རྒྱན་དང་གོས་ཀྱི་སྤྲད་གྱུར་ཀྱང་། །ནོར་བཟང་རྒྱ་ལུའི་བཙུན་མོ་ཉན་དོག་མེད། །སེམས་གོས་མ་ཆོད་ལྷ་ཆོས་བྱས་གྱུར་ཀྱང་། །མེ་ལོང་མུན་པའི་གླིང་དུ་གསལ་དོག་མེད། །ཆུ་ཐག་གླང་གི་མིག་དེ་ཡོལ་བས་སྒྲིབས། །ཉིན་གང་སོང་ཡང་དགོང་མོ་ས་དེར་ལུས། །འདོད་བའི་ཞག་ཐག་རྐང་ནས་མ་ཁྲོལ་ན། །ལྷ་ཆོས་བྱས་སོང་ཟེར་ཀྱང་སྟོང་པ་རེད། །གཤོག་སྒྲོ་དར་གྱི་སྐུད་པས་བསྡམས་ན། །རྒོད་པོ་ཡིན་ཀྱང་ནམ་འཕང་གཅོད་དོག་མེད། །དམ་ཚིག་སེམས་དང་བརྩོན་འགྲུས་སྙིང་ནས་དགོས། །ཐུག་རྒྱུ་གང་ཡོད་ཅི་ཡོད་སེམས་ལ་ཐུག །ལམ་བུ་འདི་ནི་སེམས་པ་དྲུང་གི་ལམ། །སེམ་ལ་གད་དར་ཡང་ནས་ཡང་དུ་རྒྱོབས། །ཚང་མས་སྨོན་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང་། །གཏམ་བཟང་ཁྱེར་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང་། །སྲོལ་བཟང་ཞོག་རྒྱུ་ཨེ་ཡོང་ལྟོས་ཤིག་ཨང་། །དེ་གསུམ་འཛོམས་ན་དང་པོའི་དང་པོ་རེད། །ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། །ཡིན་ཀྱང་རྒྱ་ཤོག་རི་མོས་འཁེང་སོང་ངོ་། །རྒྱ་སྙུག་སེར་པོའི་བློ་ཁ་བརྫོགས་སོང་ངོ་། །བསླབས་བྱ་ལེའུ་གསུམ་པའོ།།།།
རྒྱལ་པོ་ཆེན་པོ་ཡུལ་གྱི་བརྒྱན་ཆ་རེད། །ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན། །ཁྲིམས་འགོ་ནོན་ན་བསམ་དོན་ལྷུན་གྱི་གྲུབ། །ཁྲིམས་གཞུང་ལྡན་ན་བདེ་སྐྱིད་ཕུན་སུམ་ཚོགས། །མཚོ་མོ་འཁྱོམས་ན་ཉ་མོ་ལས་ཀྱི་འཁྱོམས། །ལུང་པ་དབུལ་ན་རྒྱལ་པོ་ལས་ཀྱི་དབུལ། །རྗེ་དཔོན་དར་ཞིང་རྒྱལ་པོའི་ས་སྡེའི་འཁྲུལ། །ཡུལ་སྡེ་མེད་པའི་རྗེ་དཔོན་རྒོད་རེ་གྲོ། །དཔོན་འབངས་ནད་པ་ཨམ་རྗེའི་དཔེ་བཞིན་དུ། །རྩའུ་བཙུག་པའི་ཤུལ་ལ་རྨ་སྨན་ཐོབ། །བཀའ་དཀྱོན་དགོངས་འཚོམས་བཞུགས་ལ་བྱམས་སྐྱོངས་མཛོད། །དང་པོ་ཉེས་པ་བཅའ་ཡང་ཕེབས་དང་བསྟུན། །གཉིས་པ་ཉེས་པའི་ཐོག་ཏུ་ཉེས་ཐག་མཐོང་། །གསུམ་པ་མི་ངན་རྩ་མེད་བཟོས་ཀྱང་རུང་། །དེ་འདྲའི་མི་ལ་སྙིང་རྗེ་ལྟ་དགོས་མེད། །ལུག་གུ་མ་འཁྱེར་གོང་ལ་སྤྱང་ཀི་བཟུངས། །ཡུལ་བདེ་མ་འཁྱོམས་གོང་ལ་མི་ངན་སྤུད། །རྒྱལ་པོ་ཞོ་ལྟར་ཆག་པ་ཉལ་སྡད་ན། །ཡུལ་སྡེ་ཁྲག་ལྟར་འཁྲུགས་པ་མི་ཤེས་སོ། །ལུག་རྫི་ཇ་ཆང་གཉིས་ལ་མ་གོ་འཁོར་ནས། །ལུག་གུ་སྤྱང་ཀིས་འཁྱེར་བ་དངོས་བདེན་རེད། །གང་ལ་མཁས་པའི་མི་དེ་ལས་ལ་མངགས། །ཤིང་བཟོ་མཁས་ཀྱང་ལྟ་བྲིས་ཡོང་དོག་མེད། །སྤྱང་ཀི་དགའ་ཀྱང་ལུག་རྫི་ཉན་དོག་མེད། །ལས་འབྲས་ཅན་ལ་མི་ཡི་རྗེ་དཔོན་བསྐོས། །ལུག་གུ་སྤྱང་ཀིའི་ཁ་ལ་བཅུག་ཡོང་ངོ་། །ཡོན་ཏན་ཅན་ལ་དོན་གྱི་རྡོ་ཁ་སྒྲིལ། །ནོར་བུ་དགོས་ན་རྒྱ་མཚོའི་གཏིང་ལ་ཡོང་། །དམ་ཚིག་གཙང་མའི་མི་ལ་བློ་གཏད་བཅོལ། །རྡོ་རྗེ་བྲག་ལ་བསྐུར་བ་ཅི་ལ་སྲིད། །ཉིན་མཚན་མེད་པར་མཁས་པའི་མི་དང་བསྟུན། །ཚ་ཁའི་ཁྱི་རོ་མཐའ་མ་ཚ་ལ་གྲོ། །ཤ་ཚ་ཅན་ལ་སྐྱོང་མཐར་རིམ་པར་སྤྲོད། །བྱས་རྗེས་གྲུས་ཤུལ་བྱུང་ན་བློ་ཁ་རྫོགས། །བྱས་པ་ཅན་གྱི་སེམས་པ་ཕམ་མ་འཇུག །བྱེད་རྒྱུ་མདུན་དུ་ལོད་དུས་བྱེད་མཁན་མང་། །བློ་ལྟས་བཅོལ་མི་རྣམས་ཚོ་མཐའ་ནས་སྐྱོངས། །འཛམ་བུའི་གླིང་འདིར་གཏམ་བཟང་སྐད་ཀྱི་ཁེངས། །དཔའ་རྩལ་ཅན་ལ་དལ་དུས་བདག་པོ་སྤྲོད། །འགག་རྩ་ཐུག་དུས་དགོས་པའི་དུས་གཅིག་ཡོང་། །རྒྱུན་དུ་བང་མཛོད་ནོར་གྱི་གྱོང་རྒྱུ་གྱིས། །རྐྱེན་རྩ་ལྷག་ཡོང་དགྲ་བོ་ཆོང་ཡོང་ངོ་། །དགྲ་འོག་འདུལ་བར་དགོས་རྒྱུའི་དགོས་ཆ་གཉིས། །ནོར་དང་དཔུང་གིས་དགྲ་བོ་ཆམ་ལ་ཕེབས། །ནོར་རྫས་མེད་པར་དཔུང་རོགས་མེད་ཐབས་མེད། །དཔུང་རོགས་འཚོལ་བར་ནོར་རྫས་མེད་ཐབས་མེད། །དེ་གཉིས་འཛོམས་ན་དགྲ་བོ་ལས་ཀྱིས་འཇོམས། །ནོར་ལ་ཕ་མ་བུ་ཚ་སྲོལ་སྲོལ་མཛོད། །ལོ་མང་སོང་བའི་རྒད་པོའི་ཁ་ལ་ཉོན། །སྐྱིད་སྡུག་མང་པོ་མྱོང་བའི་མི་རྒན་རེད། །ལྕགས་ཀྱི་ལྕགས་རིའི་མཚམས་ལ་སླེབས་པའི་དུས། །གཞོན་པའི་ཤེད་ལས་རྒད་བུའི་ཇུས་བྱ་བཟང་། །དགྲ་བོ་འཕྲལ་གང་འཕྲལ་ལ་རྡུལ་འདོད་ན། །སྐབས་ཐོག་གྲོགས་ལ་བཀུག་ནས་སྡོད་པ་བཟང་། །ཐབས་ཀྱི་སྒོ་ནས་དོན་རྩ་ལོན་ཟེར་ན། །མདའ་གྲི་མདུང་གསུམ་ཆར་རྒྱུ་སྨྱོན་པའི་ལས། །མི་ཐུབ་དགྲ་དང་འཛིངས་འཛིངས་བཞག་པ་དགའ། །འཛོམས་རོ་རྩ་འུའི་སྟེང་ལ་རྒྱག་ཐོག་མེད། །འདན་མ་མི་དགོས་གེ་སར་དངོས་ཡིན་ཀྱང་། །འགྲིགས་ཙམ་བྱུང་ན་འགྲིགས་པ་གཙོ་དོན་ཆེ། །གདོང་དུ་དཔའ་བོ་རྒྱལ་ཁམས་ཉེས་སུ་ཁག །ཐབས་རྣམས་འཁྲུལ་གྱི་མེ་མདའ་རྒྱང་ནས་གཏེར། །དང་པོ་ཐབས་རྣམས་དགུ་བཅུ་གོ་དགུ་སྟོད། །རྒྱ་ལ་འཁྲུག་དགོས་བྱུང་ཀྱང་བྱ་ཐབས་མེད། །གོ་བ་མེད་པའི་མི་དེ་ཁྱི་ལས་ལོད། །ཁྱི་ངན་བྱུང་ན་བེར་རྒ་རྣ་ལ་དཀྲི། །ཕྱིན་སྟོང་ཟེར་ན་ཕྱིན་རྒྱུའི་ལམ་བུ་ཐོང་། །འཛིངས་སྟོང་ཟེར་ན་གོམ་གསུམ་སྔོན་ལ་སྤོས། །འཛོམ་རོ་ཁོང་ཁྲོ་སློང་དུས་མ་དྲན་ན། །རྗེས་སུ་དྲན་ན་རང་གི་ཁ་ལ་རྒྱབས། །དོན་རྩ་འཇམ་པོའི་སྒོ་ནས་ལོན་ཟེར་ན། །ང་རྒྱལ་ཁོང་ཁྲོ་དོན་མེད་སྟོང་པ་རེད། །ཁོང་ཁྲོ་དབང་ལ་འདུད་ན་མཁས་པའི་རྟགས། །ཁོང་ཁྲོའི་རྗེས་ལ་འགྲོ་མི་གླེན་པ་རེད། །བསམ་བློ་སྔོན་ལ་ཐོངས་ན་མཁས་པ་དང་། །རྐྱེན་རྩ་མདུན་དུ་ལྷག་པ་སུས་ཀྱང་མཐོང་། །དུང་དཀར་གཡས་འཁྱིལ་གཅོག་པ་སུས་ཀྱང་མཐོང་། །ཆག་པ་སྒྲིག་དགོས་བྱུང་ན་ཉ་སྒྲིག་ཡོང་། །དགྲ་བོ་མགོ་བོ་སྒུར་ནས་སླེབས་བྱུང་ན། །སྙིང་ནད་ཁོང་ཁྲོ་སེམས་ཀྱི་གཏིང་ནས་མཐོན། །མགོ་བོ་སྒུར་བའི་དགྲ་བོ་ཕམ་མ་འཇུག །ཡིན་ཀྱང་ཁྲམ་དང་གཡོ་སྒྱུར་དོགས་ཟོན་དགོས། །གཙང་པོའི་མཁར་དཀྱིལ་ཞབས་ལ་རྒྱུགས་པ་དེ། །རག་རྒྱག་མ་བྱུང་ཐ་མར་ཁར་ལ་གཤེད། །ངན་པ་བསྐྱངས་ན་བཟང་པོ་བརྡུང་པ་འདྲ། །རྐུན་བུ་གསོས་ན་ཆོས་པ་བསད་པ་འདྲ། །དུག་སྦྲུལ་བཞག་ན་མགོ་ནག་མི་ལ་ངན། །སྤྱང་ཀི་བཞག་ན་གཡང་དཀར་ལུག་ལ་ངན། །ཁྱི་ཡིས་མི་ལ་སྨུག་པ་ཡིན་མི་ཞུ། །ཁྱི་ངན་བདག་འཛིན་བྱེད་མཁན་མི་ངན་རེད། །དགྲ་མགོ་འདུལ་མཁན་གཉེན་མགོ་སྐྱོང་མཁན་དགོས། །འཇམ་རང་དྲགས་ན་དགྲ་བོ་གཉའ་རེང་ཡོང་། །གྱོང་རང་དྲགས་ན་འགག་ལ་ཐུག་པའི་ཉེན། །འཇམ་རྩུབ་བསྲེས་ནས་ཀུན་ལ་གདོང་ལུགས་མཛོད། །དགྲ་གཉེན་ཚང་མ་ཐབས་ཀྱིས་གྲོགས་ལ་ཁུགས། །འཕྲལ་དང་ཕུག་གི་རྒྱལ་ས་འཛིན་འདོད་ན། །ཉེ་རིང་མེད་པ་གསེར་ཁྲིའི་ཐོག་ནས་དྲོངས། །ཡུལ་བདེ་མི་བདེ་ཡོང་བའི་དགོངས་པ་དང་། །དགོང་མོ་ས་ལ་བབས་ལ་ཆོས་ལ་འབུངས། །ལུས་ངག་ཡིད་གསུམ་ཕྱག་འཚལ་སྨོན་ལམ་ཐོབ། །གཏན་གྱི་རེ་ས་དཀོན་མཆོག་གསུམ་ལ་ཞུས། །རིན་ཆེན་དཀར་མའི་བདག་པོའི་བཀའ་དང་བསྟུན། །འདི་ཕྱི་གཉིས་ཀྱི་དབུ་འཕངས་མཐོ་དགོས་ན། །མི་རྟག་འཆི་བ་མ་བརྗེད་ཐུགས་ལ་ཞོག །འདོད་འདོད་ཁ་ཆེ་ཕ་ལུའི་གྲོས་གྲོས་ཀྱི། །དོན་གྱི་སྙན་ཞུ་མུ་ཏིག་དར་ལ་རྒྱུས། །ཁམས་གསུམ་དབང་འདུས་དང་དུ་ཕུལ་ཡོད་དོ། །རིན་ཐང་སྐོར་དུས་རྒྱ་ལྟར་གྲངས་སུ་ཚུད། །བསླབས་བྱ་ལེའུ་བཞི་པའོ།།།།
འཇིག་རྟེན་འདི་རུ་སྒང་གཤོང་མང་གཅིག་འདུག །སྐྱིད་སྡུག་རིང་ཐུང་སྦོམ་ཕྲ་གྲངས་མེད་རེད། །འདྲ་འདྲ་ཅིག་ཀྱང་མེད་པ་མཐོང་གསལ་རེད། །འདི་ལ་ཆོག་ཤེས་རང་གི་བྱས་པ་དགའ། །ཐོད་པའི་རི་མོ་སུབ་ཀྱང་ཟུབ་རྒྱུ་མེད། །དེ་ལས་རི་མོའི་འགྲོ་ལུགས་བསྟུན་པ་དགའ། །ལྕགས་རོང་བུང་བུ་སྡུག་ཀྱང་རང་སྡུག་རེད། །བསྒལ་བའི་རྒྱབ་ཁུར་མ་འཁྱེར་དཀའ་མེད་རེད། །སེམས་གོས་ཆོད་ན་ནོར་ལ་མང་ཉུང་མེད། །ཆོག་ཤེས་མེད་པས་རྒྱལ་པོ་སྦྲང་པོ་དང་། །སེམས་གོས་ཆོད་ན་སྤྲང་པོ་དེ་ལས་ལྷག །རྒྱལ་པོ་རྒྱལ་གཞིས་ཟོས་ནས་ལྟོག་ལྷང་ལྷང་། །སྤྲང་ཕྲུག་ཐང་རྐྱལ་ཁེངས་ནས་སྦོ་སྒྱེད་སྒྱེད། །བཀོད་པའི་ལས་ལ་ཆོག་ཤེས་མ་བྱས་ན། །རང་སྡུག་རང་གི་ཉོ་བ་དོན་མེད་རེད། །ཆོག་ཤེས་ལྡན་ན་ཕྱུག་དང་མ་ཕྱུག་མེད། །ལས་ལ་བཀོད་ན་དགྲ་ནོར་རང་གི་ནོར། །མ་བཀོད་ཕ་ནོར་བུ་ལ་བདག་པ་དཀའ། །ལྗང་པ་རྡོ་ཡི་སྟེང་དུ་སྐྱེས་དོག་མེད། །སྦག་སྦག་སིག་སིག་བྱས་པས་ཅི་ལ་ཕན། །སེམས་པ་ཤོར་ན་ཕ་བཟང་བུ་ལ་ཤོར། །ཆོག་ཤེས་བྱས་ནས་ལུས་སེམས་འདོད་ལ་འཇོག །ལག་ལེན་ངན་པའི་རིགས་ལ་སྤང་ཆ་བགྱིས། །ཕ་བདེ་བུ་སྐྱིད་ཡོང་བའི་བསམ་བློ་ཐོངས། །འདི་ཕྱི་གཉིས་ཀྱི་གཏམ་དོན་ལག་བའི་མཐིལ། །ཁ་ཆེ་ཕ་ལུའི་སྙིང་གཏམ་ཁ་ནས་ལུས། །སྙིང་གི་བུ་ཚོ་སྙིང་ནས་རྣ་བ་རྐྱོན། །གོ་བ་ཡོད་ན་གོ་རྒྱུ་བྲིས་ཡོད་དོ། །མང་པོ་མེད་ཀྱང་བྲོ་བ་བཅུད་དང་ལྡན། །བསླབ་བྱ་ལེའུ་ལྔ་པའོ།།།།
དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས།།དབྱར་དགུན་མེད་པར་དམར་པོའི་ལྕེ་ལ་བལྟོས།།སྙིང་གཏམ་སྙིང་གི་གྲོགས་ལ་ཤོད་ཚོད་བགྱིས། །སྔ་གྲོགས་དགོང་དགྲར་སོང་བ་མང་པོ་ཡོང་། །གསེར་དངུལ་མི་ལ་བཅོལ་དགོས་བྱུང་ཀྱང་བཅོལ། །བཅོལ་པོ་གཏོང་ཀྱང་བཙལ་ནས་རྙེད་པ་རེད། །སྙིང་གཏམ་མི་ལ་བཅོལ་བཅོལ་མང་དྲགས་ན། །ལག་མགོ་ཁ་ལ་བཅུག་ནས་སྡོད་དགོས་ཡོང་། །གཏམ་གྱི་བདུད་བོ་སྙིང་གི་དོང་དུ་ཚུད། །ཁ་ལ་ལྕགས་དང་ལྕེ་ལ་སྒོ་ལྕགས་རྒྱོབ། །བདུད་བོ་གདོང་ནས་ཤོར་ན་མི་ཕོ་བསོད། །འ་རྫི་བྱས་པ་ཅན་གྱི་ཅི་ལ་ཕན། །མི་ཤོད་དགུ་ཤོད་ཤོད་རྒྱུ་མང་གྲགས་ན། །མི་ལ་མ་ཤོད་ཟེར་གིན་སྡོད་དགོས་ཡོང་། །ནར་ནར་ལྕེ་ལ་བདག་པོ་མ་རྒྱབས་ན། །རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་ངོ་། །མ་བཤད་གཏམ་དེ་ག་དུས་བཤད་བཤད་རེད། །བཤད་ནས་འགྱོད་དགོས་བྱུང་ན་ཐ་མའི་ལས། །མ་བཤད་བར་དུ་གཏམ་ལ་རང་དབང་ཐོབ། །བཤད་ནས་གཏམ་གྱི་དབང་དུ་ཤོད་མཁན་ཚོས། །བཟང་པོ་ཡོངས་ལ་ངན་པ་ལབ་ཉེན་ཆེ། །བཟང་པོའི་བསླབ་བྱ་ངན་པའི་དགྲ་ལ་འགྲོ། །དེ་ལས་བཟང་ངན་ཚང་མ་བཟང་པོས་སྐྱོངས། །བཟང་པོ་དགྲ་མགོ་ངན་པས་བཟློག་པས་བསྟུན། །གཏམ་ལ་དྲངས་པའི་མི་དེ་སེམས་ནས་དྲངས། །སེམས་པ་དྲངས་ན་ཆོས་ཀྱི་ལམ་སྣ་ཟིན། །ད་ལྟ་དེ་ལས་ཕུག་ཡུལ་སྐྱིད་ཀྱང་སྐྱིད། །འདི་ཕྱི་གཉིས་ཀྱི་བསམ་དོན་ལྷུན་གྱིས་འགྲུབ། །ཁ་ཆེ་ཕ་ལུའི་འདོད་དང་སྣག་སྙུགས་ཐུགས། །དཀར་པོའི་ཐོག་ཏུ་ནག་པོའི་བྲིས་ཆ་གསལ། །བྲིས་མི་ས་འོག་བྲིས་ཆ་ས་ཡིས་ཐོག །འཛམ་གླིང་མི་བརྙེས་བསམ་བློའི་དྲན་གསོས་མཛོད། །བསླབ་བྱ་ལེའུ་དུག་པའོ།།།།
འཛམ་གླིང་མེ་ལོང་ཕར་བལྟ་ཚུར་བལྟ་རེད། །
འཕྲིན་སྟེགས། weikangba