[ནང་དོན་གནད་བསྡུས།] རྩོམ་འདིར་སྤྱི་ལོ་1959ལོ་ནས་སྤྱི་ལོ་2018ལོའི་ཟླ་8པའི་བར་ཏེ་ལོ་ངོ་60ལ་ཉེ་བའི་ལོ་ཟླའི་ནང་དུ། རྒྱལ་ནང་དུ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ཉར་ཚགས་བྱས་པའི་གྲངས་འབོར་ཆེས་མང་ཤོས་ཀྱི་ལས་ཁུངས་ཏེ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་འཕེལ་འགྱུར་དང་། ལས་ཁུངས་གང་དེས་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱས་པའི་སྤྱིའི་གནས་ཚུལ། དཀར་ཆག་སྒྲིག་སྟངས། ཁ་བྱང་འགོད་སྟངས། གློག་ཀླད་ལ་བརྟེན་ནས་གྲངས་འཛིན་ཅན་དུ་བསྒྱུར་བའི་སྐོར། ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱས་པའི་སྡེ་ཁག་གི་དབྱེ་བའི་སྐོར་སོགས་ཀྱི་གནས་ཚུལ་ལ་སྤྱིའི་ཆ་ནས་ཕྱིར་ལྟ་དང་དེ་ལ་གསེད་བཀྲོལ། རྒྱང་ལྟ་བྱས་པ་མ་ཟད། དགའ་ལྡན་ཕོ་བྲང་སྐབས་ཀྱི་ཡིག་ཚགས་ལེགས་སྒྲིག་གི་འཕེལ་རྒྱས་དང་མིག་སྔར་མངའ་བའི་གནད་དོན་བཅས་ལ་དབྱེ་ཞིབ་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] དགའ་ལྡན་ཕོ་བྲང་སྲིད་དབང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས། ལེགས་སྒྲིག སྡེ་ཁག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-01-0043-13
དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ཞེས་པ་ནི་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལས་ཁུངས་ཁག་གིས་གཞུང་དོན་སྒྲུབ་པའི་བརྒྱུད་རིམ་དུ་བོད་ཡིག་གམ། བོད་ཡིག་དང་སྐད་ཡིག་གཞན་དག་ཤན་སྦྱར་གྱི་སྒོ་ནས་བྲིས་པའི་ལོ་རྒྱུས་ཀྱི་ཡིག་ཆ་སྣ་ཚོགས་པར་ཟེར་བ་དང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ་1642ལོ་ནས་འགོ་བཙུགས་ཤིང་། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་སྟེ་སྤྱི་ལོ་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་བར་གྱི་དུས་ཏེ། ལོ་ངོ་317ཙམ་གྱི་ལོ་རྒྱུས་ལྡན་པའི་སྲིད་དབང་ཞིག་རེད། སྲིད་དབང་དེའི་སྐབས་སུ་གྲུབ་པའི་ཡིག་ཚགས་ཀྱི་གྲངས་འབོར་མང་ཞིང་། རིགས་སྣ་ཕུན་སུམ་ཚོགས་པ་གང་ཞིག ཡིག་ཚགས་དེ་དག་ལ་བོད་ཡིག་གི་ལོ་རྒྱུས་དོན་སྙིང་དང་། ཡིག་ཚགས་ཀྱི་ཐོག་མའི་ཐོ་འགོད་ཀྱི་རང་བཞིན་ལྡན་པས། ཡིག་ཚགས་ཀྱི་ལུས་དང་ནང་དོན་ཕྱོགས་གང་གི་ཆ་ནས་ཀྱང་སྐབས་དེ་དུས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ལོ་རྒྱུས། སྐར་རྩིས། རིག་རྩལ། ཆོས་ལུགས། དམངས་སྲོལ་སོགས་ཀྱི་རིག་གནས་བཅས་ཕྱོགས་ཡོངས་ནས་མངོན་གྱི་ཡོད་དེ། ཡིག་ཆ་འདི་དག་ནི་རྗེས་རབས་པ་རྣམས་ཀྱིས་སྐབས་དེའི་སྲིད་དབང་གི་ལོ་རྒྱུས་དང་། རིག་གནས་སྤྱིར་ཞིབ་འཇུག་བྱ་བ་དང་སྒོས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་ཚགས་རིག་གནས་ལ་ཞིབ་འཇུག་བྱ་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཨང་དང་པོ་དང་མེད་དུ་མི་རུང་བ་ཞིག་ཡིན་ནོ། །མིག་སྔར་རྒྱལ་ནང་དུ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ཉར་བའི་གྲངས་འབོར་ཆེས་མང་བའི་ལས་ཁུངས་ནི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ཡིན་པ་དང་། དེར་ཡོད་པའི་ལོ་རྒྱུས་ཡིག་ཚགས་ཕལ་ཆེ་བ་ནི་སྤྱི་ལོ་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་དུས། ལྷ་ས་དང་ལྷ་སའི་ཉེ་འཁོར་དུ་གནས་པའི་སྡེ་པ་གཞུང་གི་ལས་ཁུངས་ཆེ་འབྲིང་ཆུང་གསུམ་ཁག་དང་། སྐབས་དེའི་ཟིང་འཁྲུག་ལ་ཞུགས་པའི་དགོན་པ་བླ་བྲང་། སྒེར་པ་སྐུ་དྲག སེར་སྐྱ་དཔོན་རིགས་སོགས་ཀྱི་ཕྱོགས་ནས་བསྡུ་རུབ་དང་རྩིས་ལེན་བྱས་ཏེ་བྱུང་བ་རེད། མིག་སྔར་ལེགས་སྒྲིག་བྱས་ཟིན་པའི་ཡིག་ཚགས་ཀྱི་གྲངས་འབོར་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་ཀྱི་གྲངས་འབོར་ཕལ་ཆེར་ཁྲི་311ཟིན་ཡོད་པས། གྲངས་ཀ་དེས་རྒྱལ་ཡོངས་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་སྤྱི་ལས་བཅུ་ཆའི་གཅིག་ཟིན་ཅིང་། དེའི་ཁྲོད་ཀྱི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ནི་ཡིག་ཚགས་ཁང་དེར་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་སྤྱིའི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཟིན་པ་དང་། དགའ་ལྡན་ཕོ་བྲང་སྲིད་དབང་ཁོ་ནའི་དུས་ཀྱི་ལོ་རྒྱུས་ཡིག་ཚགས་ནི་ཡིག་ཚགས་ཁང་དེར་ཡོད་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་སྤྱིའི་བརྒྱ་ཆའི་དགུ་བཅུ་གོ་གསུམ་ཟིན་ཡོད།① དེར་བརྟེན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་སྡེ་པ་གཞུང་གི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་ནི། རྒྱལ་ནང་དུ་གནས་པའི་འབྲེལ་ཡོད་ལས་ཁུངས་ཁག་གིས་ཉར་བའི་སྐབས་དེའི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་གྱི་ཆ་ནས་ཨང་དང་པོ་ཡིན། དེ་མིན་གཞིས་ཀ་རྩེ་དང་། ལྷོ་ཁ། ཆབ་མདོ། མངའ་རིས། ནག་ཆུ། ཉིང་ཁྲི་སོགས་ཀྱི་གྲོང་ཁྱེར་ཁག་གི་ཡིག་ཚགས་ལས་ཁུངས་ཁག་ཏུ་ཉར་ཚགས་བྱས་པའི་དུས་དེའི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་བསྡོམས་ན་ཕལ་ཆེར་ཁྲི་24ལྷག་ཡོད་པ་དང་།② ལྷ་ས་གྲོང་ཁྱེར་དུ་གནས་པའི་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། རང་སྐྱོང་ལྗོངས་རྟེན་རྫས་བཤམས་སྟོན་ཁང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་། དགོན་པ་ཆེ་ཁག་སོགས་སུའང་དུས་དེའི་ལོ་རྒྱུས་ཡིག་ཚགས་ངེས་ཅན་ཞིག་ཉར་ཚགས་བྱས་ཡོད་པར་བརྗོད། གཞན་ཡང་དཔྱད་གཞིའི་ཡིག་ཆར་གཞིགས་ན། བོད་རང་སྐྱོང་ལྗོངས་ལས་གཞན་ད་དུང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་ཡོད་པའི་འབྲེལ་ཡོད་ཀྱི་ལས་ཁུངས་ཏེ། པེ་ཅིན་ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོ་དང་། པེ་ཅིན་ཀྲུང་གོ་ཞིབ་འཇུག་ཁང་ཉེ་རབས་ལོ་རྒྱུས་སུའོ་ཡི་ཡིག་ཚགས་ཁང་། ཧྲང་ཧེ་ནན་ཅིན་ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པ་བཅས་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཡིག་ཚགས་ཁང་། དེ་བཞིན་ཐའེ་ཝན་གྱི་ཐའེ་པེའི་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་སྟོན་ཁང་བཅས་སུ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ངེས་ཅན་ཞིག་ཉར་ཚགས་བྱས་ཡོད་པར་གསལ། འོན་ཀྱང་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་སྤྱིའི་ལེགས་སྒྲིག་གི་བྱ་གཞག་ལ་གཅིག་གྱུར་གྱི་སྒོ་ནས་ཆེད་དུ་གཉེར་བའི་ལས་ཁུངས་གཙོ་བོ་ནི། དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་བོད་ཡིག་ཡིག་ཚགས་ཀྱི་གྲངས་འབོར་ཆེས་མང་ཤོས་ཉར་ཚགས་བྱས་ཡོད་པའི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ཡིན་པས། རྩོམ་འདིར་སྤྱི་ལོ་1959ལོ་ནས་སྤྱི་ལོ་2018ལོ་བར་གྱི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་འཕེལ་འགྱུར་ལ་ཆེད་དུ་དམིགས་པ་དང་། དེ་བཞིན་ལས་ཁུངས་འདི་གཙོ་བོ་བྱས་ནས་རྒྱལ་ནང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་ལོ་ངོ་60ལ་ཉེ་བའི་ལོ་ཟླའི་ནང་དུ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ལས་ལ་ཇི་ལྟར་བརྩོན་པ་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ནང་དོན་ལ་སྤྱིའི་ཆ་ནས་ཕྱིར་ལྟ་དང་། གསེད་བཀྲོལ་ཙམ་བྱེད་པར་འདོད་དོ། །

དང་པོ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་འཕེལ་འགྱུར་སྐོར།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནི་སྤྱི་ལོ་1959ལོའི་ཟླ་6པར་བཙུགས་པའི་བོད་ལྗོངས་རིག་དངོས་གནའ་ཤུལ་དང་ཡིག་ཚགས་དོ་དམ་ཨུ་ཡོན་ལྷན་ཁང་ཞེས་པའི་ལས་ཁུངས་ཀྱི་འོག་ཏུ་བཙུགས་པའི་ཡིག་ཚགས་གཙང་བཤེར་ཚོགས་ཆུང་ལས་རིམ་བཞིན་དུ་འཕེལ་རྒྱས་སུ་ཕྱིན་ནས་གྲུབ་པ་ཞིག་ཡིན་ཏེ། སྤྱི་ལོ་1963ལོའི་ཟླ་5པར་རིག་དངོས་གནའ་ཤུལ་དང་ཡིག་ཚགས་དོ་དམ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ནས། བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གྲ་སྒྲིག་ཁྲུའུ་ཞེས་པའི་ལས་ཁུངས་བཙུགས་ཤིང་། གྲ་སྒྲིག་ཁྲུའུ་ཡི་འོག་ཏུ་གཞུང་ལས་ཁང་དང་། ཏང་སྲིད་ཡིག་ཚགས་ཁང་། ལོ་རྒྱུས་ཡིག་ཚགས་ཁང་། དཔེ་དེབ་དཔྱད་ཡིག་ཁང་བཅས་བཙུགས། སྤྱི་ལོ་1965ལོའི་ཟླ་10པར་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་བཙུགས་ནས། ལྗོངས་ཡོངས་ཀྱི་ཡིག་ཚགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། ཡིག་ཚགས་ཉར་ཚགས་གཅིག་གྱུར། ཡིག་ཚགས་ཀྱི་སྡེམ་③སྒྲིག་པ། ཡིག་ཚགས་བསྡུ་རུབ། ཡིག་ཚགས་ལས་བྱེད་པ་གསོ་སྐྱོང་སོགས་རྨང་གཞིའི་ལས་དོན་རབ་དང་རིམ་པ་སྤེལ། སྤྱི་ལོ་1970ལོའི་ཟླ་དང་པོར། ལྗོངས་གསར་བརྗེའི་ཨུ་ཡོན་ལྷན་ཁང་དོན་གཅོད་ཙུའུ་ཡིས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཙུའུ་བཙུགས་ནས། ལོ་རྒྱུས་ཡིག་ཚགས་དང་ཡིག་ཆ་ལེགས་སྒྲིག་དང་། ཉར་ཚགས། བེད་སྤྱོད་མཁོ་འདོན་བཅས་ཀྱི་ལས་དོན་གང་ལ་གང་འཚམ་ཞིག་བྱས། དེ་ནས་སྤྱི་ལོ་1976ལོའི་ཟླ་དང་པོར་སླར་ཡང་ཡིག་ཚགས་ཅུས་བཙུགས་ཤིང་། ལྗོངས་ཡོངས་ཀྱི་ཡིག་ཚགས་ལས་དོན་དོ་དམ་བྱ་བའི་ལས་འགན་ཁུར། སྤྱི་ལོ་1980ལོའི་ཟླ་10པར་བོད་རང་སྐྱོང་ལྗོངས་ལོ་རྒྱུས་ཡིག་ཚགས་ཁང་བཙུགས་ཤིང་། ལས་ཁུངས་ཀྱི་གནས་ཡུལ་ནི་ཕོ་བྲང་པོ་ཏ་ལའི་ནུབ་ཀྱི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་གྱི་དུས་སུ་བཞེངས་པའི་ཞོལ་ནུབ་པར་ཁང་ཡིན་པ་དང་། ལྗོངས་ཏང་ཨུད་དང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་གིས་སྲིད་འཛིན་འགན་ནུས་ཐད་ལ་ཐད་ཀར་དོ་དམ་བྱས། བོད་རང་སྐྱོང་ལྗོངས་ལོ་རྒྱུས་ཡིག་ཚགས་ཁང་གི་འོག་ཏུ་གཞུང་ལས་ཁང་དང་། བསྡུ་རུབ་ལེགས་སྒྲིག་ཁང་། ཡིག་སྒྱུར་རྩོམ་སྒྲིག་ཁང་བཅས་བཙུགས་ཤིང་། ལས་འགན་གཙོ་བོ་ནི་ལྗོངས་ཡོངས་ཀྱི་ལོ་རྒྱུས་ཡིག་ཚགས་བསྡུ་རུབ་དང་། ལེགས་སྒྲིག ཉར་ཚགས། བསྡོམས་རྩིས། བེད་སྤྱོད། དེ་བཞིན་ཡིག་ཚགས་ཀྱི་རྩོམ་སྒྲིག་དང་། ཡིག་སྒྱུར། དཔེ་སྐྲུན་སོགས་ཀྱི་ལས་དོན་ཡིན། དེ་མིན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་དུས་ནས་བཟུང་། བོད་ཀྱི་གྲོང་ཁྱེར་ཁག་ཏུ་ཡང་སྔ་རྟིང་དུ་ཡིག་ཚགས་ཁང་བཙུགས་ཤིང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་སྔ་རྗེས་སུ་རྒྱལ་ནང་གི་འབྲེལ་ཡོད་སློབ་ཆེན་ཁག་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་སོགས་སློབ་ཆེན་ཁག་དང་མཉམ་འབྲེལ་གྱི་སྒོ་ནས། ལས་སྒོ་དང་བརྡ་རྙིང་ཡི་གེ་སོགས་ཀྱི་ཟབ་སྦྱོང་འཛིན་གྲྭ་བཙུགས་ཏེ། ཡིག་ཚགས་ཀྱི་ལས་སྒོ་དང་བརྡ་རྙིང་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚགས་ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་ངེས་ཅན་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་ཡིག་ཚགས་ཞིབ་འཇུག་གི་ལས་དོན་སྤེལ་བའི་ནུས་པ་ཇེ་ལེགས་སུ་བཏང་། སྤྱི་ལོ་1986ལོའི་ཟླ་12པར། བོད་ལྗོངས་ཡིག་ཚགས་ཞེས་པའི་ནང་ཁུལ་གྱི་དུས་དེབ་འདོན་ཐེངས་དང་པོ་དེ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་དངོས་སུ་དཔར་བ་དང་། སྤྱི་ལོ་1988ལོར་བོད་རང་སྐྱོང་ལྗོངས་ལོ་རྒྱུས་ཡིག་ཚགས་ཁང་ཞེས་པའི་མིང་དེ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་བསྒྱུར་བ་མ་ཟད། སྤྱི་ལོ་1990ལོར་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་ཁང་པ་གསར་དུ་འཛུགས་སྐྲུན་བྱས་ཤིང་། (དེ་ནི་མིག་སྔའི་ཡིག་ཚགས་ཁང་གི་རྟེན་གཞི་དེ་ཡིན) ཕོ་བྲང་པོ་ཏ་ལའི་ཞོལ་པར་ཁང་ནི་དེ་སྔའི་ཡིག་ཚགས་ཁང་རྙིང་པའི་ཚུལ་དུ་ད་ལྟ་ལྗོངས་ཡིག་ཚགས་ཁང་ལ་དབང་ཞིང་། ལྗོངས་ཡིག་ཚགས་ཁང་དུ་ཡོད་པའི་སྡེ་པ་གཞུང་གི་ནུབ་པར་ཁང་གི་པར་ཤིང་ཉར་ཚགས་བྱ་བའི་ལྟེ་གནས་སུ་གྱུར་ཡོད། སྤྱི་ལོ་1994ལོའི་ཟླ་7པར། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་དང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གཉིས་ཟླ་སྒྲིལ་བཏང་ནས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་(ཀོན་)ལ་བསྒྱུར་ཅིང་། ལྗོངས་ཏང་ཨུད་དང་། ལྗོངས་སྲིད་གཞུང་ལ་ཐད་ཀར་གཏོགས་པའི་ལས་ཁུངས་ཤིག་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གིས་དོ་དམ་བྱེད་བཞིན་ཡོད།

གཉིས་པ། དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱས་པའི་སྤྱིའི་གནས་ཚུལ་སྐོར།
སྤྱི་ལོ་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་དུས་སུ། བསྡུ་རུབ་དང་རྩིས་ལེན་བྱས་པའི་ལོ་རྒྱུས་ཡིག་ཚགས་དག་སྔ་རྟིང་དུ་ནོར་བུ་གླིང་ག་དང་ཕོ་བྲང་པོ་ཏ་ལའི་ཞོལ་ནུབ་སྤར་ཁང་བཅས་སུ་ཉར་ཚགས་བྱས། དེ་ཡང་ཡིག་ཚགས་དེ་དག་སྔར་བས་ལེགས་པར་ཉར་ཚགས་དང་། ལེགས་སྒྲིག བེད་སྤྱོད་བཅས་ཡག་པོ་འབྱུང་བའི་ཆེད་དུ། ཡིག་ཚགས་དོ་དམ་བྱེད་པའི་སྒྲིག་གཞིའི་རིམ་པར་འགྱུར་བ་དུ་མ་དང་། ཡིག་ཚགས་ཁང་གི་མིང་ཐོབ་ལ་ཡང་འགྱུར་བ་ལན་འགར་བཏང་ཤིང་། དེ་བཞིན་ཡིག་ཚགས་ཆེད་ལས་ཀྱི་མི་སྣ་གསོ་སྦྱོང་ཟམ་མ་ཆད་པར་བགྱིས་པས། འཚོལ་ཞིབ་དང་འཐུས་ཚང་གཏོང་བའི་གྱ་གྱུའི་ལམ་བུ་བརྒྱུད་ནས། ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ལས་དོན་ཡང་རིམ་བཞིན་དུ་འཕེལ་རྒྱས་བྱུང་། སྤྱི་ལོ་1959ལོར་བཙུགས་པའི་ཡིག་ཚགས་གཙང་བཤེར་ཚོགས་ཆུང་ཞེས་པས་གཙོ་བོ་སྡེ་པ་གཞུང་གི་ཡིག་ཚགས་ལ་བསྡུ་རུབ་དང་རྩིས་ལེན། ལེགས་སྒྲིག དེ་བཞིན་བརྟག་དཔྱད་དང་གཙང་བཤེར་བཅས་བྱས། སྤྱི་ལོ་1963ལོར་གྲ་སྒྲིག་ཁྲུའུ་ཡི་འོག་ཏུ་བཙུགས་པའི་ལེགས་སྒྲིག་དང་། ཡིག་སྒྱུར་ཞེས་པའི་ཚོགས་པ་གཉིས་ལ་སོགས་ཀྱིས་སྔོན་དུ་བཀའ་ཤག་དང་དེའི་རྗེས་ཡིག་ཚང་ཞེས་པའི་ཡིག་ཚགས་ལེགས་སྒྲིག་གི་གོ་རིམ་བསྒྲིགས་ནས། ཡིག་ཚགས་ལ་རིགས་ཕྱེ་ནས་དཀར་ཆག་འགོད་འགོ་ཚུགས། སྤྱི་ལོ་1965ལོར་ཡིག་ཚགས་ཅུས་བཙུགས་པ་དང་། དེ་སྔའི་སྡེ་པ་གཞུང་གི་གཞུང་ཞབས་པ་བྱས་མྱོང་ལ་ལོ་རྒྱུས་ལ་རྒྱུས་མངའ་ཞིང་། བོད་ཡིག་གི་རྨང་གཞི་ལེགས་པའི་བོད་རིགས་ཤེས་ལྡན་མི་སྣ་20ལྷག་ཙམ་གདན་འདྲེན་ཞུས་ནས། ཡིག་ཚགས་ལེགས་སྒྲིག་གི་ལས་དོན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པར་བརྟེན། ཡིག་ཚགས་ལེགས་སྒྲིག་དང་དཀར་ཆག་སྒྲིག་པའི་སྤུས་ཚད་མཐོ་རུ་བཏང་ཞིང་། ལེགས་སྒྲིག་གི་ལས་དོན་ཡང་རིམ་བཞིན་དུ་ཚད་ལྡན་གྱི་ལམ་དུ་བགྲོད་ཐུབ་པ་བྱུང་། དེ་ཡང་“རིག་གསར་”གྱི་ལས་འགུལ་མ་བྱུང་བའི་བར་དུ། ལེགས་སྒྲིག་བྱས་པའི་ཡིག་ཚགས་ཀྱི་གྲངས་འབོར་ཁྱོན་བསྡོམས་35972སུ་སླེབས་ཡོད།④ སྤྱི་ལོ་1970ལོར་ཡིག་ཚགས་ཙུའུ་བཙུགས་ཤིང་། སྤྱི་ལོ་1976ལོར་བསྐྱར་དུ་ཡིག་ཚགས་ཅུས་བཙུགས་པའི་རྗེས་སུ། ཡིག་ཚགས་ལེགས་སྒྲིག་བྱེད་སྟངས་ལ་གལ་ཆེ་བ་དང་སྤྱིར་བཏང་བ་ཞེས་རིམ་པ་གཉིས་སུ་ཕྱེ་བའི་ཐབས་ཤེས་ལ་བརྟེན་ནས། དབྱེ་བ་འབྱེད་པ་དང་ནང་དོན་གནད་བསྡུས་འགོད་པ། བོད་རྒྱ་ཡིག་རིགས་ཤན་སྦྱར་གྱི་སྒོ་ནས་ཁ་བྱང་འགོད་པ་བཅས་ཀྱི་ལས་དོན་སྤེལ་བས། ལེགས་སྒྲིག་བྱས་ཟིན་པའི་ཡིག་ཚགས་དག་སྤྱིའི་ཆ་ནས་ཨང་རྟགས་ལྟར་གྲལ་དུ་བཞུགས་ཐུབ་པ་བྱུང་།
སྤྱི་ལོ་1978ལོར་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་གོའི་བྱ་གཞག་ཁག་གི་ལས་དོན་ཚང་མ་རིམ་བཞིན་བགྲོད་ལམ་དྲང་མོ་དང་ཡང་དག་པའི་ཕྱོགས་སུ་བསྐྱོད་པ་དང་ཆབས་ཅིག་བོད་ཀྱི་ཡིག་ཚགས་ཀྱི་ལས་དོན་ཡང་རིམ་བཞིན་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱུང་། སྤྱི་ལོ་1979ལོར་ཡང་བསྐྱར་ཤེས་ལྡན་མི་སྣ་20ལྷག་ཙམ་ལས་གནས་སྤོས་ནས་ཡོང་བའམ་གདན་འདྲེན་ཞུས་ཏེ། ཡིག་ཚགས་ལེགས་སྒྲིག་གི་བྱ་གཞག་ལ་ཤུགས་སྣོན་བརྒྱབ་ཅིང་ལས་ཐབས་ལ་ལེགས་བཅོས་བཏང་། སྤྱི་ལོ་1978ལོའི་ཟླ་11ནས་སྤྱི་ལོ་1980ལོའི་ཟླ་3པའི་བར་དུ། ལེགས་སྒྲིག་བྱས་པའི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་ཁྱོན་བསྡོམས་251121ཡོད་པ་དང་། ཁ་བྱང་བཀོད་པའི་གྲངས་འབོར་115346ཡོད་ལ་དཀར་ཆག་ཀྱང་བཟོས་ཡོད།⑤ དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ལོ་འགོར། བོད་ཀྱི་གྲོང་ཁྱེར་ཁག་ཏུ་ཡིག་ཚགས་ཁང་བཙུགས་པ་དང་། ལྷ་སར་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་བཙུགས་པའི་སྐབས་སུ། ལས་སྒོའི་མི་སྣ་བཀོད་སྒྲིག་དང་འཐུས་ཚང་དུ་བཏང་ཞིང་། ཆེད་ལས་མི་སྣ་གསོ་སྦྱོང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ། དེ་ཡང་ཀྲུང་གོའི་ཡིག་ཚགས་ལས་དོན་སྤྱིའི་སྤེལ་ཕྱོགས་ཏེ། སླར་གསོ་དང་། དག་ཐེར། མཇུག་བསྡོམས། མཐོར་འདེགས་བཅས་ཀྱི་སྲིད་ཇུས་ཀྱི་མཛུབ་སྟོན་འོག བོད་ཀྱི་ཡིག་ཚགས་ཀྱི་ལས་དོན་གཙོ་བོ་བསྡུ་རུབ་དང་། ལེགས་སྒྲིག ཉར་ཚགས། བསྡོམས་རྩིས། བེད་སྤྱོད། རྩོམ་སྒྲིག་སོགས་ལ་དམིགས་ནས་རིམ་བཞིན་དུ་སྤེལ། སྤྱི་ལོ་1982ལོ་ནས་འགོ་བཙུགས་ཏེ། ལོ་རྒྱུས་ཡིག་ཚགས་ནང་ཕན་ཚུན་དབར་གྱི་འབྲེལ་བ་དང་སྔར་ཡོད་ཀྱི་རྣམ་པ་བཅས་སྔར་མུས་སུ་རྒྱུན་འཇགས་ཡོང་བ་དང་། དེ་བཞིན་ཉར་ཚགས་བྱ་བདེ་བ་དང་བེད་སྤྱོད་གཏོང་བདེ་བའི་ཆེད་དུ། སྡེ་ཁག་⑥ཅེས་པའི་ཡིག་ཚགས་ཀྱི་དབྱེ་བ་འབྱེད་ཐབས་དང་ལེགས་སྒྲིག་བྱེད་ཐབས་ཐོག་མར་བེད་སྤྱོད་བཏང་ནས། ཡིག་ཚགས་ཀྱི་རིགས་སུ་དབྱེ་བ་ཕྱེ་བ་གང་ཞིག དེ་དང་ཆབས་ཅིག་ཏུ་ཡིག་ཚགས་ལ་ཁྱོན་ཡོངས་ནས་བརྟག་དཔྱད་དང་གཏིང་ལོན་པའི་ལས་དོན་སྤེལ་ཏེ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཡིག་ཚགས་ཀྱི་སྡེ་ཁག་ཁྱོན་བསྡོམས་90ལྷག་ཙམ་ཡོད་ཅིང་། ཡིག་ཚགས་ཀྱི་གྲངས་འབོར་ཁྲི་300ལ་ཉེ་བ་ཡོད་པའི་གྲངས་ཀ་གསལ་པོ་བྱུང་།⑦ དེ་ཡང་ཡིག་ཚགས་ལེགས་སྒྲིག་བྱས་པའི་སྐབས་སུ་རིམ་པ་ཕྲ་རགས་གཉིས་ཏེ། རགས་སྒྲིག་གི་རིམ་པ་ཞེས་པ་ནི་ཡིག་ཚགས་ལ་སྡེ་ཁག་དང་། རིགས་དབྱེ། སྡེམ་གྱི་དཀར་ཆག་བཟོ་བར་ཟེར་ཞིང་། ཞིབ་ཕྲའི་ལེགས་སྒྲིག་བྱ་ཐབས་ཀྱི་རིམ་པ་ཞེས་པ་ནི་རགས་སྒྲིག་གི་རྨང་གཞིའི་སྟེང་མུ་མཐུད་དུ་གོ་རིམ་ལྡན་ཞིང་མ་ལག་ཚང་ལ། ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་བྱ་བའི་ཐབས་ལམ་རིམ་པ་གཉིས་ཀྱི་སྒོ་ནས་རིམ་བཞིན་དུ་ཡིག་ཚགས་ལ་ལེགས་སྒྲིག་བྱས་ཏེ། སྤྱི་ལོ་1992ལོའི་བར་དུ་ཕྲ་རགས་རིམ་པ་གཉིས་ཀྱི་ལེགས་སྒྲིག་བྱ་ཐབས་ཟུང་དུ་སྦྲེལ་ནས། ཡིག་ཚང་ཁང་དུ་ཉར་ཡོད་པའི་བཀའ་ཤག་དང་། ཡིག་ཚང་། བླ་བྲང་ཕྱག་མཛོད་སོགས་ཁྱོན་བསྡོམས་པས་སྡེ་ཁག་17ཡི་ཡིག་ཚགས་932796ཙམ་ལེགས་སྒྲིག་བྱས།⑧ སྤྱི་ལོ་1988ལོར་བོད་རང་སྐྱོང་ལྗོངས་ལོ་རྒྱུས་ཡིག་ཚགས་ཁང་ཞེས་པའི་མིང་དེ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ཞེས་བསྒྱུར་བ་ནས་བཟུང་། ཆེད་ལས་མི་སྣ་གསོ་སྐྱོང་བྱས་ནས། ཆག་གྲུམ་རལ་སྐྱོན་དུ་སོང་བའི་ལོ་རྒྱུས་ཡིག་ཚགས་ལ་སྐྱོ་མས་ལྷན་པ་རྒྱག་པ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་ཉམས་གསོའི་ལས་དོན་སྤེལ་འགོ་ཚུགས།

སྤྱི་ལོ་1993ལོ་ནས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་དམིགས་ཚད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། སྡེ་ཁག་གི་ཐབས་ལམ་ལ་བརྩི་སྲུང་བྱ་དགོས་པའི་རྩ་དོན་ཕྱོགས་ཡོངས་སུ་ལག་བསྟར་ཁྱབ་སྤེལ་བཏང་བ་དང་ཆབས་ཅིག་ཡིག་ཚགས་རེར་ཁ་བྱང་རེ་བཟོ་བའི་ལེགས་སྒྲིག་གི་ཐབས་ལམ་རྒྱུན་འཁྱོངས་བྱས་ཤིང་། ཁ་བྱང་ཕབ་བཤུས་ཀྱི་དཀར་ཆག་ལ་ཡི་གེ་གཏོང་མཁན་དང་། ཡིག་ཚགས་ཀྱི་གནད་དོན། ཡིག་ཚགས་ཀྱི་རིགས། ཡིག་ཚགས་གྲུབ་པའི་ལོ་ཁམས་བཅས་གནད་ཆེའི་རྒྱུ་རྐྱེན་བཞི་ཚང་དགོས་པ་དང་། ལེགས་སྒྲིག་སྤུས་ཚད་ཞིབ་བཤེར་མི་གསུམ་ཚོགས་ཆུང་བཙུགས་ཏེ། ཡིག་ཚགས་ལེགས་སྒྲིག་གི་སྤུས་ཚད་དང་ལས་ཆོད་མཐོ་རུ་བཏང། སྤྱི་ལོ་1997ལོའི་བར་དུ་ཡིག་ཚགས་ཁང་གིས་སྡེ་ཁག་5ཡི་ཡིག་ཚགས་གྲངས་འབོར་188958ཙམ་ལེགས་སྒྲིག་བྱས་པ་མ་ཟད། སྡེ་ཁག་དེ་དག་གི་ངོ་སྤྲོད་དང་། ལེགས་སྒྲིག་བྱེད་ཐབས། དེ་བཞིན་དཀར་ཆག་ཅུང་ཆ་ཚང་བ་བསྒྲིགས་ཡོད།⑨ སྤྱི་ལོ་1997ལོར་ཡིག་ཚགས་ཅུས་(ཀོན་)ནས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་ཡིག་ཚགས་བསྡུ་རུབ་བྱ་བའི་ཁྱབ་ཁོངས་ཀྱི་གཏན་འབེབས་ཞེས་པ་དང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་ཡིག་ཚགས་བསྡུ་རུབ་བྱ་བའི་སྤུས་ཚད་ཀྱི་ཡིག་ཆ་གཏན་འབེབས་བྱས་ནས། ལོ་རྒྱུས་ཡིག་ཚགས་རྩིས་ལེན་དང་འཚོལ་སྡུད་བྱ་བའི་ལོ་ཚད། ཁྱབ་ཁོངས། སྤུས་ཚད། ཐབས་ཤེས་བཅས་ཆ་ཡོངས་སུ་ཚང་བའི་ཡིག་ཆ་འགའ་གཏན་འབེབས་བཟོས་ཏེ། རང་སྐྱོང་ལྗོངས་ནང་ཁུལ་གྱི་ལས་ཁུངས་དང་སྒེར་གྱི་ལག་ཏུ་ཉར་ཚགས་བྱས་ཡོད་པའི་ཡིག་ཚགས་ལ་བརྟག་དཔྱད་ཞིབ་འཇུག་དང་འཚོལ་སྡུད། ལོ་རྒྱུས་ཡིག་ཚགས་དང་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོན་ཆོས་ཀྱི་གནའ་དཔེ་དང་། པར་རྙིང་སོགས་བླུ་ཉོ་བཅས་བྱས་ནས། ཡིག་ཚགས་ཁང་གི་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་བ་མ་ཟད། དེ་སྔོན་ཁ་ཐོར་དུ་ཉར་བའི་ལོ་རྒྱུས་ཡིག་ཚགས་དེ་དག་གི་བདེ་འཇགས་དང་འཐུས་ཚང་ལ་འགན་སྲུང་བྱས། ད་དུང་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་ཐབས་ཞེས་པའི་ཡིག་ཆ་གཏན་འབེབས་བཟོས་ནས། ལེགས་སྒྲིག་བྱེད་དུས་སུ་ཡིག་ཚགས་ཀྱི་འབྱུང་ཁུངས་དང་། ནང་དོན། དུས་ཚོད། རྣམ་པ་སོགས་ཀྱི་དབར་དུ་མངའ་བའི་ལོ་རྒྱུས་ཀྱི་འབྲེལ་བར་བརྩི་སྲུང་བྱེད་པ་ལ་ངེས་པར་དུ་དེ་ཉིད་གཞིར་འཛིན་དགོས་པར་གཏན་འཁེལ་བྱས་ཤིང་། སྔ་རྟིང་དུ་བཀྲ་ཤིས་ལྷུན་པོ་དགོན་པའི་སྡེ་ཁག་ལེགས་སྒྲིག་བྱས་ཤིང་། ནག་ཆུའི་ཡིག་ཚགས་ཁང་ལ་ཡིག་ཚགས་ལེགས་པར་སྒྲིག་རོགས་བྱས། དེ་མིན་གྲོང་ཁྱེར་དང་ས་གནས་ཁག་ཏུ་ཡོད་པའི་ལྗོངས་ཡོངས་ཀྱི་ཡིག་ཚགས་ཁང་རིམ་པ་ཆེ་ཆུང་ཚང་མས་ཡིག་ཚགས་སྒྲིག་ཐབས་དེ་ལག་བསྟར་བྱ་དགོས་པའི་ཡིག་ཆ་བཀྲམ། བོད་ཀྱི་གྲོང་ཁྱེར་ཁག་དང་ས་གནས་ཁག་གི་ཡིག་ཚགས་ཁང་བཙུགས་པ་ནས་བཟུང་། སྔ་རྗེས་སུ་ཡིག་ཚགས་ཁང་སོ་སོར་ཉར་ཚགས་བྱས་ཡོད་པའི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱས་པ་དང་། ལེགས་སྒྲིག་བྱ་ཐབས་ནི་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་ལེགས་སྒྲིག་བྱ་ཐབས་དང་ཕལ་ཆེར་གཅིག་མཚུངས་ཡིན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་། གྲོང་ཁྱེར་དང་ས་གནས་ཁག་གི་ཡིག་ཚགས་ཁང་ནས་ལས་དོན་མི་སྣ་སྒྲིག་འཛུགས་སོགས་ཀྱི་མཐུན་རྐྱེན་བསྐྲུན་ནས། ཡིག་ཚགས་ཁང་སོ་སོར་གསོག་ཉར་བྱས་པའི་ཡིག་ཚགས་ལ་གཙང་བཤེར་བྱས་ཤིང་། སྡེམ་སྒྲིག་པ་སོགས་ཀྱི་ལས་དོན་སྤེལ་བ་དང་། སྤྱི་ལོ་1999ལོའི་ལོ་མཇུག་ལ་སླེབས་དུས། ཡིག་ཚགས་ཁང་དེ་དག་གིས་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་ཁག་ཅིག་ལེགས་པར་བསྒྲིགས་ཤིང་དཀར་ཆག་ཀྱང་བཀོད་ཡོད།⑩
གསུམ་པ། དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་དཀར་ཆག་སྒྲིག་སྟངས་དང་ཁ་བྱང་འགོད་སྟངས་སྐོར།
ད་ཡོད་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ཡིག་ཚགས་ཉར་ཚགས་བྱས་པའི་གནས་ཚུལ་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་སྐབས་དེའི་ཡིག་ཚགས་ཀྱི་གྲངས་འབོར་ནི་ཆེས་མང་བས། ལས་ཁུངས་དེས་ལེགས་སྒྲིག་དང་ཉར་ཚགས་ལ་སོགས་པའི་འགན་འཁྲི་ཤིན་ཏུ་ལྕི། དུས་རབས་ཉི་ཤུའི་ལོ་རབས་60ནས་བཟུང་། ལོ་རྒྱུས་ཡིག་ཚགས་ལས་དོན་སྒྲུབ་མཁན་རྣམ་པས་མི་རབས་དུ་མའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། ཡིག་ཚགས་ཀྱི་སྡེམ་དང་དཀར་ཆག་སྒྲིག་པའི་སྐབས་སུ། སྔར་སྡེ་པ་གཞུང་སོགས་ཀྱིས་ཡིག་ཚགས་ལེགས་སྒྲིག་བྱེད་པའི་སྲོལ་རྒྱུན་གྱི་ཐབས་ཤེས་རྒྱུན་འཛིན་བྱེད་རྒྱུ་དང་གཞི་འཛིན་སར་བྱེད་པ་དང་། དེང་རབས་ཚན་རིག་གི་ཐབས་ལམ་དང་ཟུང་དུ་འབྲེལ་བར་དོ་སྣང་བྱས་ཏེ། ལོ་རྒྱུས་ཡིག་ཚགས་ཀྱི་རིགས་ཀྱི་དབྱེ་བ་དང་། རིམ་པའི་དབྱེ་བ། དཀར་ཆག་སྒྲིག་པ་སོགས་བྱས། ལེགས་སྒྲིག་གི་རིམ་པ་དང་པོ་དེ་དག་བརྒྱུད། ཞིབ་ཕྲའི་སྒྲིག་ཐབས་ལ་བརྟེན་ནས་ལེགས་སྒྲིག་བྱས་ཟིན་པའི་ཡིག་ཚགས་ལ་ཡིག་ཚགས་འཚོལ་བའི་དཀར་ཆག་ཡོད་པ་དང་། ཡིག་ཚགས་ཀྱི་གོ་རིམ་སྒྲིག་པའི་ཚད་གཞི་ཡོད་པ་བཅས་བཟོས། དེ་ཡང་ཡིག་ཚགས་ལེགས་སྒྲིག་བྱེད་པའི་སྐབས་སུ། དཀར་ཆག་སྒྲིག་སྟངས་ནི་སྡེ་ཁག་གི་སྡེམ་གྲངས་ནས་སྡེམ་ནང་གི་ཡིག་ཆའི་དཀར་ཆག་ཀུན་གསལ་ཞེས་རིམ་པའི་སྒོ་ནས་བསྒྲིགས་ཡོད་པ་དང་། རིམ་པ་རེ་རེའི་བར་དུ་རྟགས་__འདི་བརྒྱབ་ནས་དབྱེ་བ་ཕྱེ་ཡོད་དེ། གོང་དུ་བརྗོད་པའི་སྡེམ་ནང་གི་ཡིག་ཆའི་དཀར་ཆག་ཀུན་གསལ་ཞེས་པ་དེའི་ཞིབ་ཕྲའི་དཀར་ཆག་སྒྲིག་སྟངས་ནི། མཛོད་ཨང་།__སྡེ་ཁག་གི་ཨང་གྲངས།__རིགས་ཀྱི་དབྱེ་བ།__སྡེམ་གྱི་ཨང་གྲངས་འགོ་མཇུག་བཅས་ཀྱི་རིམ་པའི་སྒོ་ནས་སྡེམ་གྱི་རིམ་པ་དང་ཡིག་ཆའི་རིམ་པ་དང་དེབ་ཀྱི་རིམ་པ་བཅས་ཀྱི་དཀར་ཆག་གསལ་པོར་བསྒྲིགས་ཡོད། དཀར་ཆག་སྒྲིག་སྟངས་དེའི་རིགས་ཀྱི་རེའུ་མིག་ཏུ་འགོད་པའི་ནང་དོན་ནི། སྡེམ་གྲངས་དང་ཡིག་ཆའི་གྲངས་འབོར་ཚུད་པའི་ཡིག་ཚགས་ཀྱི་ཨང་གྲངས།__སྡེམ་ནང་གི་ཡིག་ཆའི་གོ་རིམ།__སྡེམ་གྱི་ཁ་བྱང་དང་ནང་དོན།__སྡེམ་གྱི་གྲངས་འབོར།__སྣོད་ཀྱི་ཨང་རྟགས།__ཡིག་ཆའི་འགོ་མཇུག་གི་དུས་ཚོད།__གསལ་བཤད་བཅས་ཡོད། ལེགས་སྒྲིག་བྱེད་སྟངས་འདི་ནི་གཙོ་བོ་ཡིག་ཚགས་དངོས་གཞི་ཉར་ཚགས་བྱས་པའི་གོ་རིམ་གཞིར་བཟུང་ནས་ལེགས་སྒྲིག་བྱས་པ་ཡིན་པས། ཉར་ཚགས་བྱེད་བདེ་བ་དང་དུས་ཚོད་ཀྱི་སྒོ་ནས་ཡིག་ཚགས་འཚོལ་བར་ཕན་ཆེ་རུང་། གནད་དོན་དང་མི་སྣ། ས་གནས་བཅས་ཀྱི་སྒོ་ནས་ཡིག་ཚགས་འཚོལ་བ་ལ་ཅུང་སྟབས་མི་བདེ་བར་འདུག་སྟེ། ཆེད་དོན་ཡིག་ཚགས་ག་གེ་མོ་ཞིག་འཚོལ་དགོས་ན། འབྲེལ་ཡོད་ཀྱི་དཀར་ཆག་ཚང་མ་འགོ་ནས་མཇུག་བར་དུ་རིམ་པ་བཞིན་དུ་ལྟ་ཀློག་དང་རྔོག་བཤེར་བྱས་ནས་འཚོལ་དགོས་པས། དུས་ཚོད་འགོར་ཞིང་ངལ་བའང་ཆེ། དེ་བཞིན་ཡིག་ཚགས་མ་ཕྱིར་ཐེབས་པའི་གནོད་སྐྱོན་ཡང་མང་དུ་སོང་ནས་ཡིག་ཚགས་སྲུང་སྐྱོབ་བྱ་བར་གནོད་པ་ཆེ། ཡིག་ཚགས་ཐོ་རུ་འགོད་སྐབས། དོན་ཚན་གཤམ་གསལ་ཁག་འགའ་ཚང་དགོས་པ་དང་། དོན་ཚན་རེ་རེའི་བར་དུ་རྟགས་__འདི་བརྒྱབ་ནས་དབྱེ་བ་འབྱེད་དགོས་ཏེ། ཡིག་ཚགས་ཀྱི་ནང་དོན་གནད་བཤུས།__ཡི་གེ་གཏོང་མཁན།__ཡིག་ཚགས་ཀྱི་རིགས།__ཡིག་ཚགས་གྲུབ་པའི་དུས་ཚོད།__ཟུར་མཆན་བཅས་ཀྱི་གོ་རིམ་ལྟར་འགོད་དགོས་པ་དང་། ཟུར་མཆན་གྱི་ནང་དུ་སྐད་ཡིག་གི་རིགས། ཡིག་ཚགས་ཀྱི་གྲངས་ཀ མ་ཕྱིའི་གནས་བབས་བཅས་ཀྱི་དོན་ཚན་ཁག་སོགས་འདུས་ཡོད། ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པ་དང་ལེགས་སྒྲིག་བྱས་པའི་སྡེ་ཁག་ལ་རྩ་བའི་ཆ་ནས་སྡེ་ཁག་གི་ངོ་སྤྲོད་དང་། སྡེ་ཁག་གི་དཀར་ཆགསྡེམ་གྱི་དཀར་ཆག སྡེམ་ནང་གི་དཀར་ཆག་སོགས་ཡིག་ཚགས་འཚོལ་བཤེར་བྱ་སའི་དཀར་ཆག་དང་། ཡིག་ཚགས་ཉར་འཇོག་བྱ་སའི་དཀར་ཆག་སོགས་བཟོས་ཡོད་ལ། དེ་བཞིན་དཀར་ཆག་ཀུན་གསལ་དང་། སྡེ་ཁག་ངོ་སྤྲོད། ལེགས་སྒྲིག་བྱེད་ཐབས། ཆེད་དོན་གྱི་དཀར་ཆག ནང་དོན་གནད་བསྡུས། དཀར་ཆག་སོགས་ཡིག་ཚགས་འཚོལ་བཤེར་གྱི་ཐབས་ལམ་དེ་དག་ཚང་མ་བོད་རྒྱ་ཡིག་རིགས་ཤན་སྦྱར་གྱི་ལམ་ནས་ཡིག་ཐོག་ཏུ་ཕབ་ཡོད།

བཞི་པ། དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་གློག་ཀླད་ལ་བརྟེན་ནས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱས་པའི་སྐོར།
དེ་ཡང་ཡིག་ཚགས་ཀྱི་མ་ཕྱིའི་ལེགས་སྒྲིག་གི་ལས་དོན་ཟམ་མ་ཆད་པར་སྤེལ་བ་དང་། ཆབས་ཅིག་ཏུ་ཡིག་ཚགས་ཀྱི་ནང་དོན་དང་འབྲེལ་ཡོད་ཆ་འཕྲིན་དག་གློག་ཀླད་ལ་བརྟེན་ནས་དོ་དམ་བྱས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་སྔར་ལས་ལྷག་པར་ཞུ་ཐུབ་པའི་ཆེད་དུ། སྤྱི་ལོ་1991ལོའི་ཟླ་7པར། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་པར་རིས་ཆུང་བསྡུས་ཀྱི་འཕྲུལ་ཆས་མ་ལག་འཐུས་ཚང་ཉོ་སྒྲུབ་བྱས་པ་དང་། དེ་བཞིན་འབྲེལ་ཡོད་ཀྱི་ལག་རྩལ་མི་སྣ་གསོ་སྐྱོང་བྱས་ཏེ། ཡིག་ཚགས་མ་ཕྱི་པར་རིས་ཆུང་བསྡུས་ཀྱི་སྒོ་ནས་གློག་ཀླད་ནང་དུ་བཞག་སྟེ་ལེགས་སྒྲིག་དང་སྲུང་སྐྱོང་བྱེད་པའི་ལས་འགོ་བཙུགས། ད་ལྟའི་བར་སྔ་རྟིང་དུ་སྣང་རྩེ་ཤར་དང་། རྩེ་ཕྱག ཀུན་བདེ་གླིང་། རྩིས་ཁང་བཅས་ཀྱི་སྡེ་ཁག་གི་ཡིག་ཚགས་ཁག་ཅིག་པར་རིས་ཆུང་བསྡུས་ཀྱི་སྒོ་ནས་པར་བརྒྱབ་ཡོད་པ་དང་། གཞན་ཡང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་འབྲེལ་ཡོད་ཀྱི་གཞུང་ལུགས་ལ་གཞིགས་ནས། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་སྟངས་ཀྱི་ངེས་སྲོལ་ཞེས་པའི་ཡིག་ཆ་ཚོད་ལྟའི་ཚུལ་དུ་གཏན་འབེབས་བྱས་ཏེ། བོད་ཡིག་གི་ལམ་ནས་བཀོལ་སྤྱོད་བྱེད་ཆོག་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དོ་དམ་མ་ལག་མཉེན་ཆས་ཞེས་པའི་གློག་ཀླད་ཀྱི་མཉེན་ཆས་ཤིག་ཞིབ་འཇུག་དང་གསར་གཏོད་བྱས་པ་དང་། མཉེན་ཆས་དེར་ཉར་ཚགས་དང་། ལེགས་སྒྲིག བེད་སྤྱོད། དེ་བཞིན་མ་ལག་དོ་དམ་བཅས་ཀྱི་ནང་དོན་ཁག་འགའི་རྩོལ་ནུས་ཡོད་ཅིང་། དགོས་མཁོར་དམིགས་ནས་ཡན་ལག་གི་དོན་ཚན་དུ་མ་བཀོད་སྒྲིག་བྱས་ཡོད་དེ། དཔེར་ན། ཡིག་ཚགས་ཉར་ཚགས་ཀྱི་རྩོལ་ནུས་ནང་དུ་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་སྤྱི་བཤད། སྡེ་ཁག་གི་རེའུ་མིག་བཅས་ཀྱི་དོན་ཚན་ཡོད་པ་དང་། ཡིག་ཚགས་ལེགས་སྒྲིག་གི་ནང་དུ་ལེགས་སྒྲིག་རྩིས་སྤྲོད་དང་རྩིས་ལེན། ཆོད་སྡོམ་དང་གསལ་འབྱེད།གཞོགས་འདེགས་ཀྱི་དཔྱད་ཡིག་བཅས་ཀྱི་དོན་ཚན། དེ་བཞིན་ཡིག་ཚགས་བེད་སྤྱོད་ཀྱི་ནང་དུ་བེད་སྤྱོད་འགོད་ཐོ་དང་། ཡིག་ཚགས་འཚོལ་བཤེར། ཡིག་ཚགས་བསྡོམས་རྩིས་སོགས་ཀྱི་ཡན་ལག་གི་དོན་ཚན་བཀོད་སྒྲིག་བྱས་ཡོད་པ་དང་། རྩོལ་ནུས་དེ་དག་གིས་ཡིག་ཚགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དག་གྲངས་འཛིན་ཅན་གྱི་སྒོ་ནས་ཡིག་ཚགས་དོ་དམ་བྱེད་པའི་སྐབས་སུ། དཀར་ཆག་སྒྲིག་པ་དང་། བསྡོམས་རྩིས་རྒྱག་པ། ཡིག་ཚགས་འཚོལ་བཤེར། ཡིག་ཚགས་ལྟ་ཀློག་སོགས་ཀྱི་ཞིབ་ཕྲའི་ལས་འགན་སྒྲུབ་ཀྱི་ཡོད། ཡང་དཔེར་ན། གོང་དུ་བརྗོད་པའི་ཡིག་ཚགས་འཚོལ་བཤེར་གྱི་སྐབས་སུ། དེར་འཚོལ་བཤེར་རགས་མོ་དང་། འཚོལ་བཤེར་ཞིབ་མོ། འཚོལ་བཤེར་མྱུར་མོ་ཞེས་པའི་འཚོལ་བཤེར་གྱི་ནུས་པ་མི་འདྲ་བའི་དབྱེ་བ་གསུམ་ཡོད་པ་དང་། ཞིབ་མོ་དང་མྱུར་མོའི་སྒོ་ནས་ཡིག་ཚགས་འཚོལ་བཤེར་བྱེད་པའི་སྐབས་སུ། ཡིག་ཚགས་ལེགས་སྒྲིག་དུས་སུ་གཏན་ལ་འབེབས་པའི་འབྲེལ་ཡོད་ཀྱི་ཨང་གྲངས་ཤིག་གློག་ཀླད་ནང་དུ་བཞག་ན་འབྲེལ་ཡོད་ཀྱི་ནང་དོན་བཙལ་ཐུབ་པ་དང་། རགས་མོའི་སྒོ་ནས་འཚོལ་བཤེར་བྱེད་དུས། འཚོལ་དགོས་པའི་ནང་དོན་གྱི་འབྲེལ་ཡོད་གནད་ཚིག་ག་གེ་མོ་ཞིག་གློག་ཀླད་ནང་དུ་བཞག་ནས་བཙལ་ན། གནད་ཚིག་དེ་དང་འབྲེལ་ཡོད་ཀྱི་ཡིག་ཚགས་ཀྱི་ཁ་བྱང་དང་། པར་རིས་ཀྱི་ཁ་བྱང་། ནང་དོན་བཅས་ཚང་མ་བཙལ་ཐུབ་ཅིང་།འཚོལ་བཤེར་གྱི་ཁྱབ་ཁོངས་ནི་གློག་ཀླད་མ་ལག་དེའི་ནང་དུ་བཞག་ཟིན་པའི་ཡིག་ཚགས་ཀྱི་སྡེ་ཁག གནའ་དཔེ། པར་རྙིང་བཅས་ལ་ཡོངས་སུ་ཁྱབ་ཡོད། དེ་ཡང་གློག་ཀླད་ཀྱིས་རང་འགུལ་གྱི་སྒོ་ནས་ཡིག་
འཕྲིན་སྟེགས། weikangba