རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་དར་རྒུད་ལས་འཕྲོས་ཏེ་བོད་ཀྱི་ཆོས་ལུགས་ཀྱི་མ་འོངས་འཕེལ་ཕྱོགས་ཐད་ཀྱི་བསམ་གཞིགས།
![]()

ནང་དོན་གནད་བསྡུས། སངས་རྒྱས་ཆོས་ལུགས་ནི་རྒྱ་གར་ཡུལ་དུ་བྱུང་ཞིང་། དེ་ཡང་ཐོག་མར་ས་ཁུལ་ཆུང་ངུ་ཙམ་གྱི་ཆོས་ལུགས་ནས་རྒྱ་གར་མི་རིགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་དང་། དེ་ནས་འཛམ་གླིང་ཆོས་ལུགས་སུ་འཕེལ་རྒྱས་སུ་ཕྱིན། ཡིན་ཡང་ཕྱི་ནང་གི་རྒྱུ་རྐྱེན་གང་མང་ཞིག་གིས་དུས་རབས་བཅུ་གསུམ་པའི་སྐབས་ནས་སངས་རྒྱས་ཆོས་ལུགས་དེ་རྒྱ་གར་དུ་ཡོངས་སུ་ཉམས་པར་གྱུར་པ་རེད། རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་དར་རྒུད་ཀྱི་ལོ་རྒྱུས་དེ་ལས་བོད་ཀྱི་ཆོས་ལུགས་ལ་ཡང་ཉམས་མྱོང་དང་བསླབ་བྱ་མང་པོ་ལེན་རྒྱུ་ཡོད་པས། དེའི་སྐོར་ལ་བསམ་གཞིགས་བཏང་ནས་དཔྱད་བརྗོད་བྱས་ཡོད།
ཐ་སྙད་གཙོ་བོ། རྒྱ་གར་སངས་རྒྱས་ཆོས་ལུགས། དར་རྒུད། བོད་ཀྱི་ཆོས་ལུགས། བསམ་གཞིགས།
རྩོམ་པ་པོ་ངོ་སྤྲོད། ཚེ་མཁར་རྒྱལ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ཆེན་མོ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་རིག་པ་དང་ཆོས་ལུགས་སྤྱི་ཚོགས་རིག་པའི་སྐོར་ཡིན།
ཡོང་ཁུངས། 2019ལོའི་《མཚོ་སྔོན་སྤྱི་ཚོགས་ཚན་རིག》དེབ་བཞི་པ།
ཆུ་མགོ་གངས་དང་ཆོས་མགོ་རྒྱ་གར་ཞེས་པ་བཞིན་སངས་རྒྱས་ཆོས་ལུགས་ནི་དང་ཐོག་རྒྱ་གར་དུ་བྱུང་ཞིང་། དེ་ནས་ཨེ་ཤ་ཡ་གླིང་ཆེན་གྱི་ས་ཁུལ་མང་པོར་ཁྱབ་ཅིང་། རིམ་བཞིན་ལྷོ་བརྒྱུད་སངས་རྒྱས་ཆོས་ལུགས་དང་། རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས། བོད་བརྒྱུད་སངས་རྒྱས་སོགས་རང་རང་གི་ཁྱད་ཆོས་མངའ་བའི་བརྒྱུད་པ་དག་བྱུང་བ་རེད། ཉེ་རབས་སུ་དེ་དག་ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་སོགས་སུ་དར་ནས་དོན་དང་མཐུན་པའི་འཛམ་གླིང་ཆོས་ལུགས་སུ་གྱུར་པ་དང་། དེང་གི་དུས་སུའང་སངས་རྒྱས་ཆོས་ལུགས་ནི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་མང་ཚོགས་ཀྱི་དད་མོས་ཆོས་ལུགས་གཙོ་བོ་ཞིག་ཡིན། ཡིན་ནའང་ཕྱི་ལོ་དུས་རབས་བཅུ་གསུམ་པའི་མགོ་ཙམ་ནས་སངས་རྒྱས་ཆོས་ལུགས་རྒྱ་གར་རང་དུ་ནུབ་པར་གྱུར་པ་རེད། དེ་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཡོད་ཅིང་བོད་ཀྱི་ཆོས་ལུགས་ཀྱི་འཛིན་སྐྱོང་སྤེལ་གསུམ་ཐད་ལའང་ཉམས་མྱོང་བསླབ་བྱ་མང་པོ་ལེན་རྒྱུ་ཡོད་པས་གཤམ་དུ་དེའི་སྐོར་གླེང་བར་བྱ་བ་ལ།
དང་པོ། རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ།
གཅིག །རྒྱ་གར་དུ་སངས་རྒྱས་ཆོས་ལུགས་བྱུང་ཚུལ།
སངས་རྒྱས་ཆོས་ལུགས་ནི་ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་ལྔ་བར་བྱུང་ཞིང་། དེ་དུས་རྒྱ་གར་དུ་ཆོས་ལུགས་གཙོ་བོ་གཉིས་ཡོད་དེ། གཅིག་ནི་བྲམ་ཟེ་ཆོས་ལུགས་དང་། གཅིག་ནི་དགེ་སྦྱོང་ཆོས་ལུགས་ཡིན། བྲམ་ཟེ་ཆོས་ལུགས་ནི་གནའ་བོའི་རིག་བྱེད་ཀྱི་གཞུང་རྣམས་གཙོ་བོར་བྱེད་པའི་ལོ་རྒྱུས་ཧ་ཅང་རིང་བའི་ཆོས་ལུགས་ཤིག་སྟེ། བྲམ་ཟེ་རྣམས་ཀྱིས་རིག་བྱེད་བཞི་ནི་གཅིག་ནས་གཅིག་ཏུ་འཕོས་པ་ཙམ་ལས་སུས་ཀྱང་མ་བརྩམས་པར་ཐོག་མ་མེད་པའི་དུས་ནས་རྟག་པ་རང་བྱུང་དུ་ཡོད་པ་དང་རྩོམ་པ་པོའི་བློ་སྐྱོན་གྱིས་མ་གོས་པས་བདེན་པ་ཁོ་ན་ཡིན་པར་འདོད་པ་དང་། བྲམ་ཟེ་རིགས་དང་། རྒྱལ་རིགས། རྗེའུ་རིགས། གདོལ་རིགས་སོགས་མི་རིགས་མཐོ་དམན་གྱི་དབྱེ་བ་བཀར་ནས། བྲམ་ཟེ་རིགས་ཀྱི་ཁེ་དབང་དང་ཐོབ་དབང་ཇེ་ཆེར་བཏང་ཡོད། དེ་ཡང་བྲམ་ཟེ་རིགས་ལ་རིག་བྱེད་ཆ་ཚང་སློབ་པ་དང་། གཞན་ལ་སྟོན་པའི་ཐོབ་ཐང་ཡོད་པར་མ་ཟད། སྲིད་དོན་ལ་ཐེ་བྱུས་བྱེད་པ་དང་། ཁྲལ་ཡང་འཇལ་མི་དགོས་ཤིང་། ཉེས་པ་ཚབས་ཆེན་བྱས་ཀྱང་སྲོག་གི་ཆད་པ་མི་ཕོག་པ་བཅས་ཀྱི་ཁྱད་དབང་ཡོད་པས་མི་མང་རྣམས་ཧ་ཅང་མི་དགའ་བར་གྱུར། གཞན་ཡང་བྲམ་ཟེ་ཆོས་ལུགས་ལ་འགྲོ་གྲོན་ཆེ་ཞིང་མང་ཚོགས་ཕལ་བས་བསྒྲུབ་དཀའ་བའི་ཆོ་ག་དག་དར་བ་དང་། ཐམས་ཅད་སྔགས་དང་ཆོ་ག་ལ་རག་ལས་པ་ལྟ་བུར་གྱུར་པས། རིག་བྱེད་ཀྱི་སྔགས་བརྗོད་དེ་དམར་མཆོད་བྱས་ནས་ལྷ་རྣམས་མཉེས་པར་བྱས་ན་སྦྱིན་བདག་གི་བསམ་དོན་འགྲུབ་པར་འདོད། བྲམ་ཟེ་རྣམས་ནི་ལྷ་དང་མིའི་བར་བ་ལྟ་བུར་གྱུར་ཅིང་། མཆོད་སྦྱིན་བྱེད་མཁན་དང་། ཆོས་བྱེད་མཁན། མཐོ་རིས་དང་ཐར་པའི་ལམ་ལ་འཁྲིད་མཁན་དུ་འདོད། ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་སྐབས་སུ་མི་མང་ཕལ་ཆེར་དེ་ལ་སུན་སྣང་སྐྱེས་ཤིང་། དམར་མཆོད་སྐབས་ཀྱི་ཁྲག་སྦྱོར་གྱི་འཇིགས་སྣང་དང་སྐྱི་གཡའ་བའི་ལས་ཀྱིས་མི་རྣམས་ལ་སྙིང་རྗེའི་རང་བཞིན་ཅན་གྱི་ཆོས་ཞིག་ལ་རེ་སྨོན་བྱེད་དུ་བཅུག གནས་ཚུལ་དེ་འདྲའི་འོག་ཏུ་དགེ་སྦྱོང་ཆོས་ལུགས་བྱུང་བ་དང་། དེ་དག་ལས་སྙན་གྲགས་ཆེ་ཤོས་ནི་སངས་རྒྱས་ཆོས་ལུགས་དང་མུ་སྟེགས་སྟོན་པ་དྲུག་[1]གི་ཆོས་ལུགས་སོགས་ཡིན། དེ་དག་གི་ལྟ་གྲུབ་ནི་བྲམ་ཟེ་ཆོས་ལུགས་དང་རྩ་བ་ནས་མི་འདྲ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པས་བྲམ་ཟེ་ཡི་ཆོས་དང་དེ་ཡི་ཆོ་ག་དཀའ་རྙོག་ཅན་ཚང་མ་བཀག་ཅིང་། དམར་མཆོད་བྱེད་མི་རུང་པ་དང་། འཇིག་རྟེན་བྱེད་པོ་ཞིག་མེད་པ་དང་། ཐམས་ཅད་ལས་དང་དང་ཉོན་མོངས་ལས་བྱུང་བ། མི་དང་སེམས་ཅན་མཐའ་དག་གི་མ་འོངས་པ་ནི་སོ་སོའི་ད་ལྟའི་སྤྱོད་ལམ་དང་ལས་ལ་རག་ལས་པས། མི་སུ་ཡིན་རུང་རིགས་མཐོ་དམན་ཀྱི་ཁྱད་མེད་པར་ཐམས་ཅད་ཐར་པ་འཐོབ་རུང་བ་གཅིག་འདྲ་ཡིན་པར་གསུངས་ཤིང་། བདེན་པ་བཞི་དང་། འཕགས་ལམ་ཡན་ལག་བརྒྱད། རྟེན་འབྲེལ། དབུ་མ། ལས་འབྲས་སོགས་ཀྱི་ལྟ་བ་བཏོན་ཏེ་བྱམས་སེམས་དང་སྙིང་རྗེ་ལ་གཞི་བྱས་པའི་གཞན་ཕན་གྱི་སེམས་པ་རྩལ་དུ་བཏོན་ནས་རང་གི་ཆོས་སྤེལ། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་ཁོང་གི་རྗེས་འཇུག་པ་དག་གི་འབད་པ་ལ་བརྟེན་ནས། སངས་རྒྱས་ཆོས་ལུགས་དེ་ས་གནས་ཀྱི་ཆོས་ལུགས་ཞིག་ནས་མི་རིགས་ཀྱི་ཆོས་ལུགས་དང་འཛམ་གླིང་གི་ཆོས་ལུགས་སུ་གྱུར་པ་རེད།
གཉིས། རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་འཕེལ་རིམ།
སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་རིག་གཞུང་ཞིབ་འཇུག་པ་རྣམས་ཀྱིས་དབྱེ་བ་འབྱེད་ཚུལ་གཅིག་མཐུན་མིན་ཡང་།[2] སྤྱིར་བཏང་གདོད་མའི་སངས་རྒྱས་ཆོས་ལུགས་ནས། ཉན་ཐོས་སྡེ་པའི་སངས་རྒྱས་ཆོས་ལུགས། ཐེག་པ་ཆེན་པོའི་ཆོས། གསང་སྔགས་ཀྱི་ཆོས་བཅས་རིམ་བཞིན་འཕེལ་རྒྱས་བྱུང་བར་འདོད། དེ་ཡང་གདོད་མའི་སངས་རྒྱས་ཆོས་ལུགས་ནི་ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་དུས་དཀྱིལ་ནས་ཕྱི་ལོ་སྔོན་གྱི་དུས་རབས་བཞི་བའི་དུས་དཀྱིལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཁོང་གི་རྗེས་འཇུག་པས་དར་སྤེལ་གནང་པའི་སངས་རྒྱས་ཆོས་ལུགས་ལ་ཟེར། སངས་རྒྱས་འདས་ནས་ལོ་བརྒྱ་ཙམ་ན། བརྗོད་དོན་གཅིག་ལ་གོ་བ་ལེན་ཚུལ་མི་འདྲ་བ་བྱུང་བ་སོགས་ཀྱིས་གདོད་མའི་སངས་རྒྱས་ཆོས་ལུགས་ཡང་དགེ་འདུན་ཕལ་ཆེན་སྡེ་པ་དང་། གནས་བརྟན་སྡེ་པ་བཅས་སྡེ་པ་མི་འདྲ་བ་གཉིས་སུ་གྱེས་ཏེ་ཉན་ཐོས་སྡེ་པའི་ཆོས་བརྒྱུད་ཀྱི་རྣམ་པ་བྱུང་། ཕྱི་ལོ་དུས་རབས་དང་པོའི་ཡས་མས་སུ་ཐེག་ཆེན་གྱི་ཆོས་བྱུང་ལ། དེས་སྐབས་དེའི་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་སངས་རྒྱས་ཀྱི་བྱམས་སྙིང་རྗེ་དང་གཞན་ཕན་བྱང་ཆུབ་སེམས་དཔའི་སྤྱོད་པ་སོགས་ཀྱི་ལྟ་བ་རྩལ་དུ་བཏོན་ཞིང་ཉན་ཐོས་སྡེ་པའི་སངས་རྒྱས་ཆོས་ལུགས་དང་མི་འདྲ་བའི་ལྟ་གྲུབ་བཏོན་ཅིང་བསྟན་པ་སྤེལ་བས་སངས་རྒྱས་ཆོས་ལུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་། ཡིན་ཡང་ཐེག་ཆེན་གྱི་ཆོས་དར་བ་དང་མཉམ་དུ་ཉན་ཐོས་སྡེ་པ་ནི་ཡོངས་སུ་ཉམས་པ་ནི་མ་ཡིན་ཏེ། མང་པོས་བཀུར་བའི་སྡེ། མདོ་སྡེ་སྨྲ་བའི་སྡེ། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་སོགས་མ་མཐའ་ཡང་ཕྱི་ལོ་དུས་རབས་དྲུག་པའི་ཡར་སྔོན་དུ་གནས་ཡོད་པ་རེད། དེ་བཞིན་དུ་ལྷོ་བརྒྱུད་གནས་བརྟན་པའི་སྡེ་ཡང་ད་ལྟའི་བར་དུ་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་དག་ཏུ་དར་ཡོད་པ་དེ་ལྟར་ཡིན། གསང་སྔགས་ནི་སྤྱིར་བཏང་དུ་ཕྱི་ལོ་དུས་རབས་བདུན་པའི་ནང་ཐེག་ཆེན་གྱི་ཆོས་བརྒྱུད་ཁག་ཅིག་ཧིན་རྡུ་ཆོས་ལུགས་དང་འདྲེས་ནས་རིམ་བཞིན་དར་བར་འདོད།
གསུམ། རྒྱ་གར་སངས་རྒྱས་ཆོས་ལུགས་ནི་འཛམ་གླིང་གི་ཆོས་ལུགས་སུ་གྱུར་ཚུལ།
རྒྱ་གར་སངས་རྒྱས་ཆོས་ལུགས་ནི་མི་རིགས་དང་རྒྱལ་ཁབ་ལས་བརྒལ་ནས་འཛམ་གླིང་ཆོས་ལུགས་སུ་གྱུར་པ་ལ་ཆོས་ལུགས་རང་ལ་མིའི་རིགས་ཡོངས་ལ་དོ་ཁུར་གནང་པའི་འཛམ་གླིང་རང་བཞིན་གྱི་ཁྱད་ཆོས་ཡོད་པར་མ་ཟད། རྒྱ་གར་གྱི་ཆོས་རྒྱལ་གཉིས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། དེ་གཉིས་ནི་ཆོས་རྒྱལ་མྱ་ངན་མེད་དང་ཀནིཥྐ་གཉིས་ཡིན།
ཕྱི་ལོ་སྔོན་གྱི་དུས་རབས་གསུམ་པ་སྟེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ཙམ་གྱི་དུས་སུ། རྒྱ་གར་དུ་མཽརྱའི་རྒྱལ་རབས་[3]བྱུང་ཞིང་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱལ་ཁབ་གཅིག་གྱུར་གྱི་དམག་འཁྲུག་ཐེངས་མང་མཛད་ལ། ལྷག་པར་དུ་ཕྱི་ལོ་སྔོན་གྱི261ལོར་ཡུལ་ཀ་ལིང་ཀ་[4]མངའ་འོག་ཏུ་བསྡུ་པའི་གཡུལ་འཁྲུག་ཏུ་མི་མང་པོ་བསད་པས་རྒྱལ་པོ་ཁོང་ཉིད་འགྱོད་པ་ཆེན་པོ་སྐྱེས་ཏེ། མཚོན་ཆ་ལ་བརྟེན་ནས་རྒྱལ་བ་ནི་དོན་དམ་གྱི་རྒྱལ་བ་མིན་ཅིང་། ཆོས་ལ་བརྟེན་ནས་རྒྱལ་བ་ནི་དངོས་གནས་ཀྱི་རྒྱལ་བ་ཡིན་པར་འདོད་པ་དང་། ཁོང་གིས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱས། མཽརྱའི་རྒྱལ་རབས་ཀྱིས་རྒྱ་གར་ཕྱེད་གླིང་གི་ལྷོ་སྣེ་མ་གཏོགས་རྒྱ་གར་ཡོངས་སུ་རྫོགས་པ་གཅིག་གྱུར་བྱས་པ་དང་། སངས་རྒྱས་ཆོས་ལུགས་ནི་དེ་སྔོན་རྒྱ་གར་གྱི་ཡུལ་དབུས་པ་ཙམ་གྱི་ཆོས་ལུགས་ཡིན་པ་ནས་རྒྱ་གར་གྱི་རྒྱལ་ཁབ་ཆོས་ལུགས་སུ་བྱས་པ་མ་ཟད། ཁོས་ཉེ་འབྲེལ་གྱི་རྒྱལ་ཁབ་དང་ས་ཁུལ་པར་སིག ལིངྐའི་ཡུལ། ཨ་ལེ་ཟན་སྒྲེ་ཡ[5]་རུ་ཆོས་ཀྱི་ཕོ་ཉ་བཏང་ནས་ཆོས་སྤེལ། སངས་རྒྱས་ཆོས་ལུགས་རྒྱ་གར་གྱི་རྒྱལ་མཚམས་ལས་བརྒལ་ནས་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་སུ་འགྱུར་བར་གོམ་པ་དང་པོ་སྤོས། ཚུལ་འདིར་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། ལར་རྒྱལ་པོ་འདིའི་གོང་ཙམ་ན་སངས་རྒྱས་ཀྱི་བསྟན་པ་ཡང་ཕལ་ཆེར་ཡུལ་དབུས་པ་ཙམ་གྱི་ཆོས་ལུགས་སུ་ཡོད་པ་ལས། འདི་ནས་བཟུང་འཛམ་གླིང་ཀུན་ཏུ་ཁྱབ་པས་སྟོན་པའི་བསྟན་པ་ལ་རྒྱལ་པོ་འདི་དང་མཉམ་པའི་བཀའ་དྲིན་ཅན་མ་བྱུང་བ་ཡིན་ཞེས་[6]གསུངས་སོ། །
ཕྱི་ལོ་དུས་རབས་དང་པོའི་དུས་ཡོ་དྲིས་ཆེ་བ་[7]ཞེས་པའི་འབྲོག་སྡེ་ཆེན་པོས་རྒྱ་གར་ལ་བཙན་འཛུལ་བྱས་ནས་རྒྱ་གར་གྱི་བྱང་ཕྱོགས་དང་ཨ་ཤེ་ཡའི་དབུས་མ་རུ་ཀུ་ཤ་ནའི་རྒྱལ་རབས་[8]བཙུགས། དེ་དང་རྒྱ་གར་ལྷོ་ཕྱོགས་ཀྱི་ཨཎ་དྷྲ་རྒྱལ་རབས[9]་གཉིས་འགལ་ཟླར་གནས་པས། དུས་སྐབས་དེ་ལ་རྒྱ་གར་ལོ་རྒྱུས་སུ“ལྷོ་བྱང་རྒྱལ་རབས”ཀྱི་དུས་སྐབས་ཟེར། ཀུ་ཤ་ནའི་རྒྱལ་རབས་འདི་འཛམ་གླིང་གི་ཤར་ནུབ་ལྷོ་བྱང་གི་འགྲིམ་འགྲུལ་གྱི་བཞི་མདོ་ཞིག་ཏུ་གནས་པས། ཚོང་ལས་དར་ཞིང་མི་རིགས་སྣ་ཚོགས་ཀྱི་རྒྱུ་འགྲུལ་ཤིན་ཏུ་ཆེ། དེའི་མངའ་འོག་ཏུ་སྤྱི་ཚོགས་སྒྲིག་གཞི་འདྲ་མིན་དང་ཆོས་ལུགས་རིག་གནས་སྣ་ཚོགས་ཡོད་ལ། ཆོས་ལུགས་མི་འདྲ་བར་འདྲ་མཉམ་གྱི་སྲིད་ཇུས་སྤེལ་བས་སངས་རྒྱས་ཆོས་ལུགས་དང་བྲམ་ཟེ་ཆོས་ལུགས། པར་སིག་གི་ཟོ་རོ་ཨད་སུ་ཐུའི་ཆོས་ལུགས།[10] ཀུ་རི་སེའི་ཆོས་ལུགས་ཐམས་ཅད་ལ་འཕེལ་རྒྱས་ཀྱི་ས་ཁོངས་ཡོད་ལ། ཆོས་ལུགས་བར་འགྲན་རྩོད་ཆེ་ཞིང་ཕན་ཚུན་ཤན་ཤུགས་ཀྱང་ཆེན་པོ་ཐེབས་བཞིན་ཡོད། རྒྱལ་པོ་ཀནིཥྐ[11]་ཡིས་ཆོས་རྒྱལ་མྱ་ངན་མེད་བཞིན་དུ་སངས་རྒྱས་ཆོས་ལུགས་ལ་རྒྱབ་སྐྱོར་མཛད་ཅིང་། རྒྱལ་པོ་ཁོང་གིས་སྦྱིན་བདག་མཛད་ནས་བཀའ་བསྡུ་ཐེངས་བཞི་བ་མཛད་པ་དང་། དེ་དུས་རྒྱ་གར་དུ་བྲན་གཡོག་ལམ་ལུགས་རིམ་བཞིན་ཉམས་མགོ་ཚུགས་ཤིང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་འཕེལ་རྒྱས་བྱུང་མགོ་བརྩམས་པས། གྲལ་རིམ་འབྲེལ་བ་རྙོག་འཛིང་ཡིན་པའི་ལོ་རྒྱུས་ཆ་རྐྱེན་འོག སངས་རྒྱས་ཆོས་ལུགས་ཀྱི་ནང་གསེས་ཕལ་ཆེན་སྡེ་དང་གནས་བརྟན་སྡེ་པར་གྱེས་པ་ཇེ་ཆེར་སོང་ནས། རིམ་བཞིན་ཐེག་ཆེན་དང་ཐེག་དམན་གྱི་ཁྱད་པར་བྱུང་། རྒྱལ་པོ་མྱ་ངན་མེད་ཀྱི་དུས་སུ་སངས་རྒྱས་ཆོས་ལུགས་ལ་དབང་བསྒྱུར་གྲལ་རིམ་གྱི་མཐོ་རིམ་མི་སྣའི་རྒྱབ་སྐྱོར་ཐོབ་ནས་འཕེལ་རྒྱས་བྱུང་པ་དང་། ཀུ་ཤ་ནའི་རྒྱལ་རབས་ཀྱི་རྒྱལ་པོ་ཀནིཥྐའི་སྐབས་སུ་ཐེག་པ་ཆེན་པོའི་ཆོས་བྱུང་། རིང་བསྲེལ་དང་སངས་རྒྱས་ཀྱི་སྐུ་འདྲ་ལ་མཆོད་འབུལ་བྱེད་པ་དང་ཡུལ་གྲུ་ཀུན་ཏུ་མཆོད་རྟེན་མང་པོ་བཞེངས། བྲག་ཕུག་མང་པོར་སངས་རྒྱས་ཀྱི་སྐུ་འདྲ་བརྐོས། དཔལ་ནཱ་ལེནྡཱ་དང་དཔལ་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་སོགས་དགོན་སྡེ་གྲགས་ཅན་དག་བཞེངས་ནས་གྲུབ་ཅིང་། སངས་རྒྱས་ཆོས་ལུགས་ཀྱི་སློབ་གསོ་མ་ལག་ལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་བས། སངས་རྒྱས་ཆོས་ལུགས་མང་ཚོགས་ཁྲོད་དུ་འཕེལ་རྒྱས་ཆེན་པོ་བྱུང་། ཀུ་ཤ་ནའི་རྒྱལ་རབས་དང་དེའི་རྗེས་སུ། སངས་རྒྱས་ཆོས་ལུགས་ཡང་བསྐྱར་གནའ་བོའི་རྒྱ་གར་ནས་འཛམ་གླིང་ལ་དར་ཁྱབ་བྱུང་སྟེ། གནས་བརྟན་པའི་སྡེ་ནི་ལྷོ་ཕྱོགས་ཀྱི་སིངྒ་ལ་དང་། ཐེ་ལེན། འབར་མ། ཁམ་ཕུ་ཁྲེ། ལོ་སི་སོགས་སུ་དར་བ་དང་། ཐེག་ཆེན་གཙོ་བོ་ཨ་ཤེ་ཡ་དབུས་མ་ནས་རྒྱ་ནག་དང་། རྒྱ་ནག་ནས་ཁོ་རེ་ཡ་དང་འཇར་པན། ཝེ་ཐེ་ནམ་རྒྱལ་ཁབ་སོགས་སུ་དར་ནས་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་སུ་གྱུར།
གཉིས་པ། རྒྱ་གར་སངས་རྒྱས་ཆོས་ལུགས་ཉམས་རྒུད་དུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ།
སངས་རྒྱས་ཆོས་ལུགས་ནི་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ཆེན་པོ་གསུམ་ལས་ལོ་རྒྱུས་ཆེས་རིང་བ་དང་། ལྟ་དགོངས་རྒྱ་ཆེ་ལ་གཏིང་ཟབ་པ། གནའ་དེང་གི་འཛམ་གླིང་ཤེས་རིག་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཆོས་ལུགས་ཤིག་ཡིན་མོད། ཕྱི་ལོ་དུས་རབས་བཅུ་གསུམ་པར་ རང་གི་བྱུང་ཡུལ་རྒྱ་གར་དུ་ཉམས་པར་གྱུར། དེ་ལ་ཕྱི་ནང་གི་རྒྱུ་རྐྱེན་གང་མང་ཞིག་ཡོད་མོད་འདིར་གཙོ་བོ་དག་བཀོད་ན།
གཅིག །བྲམ་ཟེ་ཆོས་ལུགས་གསར་མའམ་ཧིན་རྡུན་ཆོས་ལུགས་བསྐྱར་དུ་དར་བ།
རྒྱ་གར་བྲམ་ཟེ་ཆོས་ལུགས་ཀྱི་ལོ་རྒྱུས་ནི་ཧ་ཅང་རིང་ཞིང་། དེའི་ཆོས་གཞུང་གཙོ་བོ་ནི་ཕྱི་ལོ་སྔོན་གྱི་ལོ1500ཙམ་ནས་བྱུང་བའི་རིག་བྱེད་ཀྱི་གཞུང་རྣམས་ཡིན་པ་དང་། རིག་བྱེད་རིག་གནས་ནི་རྒྱ་གར་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཡིན། ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པར་བྲམ་ཟེ་ཆོས་ལུགས་ལ་དགེ་སྦྱོང་ཆོས་ལུགས་ཀྱིས་སུན་འབྱིན་དྲག་པོ་མཛད་ཅིང་། སངས་རྒྱས་ཆོས་ལུགས་དང་རྒྱལ་བ་པའི་ཆོས་ལུགས་སོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་བྲམ་ཟེ་ཆོས་ལུགས་ཉམས་དམའ་བར་གྱུར། ཕྱི་ལོ་དུས་རབས་བཞི་བའི་རྗེས་ནས་བྲམ་ཟེ་ཆོས་ལུགས་ཀྱི་མཁས་པ་ཚོས་བྲམ་ཟེ་ཆོས་ལུགས་ལ་ལེགས་བཅོས་དང་དེ་ཅི་ནུས་ཀྱིས་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་མི་མང་གི་འདོད་བློ་དང་བསྟུན་པ་དང་། སྐབས་དེར་མང་ཚོགས་ཀྱིས་དགའ་བསུ་བྱེད་པའི་སངས་རྒྱས་ཆོས་ལུགས་དང་རྒྱལ་བ་བའི་ཆོས་ལུགས་སོགས་ཆོས་ལུགས་གཞན་པའི་ལྟ་དགོངས་ཆོས་སྤྱོད་དག་ཚུར་ལེན་བྱས་པས་བྲམ་ཟེ་ཆོས་ལུགས་བསྐྱར་དུ་དར། གུཔྟའི་རྒྱལ་རབས་ཀྱི་དུས་སུ(ཕྱི་ལོ320ནས550བར)བྲམ་ཟེ་ཆོས་ལུགས་གསར་མའམ་ཧིན་རྡུ་ཆོས་ལུགས་བྱུང་པ་དང་། གུཔྟའི་རྒྱལ་པོ་མང་པོས་དེ་ལ་དད་མོས་བྱས་པས། བྲམ་ཟེ་ཆོས་ལུགས་དེ་རྒྱལ་ཁབ་ཆོས་ལུགས་སུ་གྱུར་ཅིང་མང་ཚོགས་ཁྲོད་དུའང་འཕེལ་རྒྱས་ཆེན་པོ་བྱུང་བ་རེད། ཕྱིས་སུ་གུཔྟའི་རྒྱལ་སྲིད་ཉམས་པ་དང་། མུ་སྟེགས་དབང་ཕྱུག་ལ་དད་པའི་གཽཊ་ཞེས་པའི་རྒྱལ་ཁབ་ཀྱི་རྒྱལ་པོ་ཤཤངྒ་[12]ཟེར་བས་མ་གདྷ་ཧྲིལ་པོར་བཟུང་། བྱང་ཆུབ་ཀྱི་ཤིང་མེ་ལ་བསྲེགས་ཤིང་རྩ་བ་ཕྱུངས། གཙུག་ལག་ཁང་མང་པོ་བསྲེགས། དགེ་སློང་རྣམས་བསད། སྐྱ་གར་བུ་ན་བཞུགས་པའི་སངས་རྒྱས་ཀྱི་ཞབས་རྗེས་བཅག་པ་[13]སོགས་སངས་རྒྱས་ཆོས་ལུགས་ལ་གནོད་སྐྱོན་ཆེན་པོ་བཟོས། དུས་དེ་ཙམ་ན་མུ་སྟེགས་དཔྱོད་པ་བའི་རྟོག་གེ་པ་ཆེན་པོ་མཁས་པ་གཞོན་ནུ་མ་ལེན[14]བྱ་བ་དང་། དེ་རྗེས་ཀྱི་པཱ་ལའི་རྒྱལ་རབས་སྐབས་ཀྱི་བྲམ་ཟེ་མཁས་པ་གྲགས་ཆེན་སངྒ་ཨ་ཙ་ར་བཅས་ཀྱིས་བྲམ་ཟེ་ཆོས་ལུགས་ཀྱི་ཉམས་གསོའི་བྱ་འགུལ་ཆེན་པོ་ཞིག་སྤེལ་ཅིང་། བྲམ་ཟེ་མཁས་པ་དེ་གཉིས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་མང་པོ་བརྩད་ནས་ཕམ་པར་བྱས་པས། ཡུལ་གྲུ་མང་པོའི་རྒྱལ་པོ་དག་གིས་བྲམ་ཟེ་ཆོས་ལུགས་ལས་སངས་རྒྱས་ཆོས་ལུགས་དད་པ་མ་བྱས་པས་སངས་རྒྱས་ཆོས་ལུགས་ལ་ཕམ་ཁ་ཆེན་པོ་ཐེབས་ཤིང་། བྲམ་ཟེ་ཆོས་ལུགས་གསར་མའམ་ཧིན་རྡུ་ཆོས་ལུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་རེད། དེ་དང་མཉམ་དུ་སངས་རྒྱས་ཆོས་ལུགས་ཉམས་རྒུད་དུ་འགྲོ་མགོ་བརྩམས། དེའི་སྐོར་ལ་ཁང་དཀར་ཚང་གིས།“སྦས་པའི་རྒྱལ་རབས་སྐབས་སུ་མི་མང་ལ་རྒྱལ་པོ་ལྷ་ཡིན་པར་དྲིལ་བསྒྲགས་བྱས་ཏེ། གུས་གུས་ཞུམ་ཞུམ་གྱི་སྒོ་ནས་རྒྱལ་པོའི་བཀར་བརྩི་རུ་བཅུག རིགས་མཐོ་དམན་གྱི་དབྱེ་བ་གསལ་པོར་གཏན་འབེབས་བྱས་པ་དང་། བྲམ་ཟེའི་ཆོས་ལུགས་རྒྱལ་ཁབ་ཀྱི་ཆོས་ཡིན་པར་ངོས་འཛིན་བྱས་ཡོད། སྐབས་དེར་ཧིན་དུའི་ཆོས་ལུགས་ཀྱིས་ཀྱང་བྲམ་ཟེའི་ཆོས་ཀྱི་གྲུབ་མཐའ་བླངས་པར་བརྟེན་ཧིན་དུའི་ཆོས་ལུགས་ཀྱི་དགོན་སྡེ་ཡུལ་ཕྱོགས་གང་སར་གསར་དུ་བཞེངས། བྲམ་ཟེའི་ཆོས་ལུགས་རྒྱལ་ཁབ་ཆོས་སུ་ཆགས་པ་དང་ཆབས་ཅིག་ཧིན་དུའི་ཆོས་ལུགས་མི་མང་ནང་དར་རྒྱས་བྱུང་ངོ་། །ཅིག་ཤོས་ནང་པའི་ཆོས་ལུགས་དང་། རྒྱལ་བ་པའམ་གཅེར་བུ་པའི་ཆོས་ལུགས་ནི་མཁས་པའི་བགྱི་བ་སློབ་གཉེར་བྱེད་ཡུལ་ཆ་ནས་དར་རྒྱས་བྱུང་ཡང་མང་ཚོགས་ཀྱི་དད་མོས་བེད་སྤྱད་དེ་འགྲོ་དོན་མ་བྱུང་བས་མང་ཚོགས་ཀྱི་ཁྲོད་དུ་སྟོབས་ཤུགས་མེད་པར་ཆགས་པ་རེད། དུས་ཕྱིས་སུ་རིག་བྱེད་ཀྱི་མཁས་པ་བདེ་བྱེད(Šankara,700--750)དང་། དཔྱོད་པ་བའི་མཁས་པ་གཞོན་ནུ་མ་ལེན(Kumarila,650--700)གཉིས་བྱོན་ཏེ་ནང་པ་ལ་རིགས་པའི་ལམ་སྲོལ་དང་མཐུན་པའི་དགག་པ་བརྒྱབ་པ་སོགས་ནི་ཡོངས་གྲགས་དང་། མཁས་པ་འདི་གཉིས་བྲམ་ཟེའི་མཚན་ཉིད་རིག་པ་ལ་མཁས་པ་ཙམ་མིན་པར་ཧིན་དུའི་ཆོས་ལུགས་ཀྱི་ལམ་ཉམས་བཞེས་གནང་མཁན་གྱི་རྣལ་འབྱོར་པ་ཞིག་ཀྱང་རེད།”[15]ཅེས་གསུངས་པ་དང་། དགེ་འདུན་ཆོས་འཕེལ་གྱིས། “རྒྱལ་རྒྱུད་དེ་དག་གི་སྐབས་ཤིག་ན་མུ་སྟེགས་ཀྱི་མཁས་པ་སངྒ་ཨཙརྱ་བྱ་བ་བྱུང་། མིང་དངོས་ནི་ཤྔྐརཱ་ཅརྱ་སྟེ་དབང་ཕྱུག་གི་སློབ་དཔོན་བྱ་བ་ཡིན། ལྷོ་ཕྱོགས་ཀྱི་མ་ལ་ཝའི་ཡུལ་དུ་བྲམ་ཟེ་རིགས་སུ་སྐྱེས། ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་བཀུར་ཏེ། རིག་བྱེད་ཉེར་གུས་ཀྱི་ལུང་དང་བསྲེས་ནས་བཤད། ཐ་ན་མུ་སྟེགས་ཀྱི་མཁས་པ་དག་ཀྱང་འདི་ལ་སྦས་པའི་སངས་རྒྱས་པར་འབོད། དེ་ཡང་ཨདྭི་ཏེ་གཉིས་མེད་ཀྱི་ལྟ་བ་དག་བསྟན། བདག་གམ་ཚངས་པ་ནི་བརྗོད་མེད་ཀྱི་དབྱིངས་ཡིན་ཞིང་། སྣང་བ་འདི་དག་ནི་དེའི་སྒྱུ་མ་ཙམ་ཡིན་ཞེས་བཤད། རྒྱ་གར་གྱི་ཡུལ་གྲུ་ཀུན་ཏུ་མྱུལ་ཏེ་སངས་རྒྱས་པ་རྣམས་ཚར་བཅད་ཅིང་། མ་ཐ་ཞེས་བྱ་བའི་ཆོས་སྡེ་དག་བཙུགས་པའི་རྗེས་འབྲངས་རྣམས་མ་ལ་ཡ་དང་། ཀལིངྐ་། ཁ་ཆེ་ཡུལ་ལ་སོགས་པ་ཀུན་ཏུ་ཁྱབ། དུས་ཕྱིས་ཀྱི་མུ་སྟེགས་ཀྱི་མཁས་པ་ལ་ཁོང་ལས་གྲགས་ཆེ་བ་མེད།”[16]ཅེས་པ་དང་། སངས་རྒྱས་པའི་མཁས་དབང་ཆེན་པོ་ཕྱི་རོལ་པའི་ཁ་གཏད་གཅོག་ནུས་མཁན་དཀོན་དུ་ཕྱིན་པས་གོ་སྐབས་དེ་བླངས་ནས་ཕྱི་རོལ་བྲམ་ཟེའི་མཁས་པ་ཚོས་རང་ཉིད་ཀྱི་ཆོས་ལ་ལེགས་བཅོས་དང་ནང་པའི་ཆོས་ལུགས་དེ་བྲམ་ཟེའི་ཆོས་ལུགས་སུ་བསྡུ་བསྲེ་གང་ཐུབ་བྱས་པས་མཐར་སངས་རྒྱས་ཆོས་ལུགས་ཉམས་དམས་སུ་གྱུར་པར་ཡང་བཤད་དོ།།
གཉིས། མུ་སི་ལིམ་དམག་དཔུང་གིས་བཙན་འཛུལ་དང་གཏོར་བཅོམ་སོགས་ཀྱི་གདུག་སྤྱོད་སྤེལ་བ།
མུ་ཧ་མད་ཏི(570-632)ཡིས་ཕྱི་ལོ་དུས་རབས་བདུན་པའི་དུས་མགོར་དབྱི་སི་ལན་ཆོས་ལུགས་ཀྱི་སྲོལ་ཕྱེ་བ་དང་། མུ་སི་ལིམ་གྱི་དམག་དཔུང་རྩ་འཛུགས་བྱས་ནས་ཨ་རབ་ཕྱེད་གླིང་ཕལ་ཆེར་གཅིག་གྱུར་བྱས། ཕྱིས་སུ་དེའི་རྒྱུད་འཛིན་པ་རྣམས་ཀྱིས་དྲག་པོའི་ལས་ལ་བརྟེན་ནས་དབྱི་སི་ལན་ཆོས་ལུགས་སྤེལ། དུས་རབས་བརྒྱད་པར་ཨ་རབ་བཙན་རྒྱལ་གྱི་མངའ་ཁོངས་ཨེ་ཤ་ཡ་དབུས་མར་རྒྱ་བསྐྱེད་ཅིང་རྒྱ་གར་ལའང་བཙན་འཛུལ་བྱས། ཕྱི་ལོ712ལོར་རྒྱ་གར་གྱི་སིནྡྷུ་ས་ཁུལ་སོགས་བཙན་བཟུང་བྱས་ཤིང་སངས་རྒྱས་ཆོས་ལུགས་ལ་གཏོར་བརླག་ཆེན་པོ་བཟོས། སྔ་གཞུག་ཏུ་ཨེ་ཤ་ཡ་དབུས་མའི་སངས་རྒྱས་ཆོས་ལུགས་ཀྱི་རྒྱལ་ཁབ་དང་འབྲོག་སྡེ་མང་པོ་དབྱི་སི་ལན་ཆོས་ལུགས་སུ་ཞུགས། དབྱི་སི་ལན་ཆོས་ལུགས་རྒྱ་གར་དུ་རྒྱ་ཆེར་སྤེལ་མཁན་ནི་དབྱི་སི་ལན་ཆོས་ལུགས་ལ་ཞུགས་པའི་ཏུ་རུ་ཀ་རྣམས་ཡིན། ཕྱི་ལོ་དུས་རབས་བཅུ་བའི་དུས་དཀྱིལ་སྟེ་ཕལ་ཆེར་ཕྱི་ལོ962ལོར། ས་མ་ནི་རྒྱལ་རབས་[17]ཀྱི་རྒྱལ་པོའི་ཏུ་རུ་ཀའི་འཁོལ་པོ་ཨཝཏེཇིན་[18]བྱ་བས་གྷཟནིའི་[19]ཡུལ་དུ་རྒྱལ་སྲིད་ཆུང་ངུ་ཞིག་བཙུགས་པ་དང་། དེའི་རྒྱལ་པོ་རྣམས་ཀྱིས་རྒྱ་གར་དུ་དམག་འདྲེན་པར་མཐོང་ཆེན་བྱས། དེ་ལས་གྲགས་ཆེ་བ་ནི་ཕྱི་ལོ998ལོར་ཁྲིར་བཞུགས་པའི་མ་ཧམ་མད་[20]ཟེར་བ་དེ་ཡིན། མ་ཧམ་མད་ཀྱིས་ལོ་རེ་བཞིན་སིནྡྷུའི་ཕྱོགས་སུ་དམག་དྲངས་པ་དང་། ལྷ་ཁང་རྣམས་བཅོམ་སྟེ་ནོར་མང་པོ་ཐོབ། ཕྱི་ལོ1001ལོ་ནས1026ལོའི་བར་རྒྱ་གར་དུ་དམག་ལན་བཅུ་བདུན་དྲངས་པ་དང་། གཏོར་བརླག་ཆེན་པོ་བཟོས་ཤིང་རྒྱུ་ནོར་མང་པོ་བཙན་གྱིས་འཕྲོག ས་གཞི་ཁྲག་གིས་ཁྱབ་པར་བྱས། ཕྱི་ནང་གི་ལྷ་ཁང་རྣམས་བཅོམ། ཕྱི་ལོ1019ལོར་ཀནྱཀུཔྫ་[21]བཅོམ་ནས་ཝ་ར་ཎ་སིའི་བར་དབང་དུ་བཅུག དེ་ལྟར་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་གཏོར་ཅིང་གྲྭ་བཙུན་རྣམས་བསད། ས་ཆ་སོ་སོའི་སངས་རྒྱས་ཆོས་ལུགས་པ་མང་པོ་དབྱི་སི་ལེན་ཆོས་ལུགས་སུ་བཅུག མ་ཧམ་མད་ཤི་བའི་རྗེས་སུ་གྷོ་རིའམ་གཽརཱི་[22]ཞེས་པའི་མུ་སི་ལིམ་གྱི་རྒྱལ་ཁབ་དེ་སྟོབས་དང་ལྡན་པར་གྱུར་ཏེ། ཆུ་བོ་ཡ་མུ་ན་དང་གང་གཱའི་བཞུར་བརྒྱུད་དུ་མངའ་ཁོངས་རྒྱ་བསྐྱེད། ཕྱི་ལོ1191ལོར་ལྡི་ལིའི་རྒྱལ་པོ་སྲིཐིབིརཛ་[23]བྱ་བས་ཏརཱཨིན་[24]ཞེས་པའི་ཡུལ་དུ་གྷོ་རིའི་རྒྱལ་པོ་མུ་ཧ་མད་ཏི་[25]གཡུལ་ལས་ཕམ་པར་བྱས་མོད། ཕྱི་ལོ1192ལོར་གྷོ་རིའི་རྒྱལ་པོ་མུ་ཧ་མད་ཏི་ཡིས་སྲིཐིབིརཛ་ཕྱིར་ཕམ་པར་བྱས། དེ་ནས་གྷོ་རིའི་རྒྱལ་པོ་མུ་ཧ་མད་ཏི་ཡིས་རྒྱ་གར་གྱི་བྱང་ཕྱོགས་སུ་མུ་མཐུད་དུ་བཙན་རྒོལ་བྱས་ཏེ་མུའུ་སི་ལིན་གྱི་དབང་འོག་ཏུ་བཅུག སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་སྟོང་ལྷག་བཅོམ་པ་དང་དེ་དག་གི་ཤུལ་དུ་དབྱི་སི་ལིན་གྱི་ཕྱག་ཁང་བཟོས་པར་བཤད། གྷོ་རིའི་དམག་དཔོན་ཡེ་ཧུ་དི་ཡ་ཨར-ཝི་དན-དིན·མུ་ཧ་མད་ཏི་[26]ཟེར་བས་མ་ག་དྷ་དང་བྷངྒ་ལའི་ནུབ་ཕྱོགས་བཅས་དབང་དུ་བསྡུས། ཕྱི་ལོ་དུས་རབས་བཅུ་གཉིས་པའི་མཇུག་ཏུ་ཨོཏནྟ་པུ་རིའི་གཙུག་ལག་ཁང་དང་ནཱ་ལེནྡྲ་བཅོམ། དགེ་སློང་རྣམས་བསད། སྐུ་འདྲ་རྣམས་བཅག གཙུག་ལག་ཁང་དང་གླེགས་བམ་རྣམས་མེར་བསྲེགས། གསེར་དངུལ་ནོར་ཟོག་རྣམས་ཁྱེར། ཕྱི་ལོ1203ལོར་གསང་སྔགས་ཀྱི་གདན་ས་དཔལ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་བཅོམ། དགེ་འདུན་ཕལ་མོ་ཆེ་བཀྲོང་། འགའ་ཤས་བོད་དང་བལ་བོ། རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་སྐྱབས་བཅོལ་དུ་ཕེབས་པ་རེད། དེ་ནི་དེང་རབས་ཀྱི་ཞིབ་འཇུག་པ་ཚོས་རྒྱ་གར་ཡུལ་དབུས་སུ་སངས་རྒྱས་ཆོས་ལུགས་ནུབ་པའི་རྟགས་མཚན་དུ་བྱེད་པ་ཡིན།
འོ་ན་མུ་སི་ལིམ་གྱི་དམག་དཔུང་གིས་སྐབས་དེའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་གཅེར་བུ་བ། ཧིན་རྡུའི་ཆོས་ལུགས་ཚང་མར་གཏོར་བཅོམ་སོགས་ཀྱི་གདུག་སྤྱོད་སྤེལ་མོད་སངས་རྒྱས་ཆོས་ལུགས་ལས་ཆོས་ལུགས་གཞན་པ་རྩ་མེད་དུ་གཏོང་མ་ཐུབ་པ་ལ། ཁང་དཀར་ཚང་གིས།“སྐབས་དེའི་ནང་ཆོས་ནི་གཙོ་བོར་རབ་བྱུང་རྣམས་ཀྱིས་འཛིན་སྐྱོང་དང་འཆད་སྤེལ་གནང་གཤིས། དེ་དག་གི་གནས་གཞིས་དགོན་སྡེ་དག་རྩ་གཏོར་བཏང་ན་ནང་ཆོས་གནས་སའི་ཐབས་ཚུལ་མེད་པ་དང་གཅིག གཉིས་དོན་ནང་པའི་ཆོས་སྡེ་ན་ལེནྡཱ་དང་། ཝི་ཀྲ་མ་ཤི་ལ་སོགས་ནི་ཧ་ཅང་གཞི་རྒྱ་ཆེ་ལ་བཀོད་པ་མཛེས་ཤིང་ཕྱི་རོལ་རྣམས་སོ་ཕག་གི་ལྕགས་རིས་ཁོར་ཡུག་ཏུ་བསྐོར་བ་ཕྱི་རོལ་ནས་མཇལ་ཚེ་རྒྱལ་པོའི་ཕོ་བྲང་ལྟ་བུའི་ཉམས་ཡོད་པ་དང་། དགེ་འདུན་རྣམས་ཀྱང་འདུལ་གཞུང་ནས་བཤད་པ་ལྟར་ཚད་གཞི་གཅིག་གྱུར་གྱི་ན་བཟའ་སེར་པོས་ཀླུབས་ཤིང་། བསོད་སྙོམས་ཕེབས་སྐབས་ཀྱང་སྤྱོད་ལམ་སྒྲིག་ཚུལ་ཅན་གྱི་སེར་བང་བསྒྲིགས་ནས་གཤེགས་ཀྱིན་ཡོད་པར་བརྟེན་བཙན་འཛུལ་ཁ་ཆེའི་ཆོས་པས་ཀྱང་དགྲ་ཡི་གཙོ་བོར་འཛིན་པར་མངོན། ཅིག་ཤོས་ཧིན་དུའི་ཆོས་ནི་ཁྱིམ་པས་འཛིན་སྐྱོང་འཆད་སྤེལ་བྱེད་ལ། གནས་གཞི་ལྷ་ཁང་ཆུང་ཆུང་ཙམ་ལས་དགོན་པ་ཆེན་པོའི་སྒྲིག་ཚུགས་མེད་པར་མི་དམངས་ཀྱི་ཁྲོད་དུ་ཆུ་དང་འོ་མ་ལྟར་འདྲེས་ནས་གནས་ཡོད་པར་བརྟེན་ཧིན་དུའི་ཆོས་རྩ་མེད་དུ་གཏོང་བ་ལ་མི་མང་རྩ་མེད་དུ་གཏོང་རྒྱུ་ལས་གཞན་པའི་ཐབས་ཚུལ་མེད་པའི་དབང་གིས་ཁ་ཆེའི་ཆོས་པས་ཧིན་དུའི་ཆོས་རྩ་མེད་གཏོང་མ་ཐུབ་པ་རེད།”[27]ཅེས་དང་། མཁས་པ་གཞན་པས་ཀྱང་རིག་བྱེད་བྲམ་ཟེའི་ཆོས་ནི་ཁྱིམ་རེ་རེ་བཞིན་དུ་སློབ་དཔོན་རེ་རེས་བསྐྱངས་ཡོད་ཅིང་སློབ་དཔོན་དེས་རང་གི་བུའམ་སློབ་མ་རེ་གཉིས་ལ་ཆོས་རྒྱུན་སྤྲད་ནས་བསྡད་ཡོད་པ་ལས་དགོན་སྡེའམ་གཙུག་ལག་སློབ་ཁང་ཆེན་མོའི་འཛུགས་སྐྲུན་ནང་དུ་གནས་མེད་པས་། ཁ་ཆེ་ཡིས་རྩ་མེད་དུ་བཏང་མ་ཐུབ། སངས་རྒྱས་པ་རྣམས་ནི་དགོན་སྡེའམ་གཙུག་ལག་སློབ་ཁང་ཆེན་མོའི་འཛུགས་སྐྲུན་དང་ལྡན་པར་གནས་ཡོད་པས། ས་གནས་གཅིག་རང་དུ་དཔེ་མཛོད་ཁང་བསྲེགས་པ་དང་དགོན་སྡེ་སོགས་གཏོར་བས་ཆོས་ཀྱི་གཞི་རྩ་ལས་སླ་པོར་མེད་པར་གྱུར་པ་རེད་ཅེས་གསུངས་སོ། །
གསུམ། སངས་རྒྱས་ཆོས་ལུགས་རང་སྟེང་གི་རྒྱུ་རྐྱེན།
རྒྱ་གར་སངས་རྒྱས་ཆོས་ལུགས་ཉམས་པར་གྱུར་པ་ལ་ཆོས་ལུགས་རང་སྟེང་ནའང་གནད་དོན་དུ་མ་ཡོད་དེ།
གཅིག་ནི་མཐུན་སྒྲིལ་གཅིག་གྱུར་དུ་གནས་མ་ཐུབ་པ། རྒྱལ་པོ་མྱ་ངན་མེད་ཀྱིས་སངས་རྒྱས་ཆོས་ལུགས་རྒྱལ་ཁབ་ཆོས་ལུགས་སུ་བྱས་ཤིང་། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་རྒྱབ་སྐྱོར་ཆེན་པོ་མཛད་པས་དེ་ལ་དར་རྒྱས་ཆེན་པོ་བྱུང་མོད། ནང་གསེས་སྡེ་བ་མང་པོར་གྱེས་པ་དང་། ཕྱིས་སུ་ཡང་ཐེག་ཆེན་ཐེག་དམན་གྱི་དབྱེ་བ་བྱུང་། དེ་གཉིས་ལའང་ནང་གསེས་གྲུབ་མཐའ་དང་སྡེ་བ་བྱུང་བ་སོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དུ་གནས་མ་ཐུབ་བོ། །
གཉིས་ནི་རང་ཚུགས་མ་ཐུབ་པར་ཧིན་རྡུ་ཆོས་ལུགས་དང་ཁྱད་མེད་པར་གྱུར་པ། རྒྱལ་པོ་ཀནིཥྐའི་སྐབས་སུ་ཐེག་ཆེན་གྱི་ཆོས་བྱུང་སྟེ་རིག་བྱེད་ཀྱི་ཆོས་ལུགས་སུ་དཀོན་མཆོག་ལ་མཆོད་པ་ལྟར་སངས་རྒྱས་ཀྱི་སྐུ་འདྲ་སོགས་ལ་མཆོད་པ་བྱེད་པའི་སྲོལ་བྱུང་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོ་ག་ཆོས་སྤྱོད་མང་པོ་ཞིག་ཧིན་རྡུ་ཆོས་ལུགས་དང་ཁྱད་མི་ཆེ་པ་དང་ཧིན་རྡི་ཆོས་ལུགས་ཀྱི་མཁས་པ་ཚོས་སངས་རྒྱས་ཆོས་ལུགས་དེ་རང་གི་ཁོངས་སུ་བསྡུ་ཆེད་དང་དེའི་དད་འབངས་འཕྲོག་ཕྱིར་སངས་རྒྱས་ཤཱཀྱ་ཐུབ་པ་ནི་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་གཙོ་བོ་ཁྱབ་འཇུག་གི་སྤྲུལ་བ་སྟེ། འཇུག་པ་བཅུ་ལས་དགུ་བ་ཡིན་པར་བྱས་ནས་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་ཚོགས་སུ་བཅུག་པ་[28]སོགས་ཀྱིས་སངས་རྒྱས་ཆོས་ལུགས་རང་རྐྱ་ཐུབ་པར་གནས་མ་ཐུབ་པར་ཧིན་རྡུ་ཆོས་ལུགས་ལ་འདྲེས་པའམ་དེའི་ནང་གསེས་ལྟ་བུ་ཞིག་ཏུ་གྱུར་པ་དང་། དབྱི་སི་ལེན་ཆོས་ལུགས་ཀྱི་བཙན་འཛུལ་བྱས་རྗེས། དེ་ལ་ཐུན་མོང་གིས་འགོག་རྒོལ་བྱེད་དགོས་ཟེར་ནས་བརྒྱ་བྱིན་པ་དང་དབང་ཕྱུག་སོགས་ཧིན་རྡུའི་ཆོས་ལུགས་ལ་མཉམ་འབྲེལ་བྱས་པ་དང་། སྔགས་ཀྱི་སྐོར་རྣམས་ཀྱང་ཕལ་མོ་ཆེ་ཞིག་མུ་སྟེགས་པ་སྟེ་ཧིན་རྡུའི་ཆོས་ལུགས་དང་འདྲེས་པར་གྱུར་པར་བཤད་དོ། །
གསུམ་ནི་མང་ཚོགས་དང་བར་ཐག་རིང་པར་གྱུར་པ། རྒྱ་གར་སངས་རྒྱས་ཆོས་ལུགས་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་མང་ཚོགས་ཀྱིས་དད་མོས་ཆེན་པོ་ཐོབ་པ་ལ་བརྟེན་ནས་དགོན་སྡེ་མང་པོས་ས་ཞིང་སོགས་རྒྱུ་ནོར་འབོར་ཆེན་བསགས་པ་དང་། གྲྭ་པ་ཚོས་ཚོང་བརྒྱག་པ་དང་སྐྱེད་མཐོའི་དངུལ་བུན་གཏོང་བ་སོགས་ཀྱིས་མཐོ་རིམ་གྲྭ་བཙུན་གྱི་འཚོ་བ་རྒྱས་སྤྲོས་བག་མེད་རུལ་སུངས་སུ་གྱུར། རྒྱ་གར་ཡུལ་ཆོས་སམ་སྲོལ་རྒྱུན་དུ་གྱུར་པའི་རིགས་བཞིའི་དབྱེ་བ་ཡང་ཁས་ལེན་དགོས་བྱུང་བས་རིགས་ངན་པ་རྣམས་དགེ་འདུན་གྱི་སྡེར་ཞུགས་སུ་མི་འཇུག་པ། མང་ཚོགས་ཁྲོད་རྒྱ་ཆེར་བཀོལ་བ་མ་ཡིན་པའི་ལེགས་སྦྱར་སྐད་ཀྱིས་ཆོས་བཤད་པ་དང་བསྟན་བཅོས་བརྩམས་པ། དགོན་སྡེ་ཆེན་པོ་ནཱ་ལེནྡྲ། ཨོ་ཏནྡ་པུརི་གཙུག་ལག་ཁང་། དཔལ་བི་ཀྲ་མ་ཤྲི་ལ་སོགས་སུ་གཞུང་དང་མཚན་ཉིད་རིག་པ་སོགས་སློབ་གཉེར་བྱེད་ཡུལ་ཆ་ནས་སངས་རྒྱས་ཆོས་ལུགས་ལ་དར་རྒྱས་བྱུང་ཡང་མང་ཚོགས་ཁྲོད་རྨང་གཞི་བརྟན་པོ་མེད་པར་གྱུར་པ། གསང་སྔགས་ཀྱི་ཆོས་ནི་སྣོད་མིན་ལ་གསང་བ་དམ་པོས་བྱེད་དགོས་སོགས་ཀྱིས་སངས་རྒྱས་ཆོས་ལུགས་ནི་མང་ཚོགས་ཕལ་བ་དང་བར་ཐག་རིང་བར་གྱུར་པ་རེད།
བཞི་ནི་དབང་འཛིན་པས་རྒྱབ་སྐྱོར་མ་ཐོབ་པ། རྒྱ་གར་སངས་རྒྱས་ཆོས་ལུགས་ལ་དབང་འཛིན་པས་རྒྱབ་སྐྱོར་མ་ཐོབ་པ་ལ་རྒྱུ་མཚན་དུ་མ་ཡོད་དེ། གཅིག་ནི་སངས་རྒྱས་ཆོས་ལུགས་ཀྱིས་རང་གི་ལྟ་བ་ལ་ལར་དུས་ཀྱི་འགྱུར་བ་དང་མཐུན་པའི་འགྲེལ་བཤད་གསར་བ་བྱེད་མ་ཐུབ་པ། ཕྱི་ལོ་དུས་རབས་ལྔ་བའི་རྗེས་སུ་གུཔྟའི་རྒྱལ་རབས་ཐོར་ནས་རྒྱལ་ཕྲན་མང་པོ་བྱུང་ལ། རྒྱལ་ཕྲན་བར་དུ་ཕན་ཚུན་མངའ་འོག་ཏུ་འཇུག་པའི་དམག་འཁྲུག་རྒྱུན་དུ་བྱེད་དགོས་པས་དྲག་པོ་དམག་གི་ལས་ལ་དོ་སྣང་བྱེད་དགོས་པ་བྱུང་བ་དང་། ལྷག་པར་དུ་རཱ་ཇ་པཱུ་ཏའི་དུས་སྐབས་[29]སུ་རྒྱ་གར་དུ་རྒྱལ་ཕྲན་རང་དབང་རང་བཙན་པ་མང་པོ་བྱུང་བར་མ་ཟད་རྒྱལ་པོ་ཕལ་ཆེར་རཱ་ཇ་པཱུ་ཏའི་རིག
-
0
འཕྲིན་སྟེགས། weikangba