[ནང་དོན་གནད་བསྡུས།]རྩོམ་ཡིག་འདིར་ཁྱུང་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ལ་དབྱེ་ཞིབ་བྱས་ཐོག དེའི་མཚོན་དོན་དང་། གཟུགས་རིས་ཀྱི་གྲུབ་སྟངས་སོགས་ལ་དབྱེ་ཞིབ་བྱས་ནས། ཐོག་མའི་ཁྱུང་ནི་འདོད་རྒྱལ་གྱི་ཐ་སྙད་ཅིག་ནས་རིམ་གྱིས་ཤེས་རིག་གི་གོ་དོན་སྣ་ཚོགས་ཡོད་པའི་ཐ་སྙད་ཅིག་ཏུ་ཆགས་པ་དང་། དེ་ལས་དམ་པ་ཁྱུང་གི་རིགས་རུས་འདི་འཕེལ་བ་མ་ཟད། ས་མིང་དང་མི་མིང་སོགས་མང་དུ་ཆགས་ཡོད་པ། དེའི་འབྱུང་ཡུལ་ཕྱྭ་ནས་དབྲ་ལ་ཆགས་ཏེ་བྱུང་བ་དང་། ཁྱུང་གི་ཐ་སྙད་ནི་དུས་རབས་བདུན་པའི་ཡར་སྔོན་ནས་ཞང་བོད་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད་པ་དང་། ཁྱུང་གི་རིགས་རུས་ནི་དུས་རབས་བཅུ་པ་ཡས་མས་ནས་དར་ཁྱབ་ཆེན་པོ་བྱུང་བ་བཅས་ཀྱི་སྐོར་བསྟན་ཡོད།
[བརྡ་ཆད་གཙོ་བོ།] ཁྱུང་། རིགས་རུས། ལྷ་སྒྲུང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0026-22
གཅིག ཁྱུང་ཞེས་པའི་ཐ་སྙད་ཀྱི་འབྱུང་ཡུལ་འཚོལ་བ།
ཁྱུང་ཞེས་པའི་ཐ་སྙད་འདི་ཡང་སྙིང་གང་ཞིག་ནས་མཆེད་པའི་སྐོར་ལ་ད་ཡོད་དཔྱད་འབྲས་གསལ་བོ་ཅི་ཡང་མ་རྙེད་ན་ཡང་། གཅིག་བྱས་ན་ཐ་སྙད་འདི་ནི་ཆེས་གདོད་མའི་བྱ་དངོས་གང་རུང་ཞིག་ལ་འཇུག་པའི་འདོད་རྒྱལ་གྱི་མིང་ཞིག་ཏུ་འགྲུབ་སྲིད་ལ། དེ་ལ་འགྲེལ་བ་རྒྱག་རྒྱུ་ནི་ངལ་བའི་ལས་སུ་འགྱུར་ཉེན་ཡོད་པ་མ་ཟད། རང་བཞིན་ཉིད་ཀྱི་ངོ་བོར་གྲུབ་པའི་རིག་གནས་ཀྱི་སྣང་ཚུལ་འདི་ལ་གོ་བ་ལོག་འགྲེལ་དུ་འགྲོ་བའི་ཉེན་ཁ་ཚབ་ཆེན་གྱི་སེམས་ཁྲེལ་ཡང་ཤིན་ཏུ་ཆེ། འོན་ཀྱང་། ཁྱུང་ཞེས་པའི་ཐ་སྙད་འདིས་དུས་རིམ་མི་འདྲ་བའི་ནང་མཚོན་དོན་སྣ་ཚོགས་པའི་རིག་གནས་ཀྱི་སྣང་ཚུལ་སྟོན་བཞིན་པ་ཇེ་གསལ་དུ་འོངས་ལ།སྐབས་སྐབས་སུ་སྲོག་ཆགས་ཤིག་གི་ངོ་བོར་ཐིམས་ཡོད་པ་དང་། སྐབས་སྐབས་སུ་དཔའ་རྒོད་གང་རུང་ཞིག་གི་དཔུང་སྣོན་དང་། དཔའ་རྟགས་སུ་གཟེངས་བསྟོད་བྱེད་པའི་མཚོན་བྱེད་དུ་གོ་ལ། དེ་བཞིན་སྐབས་སྐབས་སུ་ནད་མུག་འཁྲུག་རྩོད་སོགས་ཀྱི་མགོ་གནོན་དུ་གྱུར་བའི་ཡ་མེད་ཀྱི་མཐུ་དབང་འཛིན་པའི་“ལྷ”གང་རུང་ཞིག་ཏུ་ཡང་གོ་བ་མ་ཟད། རྒྱན་ཚིག་གི་མཚོན་དོན་ལྡན་པའི་ཐ་སྙད་མཚོན་སྟོབས་དང་ལྡན་པ་ཞིག་ཏུ་གྲུབ་ཡོད་ལ། དེ་ལས་བརྒྱུད་དེ་རྗེས་གྲུབ་ཀྱི་གོ་དོན་མང་པོ་ཞིག་འབྱུང་བཞིན་པ་འདི་ཡང་བོད་ཀྱི་ཤེས་རིག་གི་ཉམས་ཞིབ་པ་ཞིག་དང་ལྷག་པར་དུ་ཐ་སྙད་ལ་སེམས་ཁུར་ཆེན་པོ་བྱེད་མཁན་ཞིག་ལ་མཚོན་ན་དེ་བཞིན་དུ་བཞག་པས་ཕངས་སེམས་ཆེན་པོ་སྐྱེ་བའི་གནས་སུ་འཁུམས།

བོན་གྱི་ལོ་རྒྱུས་སྨྲ་བ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་《ཁྱུང་པོའི་རྒྱལ་རབས་ལོ་རྒྱུས་》①དང་། སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་《ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ་》དེ་བཞིན་《ཁྱུང་པོའི་གདུང་རབས་མ་ཡིག་གཡུ་མགོ་མ་》སོགས་ལས་ཁྱུང་ཞེས་པ་ནི་ཞུང་ཞེས་པའི་ཞང་ཞུང་གི་བརྡ་སྐད་དེའི་བོད་འགྱུར་གྱི་དོན་ལ་གོ་བར་བྱས་ཏེ། ཞང་ཞུང་སྐད་དུ་ཞུང་ཞག་ཅེས་བྱ་བ་བོད་སྐད་དུ་ཁྱུང་པོ་ཞེས་བྱ་བ་རུ་གྲགས་སོ་②ཞེས་ཁྱུང་ཞེས་པ་བོད་སྐད་ཡིན་པ་དང་།དེའི་ཞང་སྐད་དུ་ཞུང་ཞག་ཟེར་བར་བསྟན་ཡོད། དེ་བཞིན་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་ཚང་གིས་ཀྱང་“ཞང་ཞུང་ཞེས་པའི་མིང་འདི་ཡང་ཞང་ཞུང་གི་སྐད་དུ་ཁྱུང་གི་ལུང་པའམ་ཁྱུང་པོའི་ལུང་པ་ཞེས་སུ་བརྗོད་པ་ཡིན་པར་བཤད་”③ཅེས་གསུང་འདུག་ལ། དེ་དང་འབྲེལ་ནས་རྒན་ཚེ་རིང་ཐར་ལགས་ཀྱིས་《གནའ་རབས་ཞང་ཞུང་གི་ཤེས་རིག་ལ་སླར་དཔྱད་པ་》④ཞེས་པའི་དཔྱད་རྩོམ་ལས་“ཞང་ཞུང་ཞེས་པ་ནི་གནའ་རབས་ཞང་ཞུང་སྐད་ཀྱི་བརྡ་ཆད་རྙིང་བ་ཞིག་སྟེ། ཞང་ཞེས་པ་ནི་ས་གནས་སམ་ཡུལ་ལུང་ཞིག་གི་མིང་ཡིན་སྲིད་པ་དང་། ཞུང་ཞེས་པ་ནི་ཞུང་ཞག་ཅེས་པའི་བསྡུས་ཚིག་སྟེ། གནའ་རབས་ཞང་ཞུང་གི་ཡུལ་སྡེ་ཞིག་གི་མིང་ཡིན་པ་ལ། ཞང་ཞུང་ཞེས་པའི་དོན་ནི་ཞུང་ཞག་གི་མི་སྡེའམ་ཞུང་ཞག་གི་ཡུལ་ལུང་ཞེས་པའི་དོན་དུ་གོ་བ་དང་། དེ་བོད་སྐད་དུ་ཁྱུང་ལུང་ཞེས་པའི་དོན་དུ་འཇུག་”པར་གསུངས་པ་སོགས་ལས་ཁྱུང་ཞེས་པ་འདི་བོད་སྐད་ཡིན་པར་བསྟན་ཡོད་པ་དང་། དེ་བཞིན་ཞུང་ཞེས་པ་ཞང་ཞུང་སྐད་ལས་ཁྱུང་གི་དོན་ཡིན་པ་གསལ་བོར་བསྟན། དེ་ལྟར་ཡིན་པས་ཁྱུང་པོ་དང་ཁྱུང་ལུང་དངུལ་མཁར། ཁྱུང་འཕགས་ཁྲ་བོ་སོགས་འབྱུང་ཁུངས་སྟོན་པའི་ཐ་སྙད་ཆགས་པ་སྟེ། ཁྱུང་གི་ཡུལ་ནས་བརྒྱུད་པའི་མི་རྒྱུད་ཡིན་པས་ཁྱུང་པོ་དང་། ཁྱུང་གི་ལུང་པ་ན་ཡོད་པའི་བླ་མཁར་ཡིན་པས་ན་ཁྱུང་ལུང་དངུལ་མཁར། ཁྱུང་གི་རིགས་རུས་སམ་ཁྱུང་གི་ལུང་པ་ནས་ཆད་པས་ན་ཁྱུང་འཕགས་ཁྲ་བོ་སོགས་སུ་ཐོགས་འདུག དེ་ལྟར་བྱས་པས་ཞུང་ནི་ཁྱུང་དང་། ཞང་ཞུང་ནི་ཁྱུང་ལུང་གི་དོན་ལ་ཐད་གཏུག་བྱས་ཆོག་པ་འདྲ་ཞིག་ཆགས་ན་ཡང་། ལོ་རྒྱུས་སྟེང་ཁྱུང་ལུང་ཞེས་པ་རིགས་རུས་གཅིག་གིས་བཟུང་པའི་ཡུལ་ལུང་ཆུང་ཆུང་ཞིག་གི་མིང་དུ་ཆགས་ཡོད་པ་དང་།ཞང་ཞུང་ཞེས་པ་ནི་སྲིད་ཀྱི་སྟོབས་ཤུགས་གཅིག་གམ། རིག་གནས་ཀྱི་སྣང་ཚུལ་གང་རུང་ཞིག་གིས་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པའི་རྒྱལ་ཁམས་ཤིག་གི་དོན་ལ་འཕོ་འགྱུར་བྱུང་ཡོད་པ་ཡིག་གཞུང་རྙིང་པ་རྣམས་ལ་འདེད་ཀློག་བྱས་པས་ཧ་གོ་ཐུབ། དེ་ལྟར་བྱས་པས་གོང་གི་མཁས་དབང་རྣམ་བའི་དགོངས་པ་དང་རྩ་བ་ནས་འགལ་བ་མ་ཡིན་ནོ།།
ཡང་ཁྱུང་ཞེས་པའི་ཐ་སྙད་དེའི་མཆེད་ཁུངས་བྱ་རྒྱལ་ཁྱུང་ལ་འདེད་བཞིན་པ་དེས་ཐོག་མའི་ཞང་ཞུང་བ་རྣམས་ཀྱིས་ཁྱུང་ལ་དད་མོས་སམ། དེ་ཡིས་ཞང་ཞུང་གི་སྲིད་འབྱོར་རིག་གསུམ་གྱི་སྟོབས་ཤུགས་མཚོན་བཞིན་པ་གསལ་བོར་བསྟན་ལ། ཐ་ན་སྔ་རབས་ཞང་ཞུང་པ་རྣམས་ཀྱིས་རང་གི་ཡབ་མེས་ཚོའི་མཆེད་ཁུངས་ཀྱང་བྱ་ཡི་རིགས་སུ་གྱུར་བའི་སྟོབས་ལྡན་སྲོག་ཆགས་འདི་ཡིན་པར་འདོད་པའི་ཤིན་ཏུ་ཐལ་ཆེ་བའི་དད་པ་དང་ཞེན་ཆགས་ཀྱི་འདུ་ཤེས་དེ་མཚོན་པར་བྱས་ཡོད།
《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་》ལས་ཁྱུང་ཞེས་པ་ནི་ཤོད་རྒྱུན་དུ་ཡོད་པའི་བྱ་ཆེན་པོ་ཞིག་གི་མིང་ ཡིན་ཟེར་བ་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》སོགས་སུ་ཁྱུང་ཞེས་པ་འདི་གཅིག་ནས་སྔར་གྱི་བཤད་སྲོལ་བྱ་ཆེན་ཞིག་གི་མིང་ཡིན་པ་དང་། གཉིས་སུ་སྔར་བོད་ཀྱི་ཡབ་འབངས་རུས་དྲུག་གི་གྲས་ཤིག་ཞེས་གོ་དོན་མི་འདྲ་བ་གཉིས་ཀྱི་སྒོ་ནས་འགྲེལ་བཤད་བྱས་པ་ལས། བྱ་ཆེན་ཞིག་ཡིན་པའི་བདེན་དོན་ལ་ཁྱུང་མཁའ་ལྡིང་རྙི་ལ་འཛིན་ཐབས་མེད།། སྟག་དམར་ཡག་ཐག་པས་བཏགས་ཐབས་མེད།། ཅེས་བཀོད་ཡོད།《གནའ་བོའི་ཞང་བོད་ཚིག་མཛོད་》⑤ལྟར་ན། ཁྱུང་ཞེས་པ་འདི་ཞང་སྐད་དུ་ཡང་འཇུག་པ་སྟེ། དེའི་དོན་ནི་“གསེར་སྲང་ཕྱེད་ལ་ཟླ་བ་གསུམ་དུ་བསྒྲུབས་པ་བྱས་པའི་ཛྭ་ལ་ཟེར་”ཞེས་གསུངས་པ་དང་། དེ་བཞིན་བོན་གྱི་གདུང་རྒྱུད་ཆེ་དྲུག་གི་ནང་གསེས་རུས་མིང་ལ་འཇུག་པ་དང་། འདབས་ཆགས་ཤིག་ལ་གོ་དགོས་པ་སོགས་བསྟན་པ་དེ་ལས་ཁྱུང་ཞེས་པ་ཞང་ཞུང་སྐད་དུ་ཡང་གོ་དོན་ཡོད་པར་བསྟན། ཛྭ་ནི་ཞང་ཞུང་གི་གྲུབ་ཆེན་གྱེར་སྤུངས་སྣང་བཞེར་ལོད་པོས ་(དུས་རབས7པའི་སྐབས་) གསུངས་པའི་རྒྱུ་ཆ་གསེར་ལས་བྱས་པའི་མཐུ་སྒྲུབ་ཚུལ་རིགས་གསུམ་བསྟན་པ་དེ་ལ་གོ་བ་སྟེ། སྤུ་བྱ་བ་སྲང་གང་། ཁྱུང་བྱ་བ་སྲང་ཕྱེད་ཀ རྔུབ་བྱ་བ་ཞོ་གང་བཅས་ཀྱི་གསང་བའི་ཐབས་ལམ་ཟབ་མོ་དེ་ལ་གོ་དགོས། དེ་ནི་གཞན་གྱི་གནོད་པ་འགོག་པའམ་དམོད་པ་འགོག་པའི་མཐུ་རྫས་སོགས་ལ་ཡང་གོ་བ་དཔེར་ན། གསེར་ཛྭ་དང་། ཛྭ་རྩམ། ཛྭ་དབལ། ཛྭ་ཐིས། ཤིག་ཛྭ་ཟེར་བ་སོགས་ལྟ་བུ། ཛྭ་ལ་འབྲི་སྟངས་ཛྭོ་ཟེར་བ། བཙོ་དང་བཙོད་ཟེར་བ་སོགས་བྱུང་ཡོད། འོ་ན་དེ་དག་དཔེ་གཞུང་གང་ཞིག་ནས་བྱུང་ངམ་ཞེ་ན། དེའི་ནང་དོན་སྐོར་《དབང་ཆེན་གྱི་གཞུང་》⑥དང་《ཛྭ་དམར་གླིང་ཆེན་འགྱིང་བ་》⑦སོགས་ལས་བྱུང་བ་གནས་སྐབས་ཀྱི་བརྗོད་དོན་མ་ཡིན་པ་ལ། ཁྱུང་ཞེས་པའི་དོན་འདི་གསེར་སྲང་ཕྱེད་ལ་ཟླ་བ་གསུམ་དུ་བསྒྲུབས་པ་བྱས་པའི་ཛྭ་ལ་ཟེར་བ་དེའི་སྐོར་གྱེར་སྤུངས་སྣང་བཞེར་ལོད་པོས་མཛད་པར་གྲགས་པའི་《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་》ལས་བྱུང་བ་ཡིན། ⑧ གཞུང་དེའི་མཛད་པ་པོ་དུས་རབས་བདུན་པའི་སྐབས་སུ་བྱུང་བའི་ཞང་ཞུང་གི་གྲུབ་ཆེན་པ་ཞིག་ཡིན་པ་གཞིར་བྱས། ཁྱུང་ཞེས་པའི་ཐ་སྙད་འདི་ཞང་ཞུང་སྐད་རིགས་ཀྱི་ཐ་སྙད་ཞིག་ཏུ་གྲུབ་ཡོད་པ་དང་། ཉུང་མཐར་ཡང་དུས་རབས་བདུན་པའི་སྐབས་སུ་ཞང་ཞུང་སྐད་ཡིག་ཁྲོད་དུ་རྒྱུགས་ཆེ་བའི་བཀོལ་སྤྱོད་ཅན་གྱི་ཐ་སྙད་ཅིག་ཡིན་པ་གསལ་ལ། དེ་བཞིན་གྱི་ནང་དོན་རྒྱ་ཆེན་པོ་སྟོན་པའི་བརྡ་ཆད་དམིགས་བསལ་བ་ཞིག་ཡིན་པ་ཡང་ཤིན་ཏུ་གསལ་བས་ན། ཁྱུང་ཞེས་པའི་ཐ་སྙད་འདི་ད་ཡོད་ཡིག་ཚགས་སུ་བཀོད་པ་སྔ་ཤོས་ཕལ་ཆེར་《ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་》འདི་ཉིད་ཡིན་པར་ངོས་འཛིན་ཆོག་པར་བསམ། འོན་ཀྱང་། 《ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་》འདི་ཉིད་སྙན་རྒྱུད་ཀྱི་ཡིག་ཚགས་སུ་གཏོགས་པས་ན། དམིགས་བསལ་གྱི་ཡིག་ཚགས་འདི་རིགས་བོན་གཅིག་པུ་ལས་བོད་ཀྱི་གྲུབ་མཐའ་གཞན་གང་ལ་ཡང་བྱུང་མ་མྱོང་བ་དང་། འདི་ལ་དེང་རབས་ཤེས་རིག་ཞིབ་འཇུག་པས་ཡིད་ཆེས་སྟོན་མིན་གཉིས་ཀྱི་དབང་གིས། ང་ཚོས་ད་དུང་སྔ་རབས་ཀྱི་མ་ཡིག་ངོ་བཤུས་བཟོ་བཅོས་མ་ཐེབས་པ་ཞིག་ལ་རེ་ལྟོས་བྱེད་དགོས་བྱུང་ཡོད་ན། དེ་ལྟ་བུའི་བྲིས་རྒྱུན་གྱི་ལོ་རྒྱུས་ལྡན་པའི་ཡིག་རྙིང་ནི་ད་དུང་འཚོལ་ཞིབ་ཀྱི་གནས་སུ་ངེས། བོད་ལ་དཔར་གྱི་རིག་པ་དེ་མ་དར་བའི་ཡར་སྔོན་དུ་ཤང་མཚལ་དང་། གསེར་དངུལ་གཡུ་བྱུར་སོགས་ཀྱི་ཁུ་བས་སྣག་ཚ་བགྱིས་ཏེ་མཐིང་ཤོག་དང་གན་ཤོག ཀོང་ཤོག རྒྱ་ཤོག་སོགས་ཀྱི་སྟེང་དུ་ཡིག་གཟུགས་དབུ་ཆེན་དང་། འཕྲུལ་ཡིག དབུ་མེད་སོགས་ཀྱིས་བྲིས་པའི་གསུང་རབ་བགྲང་དུ་མེད་པ་ཞིག་བཞེངས་ཟིན་པ་ཉེ་ཆར་རྒྱལ་ཁབ་ཕྱི་ནང་ཀུན་ན་མང་དུ་མཐོང་རྒྱུ་ཡོད་པ་དེ་དག་ལས་ཁྱུང་གི་བྲིས་རྒྱུན་ཤིན་ཏུ་རྙིང་བ་མང་པོ་ཞིག་ཡིག་གཟུགས་ཀྱི་ལམ་ནས་འགྲེལ་བ་བྱས་པ་དེས་ཐོག་མའི་ཐ་སྙད་རྙིང་བ་ཞིག་ཡིན་པ་རྟོགས་ཐུབ། བོན་གྱི་ཡིག་མཛོད་གྲགས་ཅན་《སྲིད་པའི་མཛོད་ཕུག་》ནི་ཞང་བོད་འདྲེས་མའི་ཡིག་ཆ་ཞིག་ཡིན་པ་གཞིར་བྱས་དེའི་དབུ་ནས་བཟུང་སྟེ་ཏ་ཛིན་ཞི་ཁང་མུ་ཁྱུང་ནི་ཞེས་པ་སོགས་ཁྱུང་ཞེས་པའི་ཐ་སྙད་མང་པོ་འབྱུང་བཞིན་པ་འདི་དག་གནས་སྐབས་སུ་ཞང་སྐད་ཀྱི་དཔྱད་པ་ཞིབ་ཕྲ་མ་ཐེབས་པའི་སྔོན་ལ་སོལ་འཇོག་བྱེད་རྒྱུ་ལས་འོས་མེད་ཅིང་། བོད་བཙན་པོའི་སྐབས་ཀྱི་ཡིག་ཚགས་ཀྱི་རྣམ་པ་ཅུང་རྒྱུགས་ཆེ་བ་ཤོག་དྲིལ་གྱི་གཟུགས་དང་། གླེགས་བམ། ལྟེབས་མགོ་མ། ལྟེབས་འགྲིག་མ། ལྟེབས་ཟུར་མ། པགས་རུས་ཀྱི་ཡིག་ཚགས། རྡོ་རིང་དང་ཅོང་ཡིག ཁྲམ་ཤིང་། གྲོ་གའམ་ཤིང་ཤུན་གྱི་ཡིག་ཚགས་ཇི་སྙེད་ཡོད་པ་ལས་ཏུན་ཧོང་གི་ཤོག་དྲིལ་p1286མཁར་ཆུང་རྒྱལ་ཕྲན་སིལ་མའི་སྐོར་གྱི་མ་ཡིག་ལས་“རྗེ་བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སྩངས་(སངས)རྗེ་”ཞེས་དང་། ཤོག་དྲིལ་p1287བོད་བཙན་པོའི་བློན་ཆེན་གྱི་མཚན་གཞུང་ཞེས་པ་ལས་“དེའྀ་འོག་ཏུ་ཁྱུང་པོ་སྤུང་སད་ཟུ་ཙེས་བྱས་པ་ལས། འོ་མ་ལྡེ་ལོད་བཙན་དང་རེག་མ་མཇལ་ནས་”ཞེས་དང་། ཤོག་དྲིལ་p1287གནམ་རི་སྲོང་བཙན་གྱིས་ཟིང་པོ་རྗེ་སྟག་སྐྱ་བོ་སོགས་བརླགས་ནས་སྤུ་རྒྱལ་གྱི་ཆབ་སྲིད་སླར་གསོ་མཛད་པའི་མ་ཡིག་ལས་“རྒྱལ་པོ་འདྀའི་རིང་ལ། ཁྱུང་པོ་སྤུང་སད་ཀྱིས་ཙང་བོད་ཀྱི་རྗེ་བོ་མར་མུན་མགོ་མཆད་དེ་”ཞེས་པ་སོགས་ལས་ཁྱུང་གི་ཡིག་འབྲུ་འདི་མང་དུ་འབྱུང་། དེ་དག་གི་ནང་དོན་རྣམས་དུས་རབས་བདུན་པ་ཡར་སྔོན་གྱི་སྲིད་ལུགས་སམ་ལོ་རྒྱུས་ཀྱི་མི་སྣ་སྟོན་བཞིན་ཡོད་པ་དང་། ཏུན་ཧོང་ཡིག་རྙིང་གི་དཔེ་གཟུགས་སོགས་དུས་རབས་8ནས་9བའི་སྐབས་ཀྱི་བོད་ཡིག་གི་ཡིག་གཟུགས་ཡིན་པ་དེང་གི་ཤེས་རིག་ཞིབ་འཇུག་པ་ཚང་མའི་ལྟ་བ་གཅིག་མཐུན་ཡིན་པ་བཅས་ཀྱིས་ཁྱུང་ཞེས་པའི་ཐ་སྙད་འདི་ད་ཡོད་ཡིག་ཚགས་སུ་བཀོད་པ་མཐོང་དུ་ཡོད་པའི་མ་ཡིག་རྙིང་ཤོས་ནི་ཏུན་ཧོང་ཡིག་རྙིང་ཡིན་པ་གཏན་འཁེལ་ཆོག་ལ། དེ་ལས་སྐབས་དེའི་ཁྱུང་ཞེས་པ་འདི་རིགས་རུས་གང་རུང་ཞིག་གམ་ལོ་རྒྱུས་མི་སྣ་དེ་དག་གི་འབྱུང་ཡུལ་གྱི་ས་ཆ་གང་ཡིན་པ་གསལ་བོ་སྟོན་ཐུབ་པའི་ཐ་སྙད་ཅིག་ཏུ་གྲུབ་ཟིན་པ་གསལ་ལ། དེ་བཞིན་གྱི་གོང་དུ་བརྗོད་ཟིན་པའི་ཛྭ་གཞུང་གི་ནང་དོན་ཟབ་མོ་སྟོན་པའི་ཞང་ཞུང་གི་སྐད་ལས་མཆེད་པའི་ཐ་སྙད་ཅིག་ཏུ་ཡང་གྲུབ་ཟིན་ཟེར་ཆོག

ཁྱུང་གི་ཐ་སྙད་འདི་ཉིད་ལེགས་སྦྱར་བ་རྣམས་ཀྱིས་གརུཊ:ཞེས་བཀོད་ཡོད་ལ། གརུཊྰགྲཛ:ཞེས་པ་ཁྱུང་སྔོན་སྐྱེས་དང་། གརུཏྨཏང:ཞེས་པ་ཁྱུང་སྐྱེས་སོགས་སུ་བཀོད་ཡོད། དེ་ལས་སྒྲ་འགྱུར་བྱུང་སྟེ་དབྱིན་ཡིག་སོགས་སུ་ཁྱུང་ཞེས་པ་ལ་Garudaཞེས་བྲིས་འདུག་ཅིང་། ནུབ་ཕྱོགས་ཡུལ་དུ་སྐྱེས་པའི་ནང་བསྟན་ཞིབ་འཇུག་པ་W.Bunceཡིས་《ནང་པའི་ཆོས་གཞུང་དང་རྒྱ་གར་ཕྱི་རོལ་པའི་ཆོས་གཞུང་གི་པར་རིས་བརྡ་འགྲེལ་ཚིག་མཛོད་》⑨ཅེས་པའི་ནང་དུ་Garudaཞེས་པ་ནི་ནང་པའི་ཆོས་གཞུང་དང་རྒྱ་གར་རིག་བྱེད་ཀྱི་ཆོས་གཞུང་སུ་གསལ་བའི་ལྷ་བྱ་ཞིག་ཡིན་པར་འགྲེལ་བརྗོད་བྱས་པ་མ་ཟད། ནང་པའི་ཆོས་གཞུང་གི་འཕེལ་རྒྱས་དང་བསྟུན་ནས་Garudaཞེས་པའི་ལྷ་བྱ་འདི་ཡང་ཡ་གླིང་ལྷོ་མའི་ཡུལ་ལུང་མི་འདྲ་བའི་རིག་གནས་ཁྲོད་ཁྱབ་ཚུལ་གསུངས་པ་ལས་ལྷ་བྱ་འདིའི་འཕེལ་འགྱུར་གྱི་རྒྱབ་གཏོད་སའི་ཞང་ཞུང་རིག་གནས་སྐོར་གླེང་བརྗོད་བྱས་མེད་ལ། དེ་ལས་འཕེལ་འགྱུར་བྱུང་བའི་དད་ཞེན་གྱིས་” ཁྱུང་གི་རིགས་རུས་” ཀྱི་མི་རྒྱུད་རྣམས་ཁ་བ་ཅན་གྱི་ཡུལ་དུ་མཆེད་ཅིང་། མཐོ་སྒང་གི་གདོད་མའི་ལོ་རྒྱུས་གར་སྟེགས་སྟེང་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པའི་གནས་ཚུལ་ལ་དཔྱད་བརྗོད་ཅི་ཡང་བྱས་མེད། དེའི་སྐོར་རྒན་ཚེ་རིང་ཐར་དང་དོན་འགྲུབ་ལྷ་རྒྱལ་རྣམ་གཉིས་ཀྱི་གསུང་རྩོམ་ཁྲོད་དུ་ཡང་ངོ་སྤྲོད་བྱས་འདུག རྒྱ་ཡིག་ཁྲོད་དུ་ཁྱུང་ཞེས་པའི་བརྡ་ཆད་འདིའི་ཐད་གཏོགས་ཐ་སྙད་ཅི་ཡང་མ་མཐོང་ན་ཡང་། 《后汉书˙南蛮西南夷列传》ཞེས་པའི་ལོ་རྒྱུས་ཡིག་རྙིང་དེ་ལས་ཁྱུང་ལུང་(邛笼)ཞེས་པའི་ཡིག་འབྲུ་གཉིས་མཉམ་དུ་བྲིས་ཡོད་པ་དང་། དེའི་དོན་ནི་ཕལ་ཆེར་རྡོ་བས་བརྩིགས་པའི་མཁར་གྱི་རྣམ་པ་ཞིག་⑩ལ་ངོས་འཛིན་བྱས་ཡོད། སྐད་ཆ་རིག་པའི་མཁས་དབང་སིན་ཧོང་ཁེའེ་(孙宏开)ཞེས་པ་ཞིག་གིས་གདོད་མའི་ཆང་ངམ་འཇང་གི་ཡུལ་སྐད་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ནང་དུ་ཧ་ཅང་རང་མོས་ཀྱི་སྒོ་ནས་“邛笼”ཞེས་པ་འདི་གདོད་མའི་ཆང་རིགས་ཀྱི་བརྡ་སྐད་ཅིག་ཡིན་པ་དང་། དེའི་དོན་ནི་རྡོ་བ་ལ་གོ་ཆོག་པ་མ་ཟད། གདོད་མའི་ཆང་རིགས་པ་རྣམས་ཀྱིས་མཁར་བརྩིགས་པའི་རྨང་ལ་ཡང་གོ་ཆོག་⑾ཅེས་པའི་ལྟ་བ་ཡན་ཀར་བ་ཞིག་བཏོན་ཡོད་པ་དང་། དེ་བཞིན་སི་ཁྲོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་པ་ཧྲི་ཧྲོའོ་(石硕)ཡིས་ཀྱང་“邛笼”ནི་ད་སྔའི་བར་རྒྱ་ཡིག་གི་ཡིག་ཚགས་སུ་བཀོད་པའི་མདོ་དབུས་མཐོ་སྒང་འདིའི་མཁར་མིང་རྙིང་ཤོས་ཤིག་ལ་གོ་ཆོག་⑿པའི་ལྟ་བ་བཏོན་པ་མ་ཟད། དེ་མདོ་དེད་ན་ཐོག་མའི་ཁྱུང་ཞེས་པའི་བརྡ་དེ་དང་དོན་གཅིག་ཏུ་འགྲོ་བ་དང་། རྒྱལ་རོང་ཡུལ་གྱི་མཁར་རྙིང་མཚོན་བྱེད་ཀྱི་བརྡ་ཆད་ཆེས་གལ་ཆེ་བ་ཞིག་ཡིན་ཚུལ་སོགས་ཀྱི་ལྟ་བ་བཏོན་ཏེ།“邛笼”དང་“邛”གང་ཡིན་ཡང་ཐ་སྙད་དེའི་ཁུངས་བོད་དམ་གདོད་མའི་ཞང་ཞུང་ལ་གཏུག་འདུག མཁར་གྱི་དོན་ལ་འགྲེལ་དགོས་པ་འདི་ཆེས་ཤིན་ཏུ་འགྲེལ་དཀའ་བ་ཞིག་ཏུ་ཆགས་ན་ཡང་། གཅིག་བྱས་ན་ཞང་ཞུང་རིག་གནས་ཀྱི་ཤུགས་རྐྱེན་ལས་ཁྱུང་ལུང་དངུལ་མཁར་ཞེས་པའི་ཞང་ཞུང་གི་ལྟེ་བའི་མཁར་གདོང་དེའི་བརྡ་རྙིང་པ་གང་རུང་ཞིག་མ་དག་རྒྱུད་འབྱམས་སུ་སོང་བ་མ་ཡིན་པའི་ངེས་པ་ཡང་ཅི་ཡོད་ཨང་།
མདོར་ན། ཁྱུང་གི་རིག་གནས་རྒྱབ་ལྗོངས་ལས་འཕྲོས་པའི་ཞང་ངམ་ཁྱུང་གི་ཡུལ་ལུང་དེ་ལ་ནང་གསེས་དབྱེ་གཞི་གསུམ་མམ་བཞི་བྱུང་བ་སྟེ། དེ་དག་ནི་ཁྱུང་དཀར་དང་།ཁྱུང་ནག ཁྱུང་སེར་གསུམ་དང་ཁྱུང་ཁྲ་བཅས་བཞི་⒀ལ་ངོས་འཛིན་དགོས་ཤིང་། དེའི་སྐོར་གྱི་བྱུང་རབས་དང་ལོ་རྒྱུས། རྣམ་ཐར་སོགས་ཤིན་ཏུ་མང་། ཁྱུང་ཞེས་པ་འདི་ཞང་ཞུང་སྐད་དང་བོད་སྐད་གཉིས་ཀྱི་བརྡ་ཆད་ཁུངས་སུ་ཡོད་པ་གོང་དུ་བརྗོད་ཟིན་པ་ལྟར་དང་། དེ་ཉིད་ཁྱབ་རྒྱ་ཆེར་སྤྱོད་ཀྱི་ཐ་སྙད་ཞིག་ཏུ་ཆགས་པའི་དུས་ཚད་ནི་དུས་རབས་བདུན་པ་ཡན་ལ་འདེད་ཆོག་པ་ཡང་གོང་འཕྲོས་བཞིན་ཡིན་ནོ།།

གཉིས། ཁྱུང་གི་མཚོན་དོན་ལ་དཔྱད་པ།
སྤྱིར་བཏང་དུ་སྒོང་ང་ལས་སྣོད་བཅུད་ཀྱི་འཇིག་རྟེན་གྲོལ་བའི་བཤད་པ་འདི་སྲིད་པའི་བོན་གྱི་ལྟ་དགོངས་ཤིག་ཡིན་པ་འདྲ་ལ། དེའི་བདེན་ཤས་ཀྱི་ཆ་ནི་སྔ་རབས་ཀྱི་དམངས་ཁྲོད་གཏོ་གཞུང་སྣ་ཚོགས་པ་ཞིག་གིས་གསལ་བཤད་བྱས་ཆོག་སྙམ་སྟེ། དཔེར་ན་མདོ་སྨད་མདའ་ཚང་ཡུལ་གྱི་དམངས་ཁྲོད་ཡིག་ཆ་ཁྲའ་འགྱོག་དབུ་ལགསྷོ་⒁ཞེས་པ་དང་ཕོ་བྲང་ཤེང་ཁྲེལ་སྤྱན་འདྲེན་དབུ་ལགསྷོ་⒂ཞེས་པ་སོགས་ལས་མཚོན་པའི་ཡིག་ཚགས་ཀྱི་ནང་དོན་སོགས་ལས་གསལ།
ཐོག་མའི་སྒོང་ང་དེ་ཉིད་ཇི་ལྟར་གྲུབ་པ་དང་དེའི་ཁུངས་སླར་གང་ལ་གཏུག་དགོས་མིན་ནི་གཡུང་དྲུང་བོན་གྱི་གཞུང་ལུགས་ལས་གསལ་བཤད་བྱས་པ་སྟེ། དང་པོ་ཡེ་མེད་སྟོང་པའི་ངང་ནས་རིམ་གྱིས་བོན་ཉིད་ཀྱི་རྟེན་འབྲེལ་བསམ་ཀྱིས་མི་ཁྱབ་པའི་མཐུས་རླུང་ལངས་པ་གཅིག་ཏུ་སྤུངས་ཏེ་ཡེ་ཡོད་ཅུང་ཙམ་དུ་སྲིད་པ་དང་། དེ་ནས་འོད་དང་ཟེར་དུ་སྲིད་པ། དེ་ལས་ཕྲ་རབ་ཀྱི་རྡུལ་དུ་ཆགས་པ་སོགས་ཀྱི་སྐོར་ནི་《མདོ་དྲི་མེད་གཟི་བརྗིད་》ལས་“ཆགས་ནི་ཕྲ་རབས་རྡུལ་ལས་ཆགས་”ཞེས་གསུངས་ཡོད་པ་དེ་བཞིན་དང་། དེ་ནས་འབྱུང་བ་ལྔའི་བྱེད་ལས་ལས་སྲིད་པ་ཀློང་གི་སྒོ་ང་གྲོལ་ཚུལ་བསྟན་ཡོད། 《དབུ་ནག་མིའུ་འདྲ་ཆགས་》ལྟར་ན། སྒོང་ང་དེ་ལས་བྱ་གླག་དཀར་ནག་གཉིས་སྲིད་པ་དང་། སྒོང་ང་དཀར་པོ་རྡོལ་བ་ལས། ཕྱིའི་ཤུན་པ་ལ་ལྷ་བྲག་དཀར་པོ་སྲིད། བར་གྱི་གདར་ཤ་ལ་འོད་ཀྱི་ཁྲི་སྡེ་སྲིད། ནང་གི་སྒོང་ཆུ་ལ། དུང་གི་མཛོ་མོ་དཀར་མོ་སྲིད།⒃ ཅེས་བཀོད་དེ་བྱ་གླག་གི་རིགས་སུ་བཀོད་པ་ལས། སྲིད་པའི་ཀློང་སྒོང་འདི་དང་ཕྱིས་ཀྱི་དམ་པ་ཁྱུང་གི་རིགས་རུས་ཀྱི་ཁུངས་སུ་བཞག་པའི་ཁྱུང་སྒོང་བར་ལ་འབྲེལ་བ་ཡོད་ཚུལ་གྱི་ཡིག་ཆ་ནི་ད་དུང་མ་མཐོང་མོད། དམངས་ཁྲོད་ཀྱི་གཏམ་རྒྱུད་ཅིག་ལས་ཁྱུང་དང་རུས་སྦལ་གྱིས་འཇིག་རྟེན་བསྐྲུན་པའི་བཤད་རྒྱུན་དེར་བལྟས་ན། ཐོག་མའི་ཀློང་སྒོང་དེ་དང་ཁྱུང་གི་བར་ལ་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་འདྲ། དེའི་སྐོར་ངས་བལྟས་ན་སྲིད་པ་ཀློང་སྒོང་དང་ཕྱིས་ཀྱི་ཁྱུང་སྒོང་བར་ལ་འདྲ་ཆ་ཡོད་པ་མ་ཟད། ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས་དེ་གཉིས་ལ་གོ་འཛོལ་བྱུང་སྟེ་རིམ་གྱིས་སོ་སོར་སྨྲ་བའི་ལྟ་བ་ཆགས་པ་ཡིན་ཤས་ཆེ།
ཁྱུང་གི་རྒྱུད་ལས་སྣོད་བཅུད་ཀྱི་ཁམས་ཆགས་པའམ་མིའི་རིགས་རྒྱུད་མཆེད་པའི་གཏམ་རྒྱུད་འདི་དག་ནི་བོད་དམ་བོན་གྱི་ཤེས་རིག་འཕེལ་རྒྱས་ཀྱི་ཁྲོད་དུ་བྱུང་བའི་སྒྲུང་ལྡེའུ་བོན་གསུམ་ལས་སྒྲུང་གི་རིགས་སུ་གཏོགས་ཤིང་། ང་ཚོས་ད་བར་བསྡུ་སྒྲིག་དང་ཤེས་རྟོགས་བྱུང་བའི་སྒྲུང་དཔེ་དེ་དག་ལས་བོད་ཀྱི་ལྷ་སྒྲུང་གི་རྩོམ་ལུས་དམིགས་བསལ་བ་འདིའི་ནང་དོན་དང་སྒྲིག་གཞི་ལ་ད་དུང་འགྲེལ་བཤད་རྒྱག་དཀའ་བའི་གནད་དོན་ཤིན་ཏུ་མང་པོ་ཡོད་པ་གསལ།ཞིབ་འཇུག་པ་ཁ་ཤས་ཀྱིས་བོན་པོ་རྣམས་གནམ་ལ་དགའ་བ་དང་། གནམ་ལ་དད་པ། བྱ་ལ་དད་པའི་རྨང་གཞིའི་སྟེང་ནས་ཁྱུང་གི་མཚོན་དོན་སྣ་ཚོགས་པ་འཕེལ་བ་ཡིན་རབས་བཤད་རྒྱུར་ཤིན་ཏུ་གོམས་ཡོད་ན་ཡང་། རྩོམ་རིག་གི་འཕེལ་འགྱུར་གྱི་ངོས་ནས་བལྟས་ན་དེ་ནི་ཕྱི་ངོས་ཙམ་བཟུང་ནས་ནང་གི་དོན་ལ་འགྲེལ་འདོད་ཀྱི་ཧམ་སེམས་ཙམ་ཡིན་པ་ལས།བོད་ཀྱི་གདོད་མའི་རྩོམ་རིག་གི་རྒྱུས་མངའ་མཐར་ཆགས་སུ་སོང་མེད་པའམ་ལྷ་སྒྲུང་ཀློག་འགྲེལ་གྱི་གོ་ནོར་ཞིག་གིས་བོན་པོ་རྣམས་གནམ་ལ་དགའ་བར་བཤད་པ་ཙམ་དུ་ཟད་སྙམ།《སྲིད་པའི་གཡང་ལེན་ཆེན་མོ་》དང་། 《གཡང་སྒྲུབ་འདོད་རྒུ་གཏེར་ཕྲེང་》སོགས་ལས་གསར་བ་ལྟར། བོན་གྱི་སྔ་རབས་ཡིག་ཆ་མང་པོའི་ནང་དུ་དགོངས་སྔོན་དབྱིངས་སུ་ཡོད་པའི་ཉི་ཟླ་སྐར་གསུམ་དང་། ལྷ་དང་ཡུལ་ལྷ་གཞི་བདག བྱ་རྒྱལ་ཁྱུང་ལ་སོགས་པར་ཆེ་བསྟོད་བྱས་པ་དེ་དག་གི་དོན་ལ་བརྟག་ན། བོད་ཀྱི་གདོད་མའི་ཤེས་རིག་འདིས་འབྱུང་བ་བཞིའམ་ལྔའི་རང་བྱུང་གི་འཕེལ་འགྱུར་ལ་ཐོག་མ་ནས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ངོས་འཛིན་དང་། གོང་བཀུར། ཆེ་འཇོག་བྱས་པའི་ལྟ་བ་མཚོན་པ་མ་ཟད། རང་བྱུང་གི་སྟོབས་ཤུགས་ཆེན་པོ་འདི་ལ་བརྩི་བཀུར་བྱས་པའི་རིན་ཐང་གི་ལྟ་ཚུལ་ཞིག་ཀྱང་མཚོན་ཡོད། དེ་འདྲ་མིན་ཚེ་བཤད་སྟངས་དེ་ནི་བོན་པོ་གནམ་ལ་དགའ་བའི་བདེན་རྟགས་སུ་ཅི་ལ་འགྲོ དེ་ཡིས་ཕྱིར་ན། ལྷ་སྒྲུང་གི་འཕེལ་འགྱུར་དང་བསྟུན་ནས་ཐ་སྙད་འདིའི་མཚོན་དོན་ལ་ཡང་རྣམ་པ་སྣ་ཚོགས་པའི་རིག་གནས་ཀྱི་ངོ་བོ་ཞིག་ཡོད་སྲིད་པ་ཡང་དངོས་དོན་ཡིན་ནོ།།

ཡིག་ཚགས་དོ་བསྡུར་བྱས་པ་ལས་གསལ་བ་ལྟར། ཁྱུང་ཞེས་པ་འདིར་ད་ཡོད་དཔྱད་གཞི་ཁག་གི་ནང་དུ་གོ་དོན་གཙོ་བོ་ལ་རིགས་མི་འདྲ་བ་བཅུ་ཙམ་བྱུང་ཡོད་པ་དེ་དག་རེའུ་མིག་ཏུ་བཀོད་ན།

གོང་གསལ་ལྟར་ཁྱུང་ཞེས་པའི་མཚོན་དོན་སྣ་ཚོགས་པ་འདི་དག་མང་ཆེ་ཤོས་ཤིག་ཐོག་མའི་འདབས་ཆགས་ཤིག་ནས་ལྷ་སྒྲུང་གི་ངོ་བོར་ཐིམས་པའི་སྤྲུལ་བའི་ལྷ་བྱ་ཞིག་དང་། དེ་ནས་སྒོང་སྐྱེས་ཀྱི་ལྟ་བ་ཞུགས་པའི་རིགས་རུས་ཀྱི་མཆེད་ཁུངས་ལྟ་བུ་ཞིག་ཏུ་ཆགས་པ་དང་། དེའི་བྱེད་ནུས་ལ་བརྟེན་ནས་སླར་ལྷ་ཡི་ཁྱད་ཆོས་ལྡན་པའི་བྱེད་པོ་ཞིག་ལ་གྱུར་བ་སོགས་ནི་བོད་ཀྱི་ལྷ་སྒྲུང་གི་རྩོམ་ལུས་འདིའི་བྱུང་རིམ་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་མོད་ཀྱི། དེ་དག་ལ་ལོ་རྒྱུས་རིག་པའི་མིག་དབང་གིས་དབྱེ་ཞིབ་བྱེད་པ་ཡིན་ན།

1.བོན་སྐུ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་གྱི་བྱ་རྒྱལ་ཁྱུང་ཆེན་ཞིག་གི་མཚོན་བྱེད་དུ་བཀོད་པའི་ཡིག་ཆ་གཙོ་བོ་《མདོ་འདུས》(དུས་རབས་11ཡས་མས་ཀྱི་ཡིག་ཆ།) དང་། 《རྒྱལ་ཁྱུང་དཀར་པོའི་གདུང་རབས》 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》སོགས་ཡིན་ཞིང་། དེ་དག་གི་ནང་དོན་དཔེར་ན་《མདོ་འདུས་》ལས་“དེ་ཡང་རིག་འཛིན་གྲལ་ལ་གནས།། གཙང་གི་སྨུག་སྟོད་ཀློང་ཉིད་དུ།། ང་ཡིས་བྱ་ཁྱུང་དུ་སྤྲུལ་ནས།། མི་འགྱུར་གཡུང་དྲུང་མཚལ་གླིང་ལ།། སྐྱེ་འཁོར་མེད་པའི་གདམས་པ་བཤད།།”⒄ཅེས་དང་། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལས། “དེར་ཡབ་སྲས་གཉིས་བྱ་ཁྱུང་སུམ་གྲུས་རེར་སྤྲུལ་ནས།བུ་གཉིས་ཁྲིད་ནས་ཐར་ལམ་ལ་བཙུད་དོ།།”⒅ཞེས་བཀོད་ཡོད་པ་དང་། ཡང་ཡིག་ཆ་དེ་ཉིད་ལས། “མཆོག་དགུང་ལོ་སུམ་བརྒྱ་དྲུག་ཅུར་བོན་གྱི་འཁོར་ལོ་བསྐོར་ནས། ནམ་མཁའ་ལ་ཁྱུང་དུ་སྤྲུལ་ནས་གཤེགས་སོ།།”⒆ ཞེས་སྟོན་པ་གཤེན་རབ་ཀྱི་མཛད་པར་བཤད་པ་དང་། 《རྩ་རྒྱུད་ཉི་ཟེར་སྒྲོན་མ་》ལས་“དེ་ནས་སྟོན་པ་གཤེན་རབ་ཉིད།། འདབ་ཆགས་རྒྱལ་པོ་ཁྱུང་དུ་སྤྲུལ།། སྟོང་གསུམ་སྤྱི་རྒྱ་རླབས་ཀྱིས་བཅད།།”⒇ཅེས་དང་། དེ་བཞིན་དུ་《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ་》དུ་བཀོད་པ་ལྟར་ན། “དེ་ཡང་ཁྱུང་པོའི་བྱུང་ཁུངས་ནི། སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་ཁྱུང་ཕོ་ཆེན་པོ་ཞིག་ཏུ་སྤྲུལ་ནས་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་རྩེ་མོར་བབས་”(21)ཞེས་དང་། ཡང་དེ་ཉིད་ལས་“དེ་ནསརྗེ་འབྲུག་བྱ་ཁྱུང་ཞིག་ཏུ་སྤྲུལ་ནས་ནམ་འཕང་རླབས་ཀྱི་གཅོད་པས། གཡུ་ལོ་མ་ཨོ་རྒྱན་དུ་ཅུང་མ་སླེབས་པའི་བར་དེར་ཁྱུང་གི་སྡེར་མོས་སེང་གེའི་གཡུ་རལ་ནས་བཟུང་སྟེ་ཕྱིར་ཁྲིད་ནས་དམ་པའི་ལྟ་སྒོམ་སྤྱོད་གསུམ་དང་གཡུ་ལོ་མ་འདི་རེད་དོ་གསུངས་པས་དམ་པ་མཉེས་སོ།།”(22)ཞེས་པ་སོགས་དང་། 《རྒྱལ་ཁྱུང་དཀར་པོའི་གདུང་རབས་》ལས། “ཀུན་ཏུ་བཟང་པོ་དེ་རྣམས་ཀྱིས་སྤྲུལ་པ་ལས་སངས་རྒྱས་དང་སེམས་དཔའ་དང་། ངེས་པ་ཅན་གྱི་སྤྲུལ་སྐུ་དང་། མ་ངེས་པའི་སྤྲུལ་སྐུ་བསམ་གྱིས་མི་ཁྱབ་པ་བྱོན་པའི་འཇིག་རྟེན་གྱི་ཁམས་སུ་འདུལ་བར་མ་ངེས་པ། སྤྲུལ་པའི་སྐུ་བྱ་ཁྱུང་དུ་སྐུ་སྤྲུལ་ཏེ། འཛམ་གླིང་འདིར་ཡང་ལན་གཅིག་བྱོན་པ་ལ།།” (23)ཞེས་པ་སོགས་ལས་ཁྱུང་འདི་ཉིད་ནི་བོན་སྐུ་ཀུན་ཏུ་བཟང་པོའམ། སྟོན་པ་གཤེན་རབ་དང་རྗེ་འབྲུག་སོགས་སྐྱེས་བུ་དམ་པ་གང་རུང་ཞིག་གི་རྣམ་སྤྲུལ་གྱི་མཚོན་བྱེད་དུ་བཀོད་ནས། སྐྱེ་རྒུའི་སེམས་ཀྱི་དད་འདུན་མཚོན་བྱེད་ཀྱི་གཟུགས་སུ་སྦྱར་བ་འདི་བོད་ཀྱི་ལྷ་སྒྲུང་གི་གྲུབ་ཆ་འདོར་ཐབས་མེད་པ་ཞིག་ཡིན་པར་བཤད་ཆོག
2.ཁྱུང་ལས་སྒོ་ང་དཀར་ནག་སེར་ཁྲ་གསུམ་མམ་བཞི་མཆེད་པའི་གཏམ་རྒྱུད་སྐོར་བརྗོད་པའི་ཡིག་ཚགས་གཙོབོ་《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ་》དང་། 《དབུ་ནག་མིའུ་འདྲ་ཆགས་》ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་《ལུང་རིགས་མཛོད》《གཙང་མ་ཀླུ་འབུམ་》སོགས་ཡིན་ལ། ལྟ་ཚུལ་དེ་ནི་བོན་ཁོ་ནའི་ཡིག་ཆ་ལས་བྱུང་བ་དང་། བོན་ཁོ་ནའི་འཇིག་རྟེན་ཆགས་རབས་ཀྱི་ལྟ་ཚུལ་ཞིག་ཡིན་པས། ཉང་རལ་ཉི་མ་འོད་ཟེར་གྱིས་(1136-1204)“བོན་ལུགས་ནི་སྟག་གཟིག་ཡུལ་གྱི་སྒོང་སྐྱེས་ལྟ་བའི་ལུགས་འཛིན་མཁན་ཡིན་པས་དེ་ནི་མུ་སྟེགས་པའོ་” (24)ཞེས་གསུངས་ཤིང་། འབྲི་གུང་འཇིག་རྟེན་མགོན་པོའི་གསུང་བཞི་བཅུ་བ་ལས་ཀྱང་དེ་བཞིན་དུ་མུ་སྟེགས་དང་བོན་པོ་ཞེས་བོན་འདི་ཉིད་མུ་སྟེགས་པ་དང་སྦྲེལ་ཅི་ཐུབ་བྱས་པའི་ལྟ་ཚུལ་དེ་དག་གཙོ་བོ་སྒོང་སྐྱེས་ཀྱི་ལྟ་ཚུལ་ལས་འཕྲོས་པ་ཡིན་པ་གསལ་ཐག་ཆོད། མཁར་རྨེའུ་བསམ་གཏན་མཆོག་གི་གསུང་རྩོམ་དུ་སེ་ཏན་ཞུ་བའི་ཕྱི་གླིང་བ་དེས་འཇིག་རྟེན་སྒོ་ང་ལས་སྐྱེས་པར་འདོད་པའི་ལྟ་བ་དེ་ནི་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་《མ་ཧྰ་བྷ་ར་ཏ་》སོགས་དང་འབྲེལ་ནས་དཔྱད་ཞིབ་བྱས་ཡོད་པའི་སྐོར་ངོ་སྤྲོད་རགས་བསྡུས་ཤིག་འདུག་ན་ཡང་། ཕྲན་ལ་དབྱིན་ཡིག་ཏུ་བྲིས་པའི་མ་ཡིག་དེ་ཉིད་ལྟ་ཀློག་གི་གོ་སྐབས་ལྡན་པར་མ་གྱུར་བས་སོར་འཇོག་བྱེད་དགོས་བྱུང་། གང་ལྟར་སྒོ་ང་ལས་བྱུང་ཚུལ་འདི་བོན་གྱི་ཡིག་ཆ་ལས་བྱུང་བ་ཡིན་པས་ན། རླངས་ཀྱི་པོ་ཏི་བསེ་རུ་ལས་བྱུང་བའི་སྒོང་སྐྱེས་ཀྱི་ལྟ་བ་འདི་ཉིད་ལ་ཡང་བོན་གྱི་ཡིག་ཆའི་ཤན་ཞུགས་ཡོད་པ་ནི་ལུང་རིགས་གཉིས་ཀྱིས་བདེན་དཔང་བྱེད་ཐུབ་པ་ཞིག་རེད། དེའི་ཕྱིར། སྒོང་ངའི་གྲངས་དང་། ཁ་དོག གཟུགས་དབྱིབས་སོགས་ལ་ཡིག་ཆ་མི་འདྲ་བའི་ནང་ཁྱད་པར་ཡོད་ན་ཡང་། ཁྱུང་ལས་སྒོ་ང་གསུམ་མམ་བཞི། ཡང་ན་བརྒྱད་དམ་དགུ་གང་ཞིག་མཆེད་པའི་གཏམ་རྒྱུད་དེ་ནི་བོན་གྱི་ཤེས་རིག་ཁྲོད་ཤིན་ཏུ་དར་ཆེ་བ་ཞིག་རེད།

《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་ཏོ་ཤལ་》དུ་བཀོད་པ་ལྟར་ན། “ཁྱུང་པོ་ཞེས་པའི་ཡུལ་ལུང་གི་བྱུང་ཁུངས་ནི། སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་ཁྱུང་ཕོ་ཆེན་པོ་ཞིག་སྤྲུལ་ནས་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་རྩེ་མོར་བབས། དེའི་སྦལ་མོའི་ཤུལ་དུ་སྒོ་ང་དཀར་སེར་ནག་གསུམ་ཁྲ་བོ་དང་བཞི་བརྡོལ་བས་མཚན་དང་ལྡན་པའི་ཁྱུང་སྲས་བཞིར་བྱུང་སྟེ།དཀར་ཁྱུང་དང་ནག་ཁྱུང་དང་སེར་ཁྱུང་དང་གསུམ། དབང་ལྡན་ཁྱུང་འཕགས་ཁྲ་བོ་གཡུ་འབྲུག་ལ་ཆིབས་ནས་རྒྱལ་རོང་དུ་འཕུར་བས་རྒྱལ་ཁྱུང་ཟེར། དེ་དག་ལས་གྱེས་པའི་སྟོད་ན་ལྷ་ཁྱུང་། བར་ན་མུ་ཁྱུང་། སྨད་ན་དབལ་ཁྱུང་སོགས་ཁ་འཐོར་ཇི་སྙེད་ཅིག་བྱུང་ངོ་།།” (25) ཞེས་བཤད་པ་དེ་དག་གིས་དམ་པ་ཁྱུང་གི་གདུང་རུས་དང་། ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་ཞེས་པའི་ཡུལ་སྡེ་གང་རུང་གི་རིགས་རུས་སོགས་ཀྱི་འབྱུང་ཁུངས་བསྟན་པ་ཡིན།
3.ཁྱུང་ཞེས་པ་ནི་ཞུང་གི་གོ་དོན་ཡིན་ཚུལ་གྱི་དགོངས་པ་འཛིན་མཁན་བོན་གྱི་ལོ་རྒྱུས་སྨྲ་བ་ཁྱུང་པོ་བློ་གྲོས་རྒྱལ་མཚན་དང་། སྐྱབས་སྟོན་རིན་ཆེན་འོད་ཟེར། སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག ནམ་མཁའི་ནོར་བུ་དང་རྒན་ཚེ་རིང་ཐར་སོགས་ཡིན། ལྟ་དགོངས་དེ་དག་ཁོང་ཚོའི་བརྩམས་ཆོས་《ཁྱུང་པོའི་རྒྱལ་རབས་ལོ་རྒྱུས་》དང་། 《ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ》 《སྔ་རབས་བོན་གྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ
འཕྲིན་སྟེགས། weikangba