ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་བློན་རབས་ངོ་སྤྲོད་མདོ་ཙམ་ཞུ་བ།

2019-04-16
407

གླེང་གཞི།

  དེ་ཡང་འདིར་འཆད་པའི་ཏུན་ཧོང་ཡིག་རྙིང་ཞེས་པ་ནི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཕྱོགས་བསྒྲིགས་བྱས་པ་དེ་ཡིན་ཞིང་། དེ་ཉིད་ལས་བྱུང་བའི་《བཙན་པོ་རིམ་བྱུང་གི་ལོ་རྒྱུས་》ཞེས་པ་ལེའུ་གཉིས་པའི་ནང་དུ་འཁོད་པའི་བོད་བཙན་པོའི་དུས་སྐབས་ཀྱི་བློན་རབས་འཐོར་བུ་ཞིག་མཆིས་པ་དེ་འབྲེལ་ཡོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་ལ་ཟུར་ལྟ་དཔྱད་བསྡུར་དང་། ལྷག་པར་དུ་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》 ལས་འབྱུང་བའི་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ཞེས་པ་ལ་ཁུངས་གཏུགས་ནས་བློན་རབས་འཐོར་བུ་པའི་ནང་དུ་མཆིས་པའི་བློན་ཆེན་སུམ་ཅུ་སོ་བདུན་གྱི་མཛད་རྣམ་མདོར་བསྡུས་ཤིག་ལེའུ་གཉིས་པའི་ལུང་གིས་ཟིན་པ་ལྟར་བོད་བཙན་པོའི་གདུང་རབས་བཅུ་བདུན་པ་ལྡེ་འཕྲུལ་ནམ་གཞུང་བཙན་ནས་འུ་དུམ་བཙན་པོའི་བར་དུ་བྱུང་བའི་བློན་ཆེན་རིམ་བྱུང་རྣམས་མུ་ཏིག་རྡོག་པོ་སྟར་ལ་བརྒྱུས་པ་བཞིན་མཚན་ཐོའི་ཚུལ་དུ་ངོ་སྤྲོད་མདོ་ཙམ་ཞུ་བར་བྱའོ།

 དེ་ཡང་བློན་ཆེན་སོ་སོའི་མཛད་རྣམ་ནི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཕྱོགས་བསྒྲིགས་ལས་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》 དང་། 《བཙན་པོ་རིམ་བྱུང་གི་ལོ་རྒྱུས》། 《རྒྱལ་ཕྲན་རིམ་བྱུང་གི་མིང་》། 《རྒྱལ་རབས་རིམ་བྱུང་གི་མིང་》སོགས་དང་། 《བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་》ཕྱོགས་བསྒྲིགས་ལས་《ཁྲང་ཆན་མཐུན་འབྲེལ་རྡོ་རིང་》དང་《ཞོལ་རྡོ་རིང་ཕྱི་མ》གཉིས་ལས་བྱུང་བའི་བློན་ཆེན་སོ་སོའི་སྐོར་གྱི་ལུང་ཚིག་ཐ་རེ་ཐོ་རེ་རྣམས་ཕྱོགས་བསྡུས་ཀྱིས་བློན་ཆེན་སོ་སོའི་མཛད་རྣམ་གྱི་ཐད་དུ་བཅུག་སྟེ་བློན་རབས་འཐོར་བུ་པའི་གོ་རིམ་ལྟར་མཚན་ཐོ་རྣམས་གུང་དུ་བསྒྲིགས་ནས་ངོ་སྤྲོད་ཞུ་བར་བྱའོ། 

          1. སྟོང་དང་རྗེ།

 དེ་ཡང་《བཙན་པོ་རིམ་བྱུང་གི་ལོ་རྒྱུས་》 ལས་ལེའུ་གཉིས་པའི་《བློན་རབས་འཐོན་བུ་པ》 ལས་འདི་ལྟ་བྱུང་སྟེ“བཙན་པོ་ལྡེ་པྲུ་བོ་གནམ་གཞུང་རྩན་གྱྀ་རིང་སླན་ཆད། བློན་ཆེ་བགྱིས་པ་འྀ་རབས་ལ། གནའ་ཐོག་མ་འདའར་ཀྱྀ་བུ་སྟོང་དང་(ཐང་) རྗེས་བྱས་ཏེ། འཛངས་ལ་དཔའ་འོ།  གློ་བ་ཡང་ཉེ་འོ།”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་འདར་ཡིན་ནོ། 

          2. རྔེགས་དུད་ཀྱི་རྗེ། 

《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ“དེ་འྀ་འོག་ཏུ་རྔེགས་དུད་ཀྱི་རྗེས་བྱས་ཏེ། དཔའ་ལ་འཛངས་སོ།”ཞེས་འཁོད་དོ།   བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་རྔེགས་ཡིན་ཞིང་། 《རྒྱལ་ཕྲན་རིམ་བྱུང་གི་མིང》ལས“ཡུལ་རྔེགས་ཡུལ་གྱི་གྲུ་བཞྀ་ན། རྗེ་རྔེགས་རྗེ་འྀ་ལ་བྲང་།” ཞེས་འཁོད་པར་བལྟས་ན་ཡུལ་མིང་རུས་སུ་ཆགས་པ་འདྲའོ། 

       3. ཁུ་ལྷ་བོ་མགོ་གར། 

 《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ“དེ་འྀ་འོག་དུ་ཁུ་ལྷ་བོ་མགོ་གར་གྱིས་བྱས་ཏེ། དགྲ་ལཐ་དཔའ་ཞིང་སྙིང་ཤེས། མྱིག་རྣོ།” ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཡོངས་གྲགས་ཀྱི་མཛངས་བློན་གཉིས་པ་སྟེ་བཙན་པོ་ཨེ་ཤོ་ལེགས་ཀྱི་བློན་པོ་ལྷ་བུ་མགོ་དཀར་དང་མི་གཅིག་ཡིན་མིན་དུ་དུང་དཔྱད་དགོས། ཁོང་གི་གདུང་རུས་ནི་ཁུ་ཡིན་ནོ། 

      4. ལྷོ་ཐང་འབྲིང་ཡ་སྟེངས། 

  《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ“དེ་འྀ་འོག་དུ་ལྷོ་ཐང་འབྲིང་ཡ་སྟེངས་ཀྱིས་བྱས་ཏེ། པྱི་འྀ་དགྲ་ཐུབ། ནང་གི་ཁབ་བསོ་མཐོ། ”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན།  ཁོང་གི་གདུང་རུས་ནི་ལྷོ་ཡིན་ལ་བོད་བཙན་པོའི་ཡབ་འབངས་རུས་དྲུག་གི་ཡ་གྱལ་ཞིག་ཡིན་ནོ། 

          5. རྔེགས་ཐང་ཡོང་ཐང་རྗེ། 

          《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ། “དེ་འི་འོག་ཏུ་རྔེགས་ཐང་ཡོང་ཐང་རྗེས་བྱས་ཏེ། དཔའ་ཞིང་འཛངས་སོ།” ཞེས་འཁོད་དོ།། བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། 

          6. གནུབས་སྨོན་ཏོ་རེ་སྤུང་བརྩན། 

   《བློན་རབས་འཐོར་བུ་པ》ལས་འདི་ལྟ་བྱུང་སྟེ་“དེ་འི་འོག་དུ་གནུབས་སྨོན་ཏོ་རེ་སྲུང་བརྩན་གྱིས་བྱས་ཏེ། སྙིང་ཤེས་མྱིག་རྣོ།”ཞེས་འཁོད་དོ།། བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་གནུབས་ཡིན་ཏེ། 《རྒྱལ་ཕྲན་རིམ་བྱུང་གི་མིང》 ལས“ཡུལ་གནུབས་ཀྱྀ་གླིང་དགུ་ན། རྗེ་གནུབས་རྗེ་འྀ་སྲིས་པ།”ཞེས་འཁོད་པར་བལྟས་ན་ཡུལ་མིང་རུས་སུ་ཐོགས་པ་འདྲའོ། 《བཀའ་ཐང་སྡེ་ལྔ་》 ལས “གནུབས་ལ་བློན་པོ་བཞི་བྱུང་སྟེ།” ཞེས་འཁོད་དོ། 

     7. མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས། 

  《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ་“དེ་འྀ་ལོག་ཏུ་མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བྱས་ཏེ། དཀུ་ཆེན་པོ་བྱས་ནས། ཁོ་ན་འི་སྲོང་མོ་མཐོན་མྱི་ཟ་ཡར་སྟེང་། དུག་བསྐུར་ཏེ་བཏང་བ་ལས། མོ་ན་དུག་འཐུངས་ནས། བཙན་ནུ་བཀུམ་བ་ལགས་སོ།”ཞེས་དང་། ཡང་དེ་ཉིད་ལས་“གནའ་བཙན་པོ་འབྲོ་མཉེན་གྱི་རིང་ལ། མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བློན་ཆེ་བགྱིས་པ་ན་ཡང་། གློ་བ་རྀངས་པར། མགར་མང་ཞམ་སུམ་སྣང་རལ་གྱི་དང་། བརྡའ་ཕྲད་ཏེ་ཚོར་བ་སྐད་དུ་བགྱིས་ནས་བཟུང་སྟེ་བཀྱོན་ཕབ་པ་ན་ཡང་།”ཞེས་འཁོད་དོ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“བཙན་ལྔའི་ཐོག་མ་རྒྱལ་ཏོ་རེ་ལོང་བཙན་གྱི་བློན་པོ་ནི་ཐོན་མི་འབྲིང་པོ་རྒྱལ་གྱིས་བྱས།”ཞེས་གསུངས་པ་ད་དུང་དཔྱད་དགོས། བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་ཐོན་མི་ཡིན་ལ། 《བཀའ་ཐང་སྡེ་ལྔ་》ལས་“ཐུ་ལ་བློན་པོ་གསུམ་བྱུང་སྟེ།”ཞེས་འཁོད་དོ།  ཐོན་མི་ནི་ཡུལ་མིང་རུས་ལ་ཐོགས་པ་ཞིག་ཡིན་ཏེ། ད་ལྟ་བོད་ལྗོངས་ཀྱི་སྙེ་མོ་རྫོང་ཁོངས་སུ་ཡོད། 

   8.སྣ་ནམ་འབྲིང་ཏོག་རྗེ། 

《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ་“དེ་འྀ་འོག་དུ་སྣ་ནམ་འབྲིང་ཏོག་རྗེས་བྱས།” ཞེས་པ་ལས་མཛད་རྣམ་ས་བོན་ཙམ་ཡང་འཁོད་མེད་ཀྱང་། དེ་ཉིད་ལས་“འདྀ་ཡན་ཆད་གྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྟན་དང་འདོམ་སྟེ། འཛངས་ཀྱང་ཚད་མྱེད་དོ།  མྱྀ་དེ་ལྟེ་བུ་མ་སྐྱེས་པ་ཙམ་གྱི་ཚོད་དོ།”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་སྣ་ནམ་ཡིན་ལ། 《བཀའ་ཐང་སྡེ་ལྔ་》ལས་“སྣ་ནམ་ལ་བློན་པོ་བཞི་བྱུང་སྟེ།” ཞེས་འཁོད་དོ། 

  9. གནུབས་ཁྲི་དོ་རེ་མཐོང་པོ།   

《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ་“དེ་འི་འོག་དུ་གནུབས་ཁྲི་དོ་རེ་མཐོང་པོས་བྱས།” ཞེས་པ་ལས་མཛད་རྣམ་ས་བོན་ཙམ་ཡང་འཁོད་མེད་ཀྱང་། དེ་ཉིད་ལས་“འདྀ་ཡན་ཆད་གྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྟན་དང་འདོམ་སྟེ། འཛངས་ཀྱང་ཚད་མྱེད་དོ། མྱྀ་དེ་ལྟེ་བུ་མ་སྐྱེས་པ་ཙམ་གྱི་ཚོད་དོ།” ཞེས་འཁོད་དོ།  བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ།

   10. གནུབས་ཁྲི་དོག་རྗེ་གཙུག་བློན།

《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ་“དེ་འྀ་འོག་དུ་གནུབས་ཁྲི་དོག་རྗེ་གཙུག་བློན་གྱིས་བྱས།”ཞེས་པ་ལས་མཛད་རྣམ་ས་བོན་ཙམ་ཡང་འཁོད་མེད་ཀྱང་། དེ་ཉིད་ལས། “འདྀ་ཡན་ཆད་གྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྟན་དང་འདོམ་སྟེ། འཛངས་ཀྱང་ཚད་མྱེད་དོ། མྱྀ་དེ་ལྟེ་བུ་མ་སྐྱེས་པ་ཙམ་གྱི་ཚོད་དོ།” ཞེས་འཁོད་དོ།  བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། 

   11. གནུབས་མཉེན་ཏོ་རེ་ངན་སྣང་། 

  《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ་“དེ་འྀ་འོག་དུ་གནུབས་མཉེན་ཏོ་རེ་ངན་སྣང་གིས་བྱས། ”ཞེས་པ་ལས་མཛད་རྣམ་ས་བོན་ཙམ་ཡང་འཁོད་མེད་ཀྱང་།  དེ་ཉིད་ལས་ “འདྀ་ཡན་ཆད་གྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྟན་དང་འདོམ་སྟེ། འཛངས་ཀྱང་ཚད་མྱེད་དོ། མྱྀ་དེ་ལྟེ་བུ་མ་སྐྱེས་པ་ཙམ་གྱི་ཚོད་དོ།”ཞེས་འཁོད་དོ།  བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ། 

   12.ཤུད་པུ་རྒྱལ་ཏོ་རེ་ང་མྱི།

 《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ་“དེ་འི་འོག་དུ་ཤུད་པུ་རྒྱལ་ཏོ་རེ་ང་མྱིས་བྱས་ཏེ།  འདྀ་ཡན་ཆད་གྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྟན་དང་འདོམ་སྟེ། འཛངས་ཀྱང་ཚད་མྱེད་དོ། མྱྀ་དེ་ལྟེ་བུ་མ་སྐྱེས་པ་ཙམ་གྱི་ཚོད་དོ།”ཞེས་འཁོད་དོ།  བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན།  ཁོང་གི་གདུང་རུས་ནི་ཤུད་པུ་ཡིན་ནོ། ། 

    13. མོང་ཁྲི་དོ་རེ་སྣང་ཚབ། 

 《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ“དེ་འི་འོག་དུ་མོང་ཁྲི་དོ་རེ་སྣང་ཚུབ་ཀྱིས་བྱས་ཏེ། འཛངས་ཀྱི་ཚད་ནི་བརྩན། རྩང་བོད་ཀྱི་ཇོ་བོ་མར་མུན་བརླགས་…… ”ཞེས་འཁོད་དོ།  བློན་ཆེན་འདི་པ་ནི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་མོང་ཡིན་ནོ། 

   14. མགར་ཁྲི་སྒྲ་འཛྀ་རྨུན། 

 《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ་“དེ་འི་འོག་ཏུ་མགར་ཁྲི་སྒྲ་འཛྀ་རྨུན་”གྱིས་བྱས་ཏེ། འཛངས་རྒྱ་དང་ལྟག་བརྟན་ནི་འདྲོན་པོ་མྱི་གསུམ་འགྲོགས་ཏེ་འགྲོ་ན། འདྲོན་པོ་ཐོག་མ་འི་སྙིང་ལ་འདྀ་སེམས། བར་མ་འི་སྙིང་ལ་འདྀ་སེམས། ཐ་མ་འི་སྙིང་ལ་འདྀ་སེམས་ཤེས། གྲོགས་པོ་ལ་གཏམ་བྱས་པ་དང་། བདེན་ནམ་བརྫུན། འདྲོན་པོ་གསུམ་ཁ་བཀལ་ཏེ་རྨས་ན། ཁྲི་སྒྲ་འཛྀ་རླུན་མཆི་བ་བཞིན་མད་དེ། འཛངས་ཀྱང་ནྀ་དེ་ཙམ་མོ།”ཞེས་འཁོད་དོ།  བློན་ཆེན་འདི་པ་ནི་བཙན་པོ་གནམ་རི་སྲོང་བཙན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་མགར་ཡིན་ལ། 《བཀའ་ཐང་སྡེ་ལྔ་》ལས་“མགར་ལ་བློན་པོ་ལྔ་བྱུང་སྟེ།” ཞེས་འཁོད་དོ། 

    15. མྱང་མང་པོ་རྗེ་ཞང་སྣང་། 

 《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ་“དེ་འྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གིས་བྱས་སོ། བཙན་པོ་ཡབ་ཁྲི་སློན་བཙན་དགུང་དུ་གཤེགས། སྲས་ཁྲི་སྲོང་བརྩན་གྱི་རིང་ལ།  མྱང་མང་པོ་རྗེ་ཞང་སྣང་གིས་སུམ་ཁམས་ཐམས་ཤད་འབངས་སུ་དགུག་པར་བཀའ་སྩལ་ཏོ། མྱང་མང་པོ་རྗེ་ཞང་སྣང་གིས་འཛངས་ཀྱི་བློ་སྒྱུ་གཉིས་ཀྱིས་མྱྀ་རྟ་གཉིས་ཚེགས་མ་བྱུང་བར། དཔྱའ་ཕབ་ལུག་རྟུག་གི་སྒྱུ། ལྕེ་ཐོར་ཏོ་ལ་བརྗོད་དེ། འབངས་གཉུག་མ་བཞིན་དུ་བཀུག་སྟེ་འུང་ཙམ་མོ།”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བཙན་པོ་གནམ་རི་སྲོང་བཙན་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་སྲས་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། རྗེས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཁྱུང་པོ་སྤུང་སད་ཟུ་ཙེའི་ཕྲ་མ་བཅུག་པར་གསན་ནས་བཀྱོན་ཕབ་བོ། ཁོང་གི་གདུང་རུས་ནི་མྱང་ཡིན་ལ། 《བཀའ་ཐང་སྡེ་ལྔ་》་ལས་“མྱང་ལ་བློན་པོ་གསུམ་བྱུང་སྟེ།" ཞེས་འཁོད་དོ།  

    16. མགར་མང་ཞམ་སུམ་སྣང་། 

《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ“དེ་འི་འོག་ཏུ་མགར་མང་ཞམ་སུམ་སྣང་གྀས་བྱས་སོ། གནའ་བཙན་པོ་འབྲོ་མཉེན་གྱི་རིང་ལ། མཐོན་མྱི་འབྲིང་པོ་རྒྱལ་བཙན་ནུས་བློན་ཆེ་བགྱིས་པ་ན་ཡང་། གློ་བ་རྀངས་པར་མགར་མང་ཞམ་སུམ་སྣང་རལ་གྱི་དང་བརྡའ་ཕྲད་དེ་ཚོར་བ་སྐད་དུ་བགྱིས་ནས་བཟུང་སྟེ་བཀྱོན་ཕབ་པ་ན་ཡང་། གཤེད་མ་མང་ཞམ་སུམ་སྣང་གིས་བགྱིས་ཏེ་བཀུམ་……། ”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བོད་བཙན་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ཡང་བཙན་པོ་གང་གི་བློན་ཆེན་ཡིན་པར་ད་དུང་དཔྱད་དགོས། 

   17. ཁྱུང་པོ་སྤུང་སད་ཟུ་ཙེ། 

《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ“དེ་འི་འོག་དུ་ཁྱུང་པོ་སྤུང་སད་ཟུ་ཙེས་བྱས་སོ།...…སྤུང་སད་ཟུ་ཙེའི་འཛངས་ཀྱི་ཚད་ནི་རྩྀས་གྲ་གསུམ། ཞལ་ཅེ་གྲ་བཞི་ཡང་རྣ་བས་ཉན་ཞིང་གཅོད། མྱིག་མངས་གྲ་ཆིག་ཀྱང་ཟླ་ལ་རྩེ་ན། རྒྱལ། བྱ་པུག་རོན་ཁྱུ་གཆིག་ནམ་ཀ་ལ་འཕུར་བ་ཡང་། གཅིག་གཉིས་གསུམ་བཞི་ལྔ་དྲུག་ཆེས་བགྲགས། བྱ་པྱིར་འཕུར་བ་ཡང་བགྲངས་པ་ལས་བྱ་ཚིག་མ་ཚང་ན། ཁྲས་བསད་པས་འདྲའས་ལྟོས་ཤེས་མཆི་ནས། མྱི་ཡོངས་ཀྱིས་བལྟས་པ་ལས་བྱ་ཆིག་ཁྲས་བཀུམ་སྟེ། སྤུང་སད་ཟུ་ཙེ་ལྟེ་བུ་ཚོར་སྐྱེན་ལ་དཀུ་ཆེ། སྙིང་འཛངས། མྱྀ་ཆིག་ལ་ཚོགས་དགུ་ཚོགས་ན། ཟུ་ཙེ་ལྟེ་བུ་སུ་ག་ལ་ཡང་མྱེད་དོ།”ཞེས་འཁོད་དོ།  བློན་ཆེན་འདི་པ་ནི་བཙན་པོ་གནམ་རི་སྲོང་བཙན་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་སྲས་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། རྗེས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོར་གློ་བ་རིང་ནས་རང་ཉིད་ལྕེབས་སོ། ཁོང་གི་གདུང་རུས་ནི་ཁྱུང་པོ་ཡིན་ལ། 《བཀའ་ཐང་སྡེ་ལྔ་》ལས་“ཁྱུང་པོ་ལ་བློན་པོ་གསུམ་བྱུང་སྟེ།” ཞེས་འཁོད་དོ། 

     18. མགར་སྟོང་རྩན་ཡུལ་ཟུང་། 

  《བློན་རབས་འཐོར་བུ་པ་》 ལས་འདི་ལྟ་བྱུང་སྟེ“དེ་འི་འོག་དུ་མགར་སྟོང་རྩན་ཡུལ་ཟུང་གིས་བྱས་སོ།”ཞེས་དང་། 《བསྟན་རྩིས་ཀུན་བཏུས》ལས་“འབྲུག་ལོ་སྟེ་སྤྱི་ལོ་632ལོར་མགར་གྱིས་བལ་བཟའ་ཁྲི་བཙུན་བོད་དུ་སྤྱན་དྲངས།” ཞེས་དང་། 《ཐང་ཡིག་གསར་རྙིང་》ལས་“གླང་ལོ་སྟེ་སྤྱི་ལོ་641ལོར་བོད་ལ་ཀོང་ཇོ་བསྐྱལ། ཁྲི་སྲོང་བཙན་འཁོར་དང་བཅས་མཚོ་ནག་ཏུ་བསུ་བར་ཕེབས། ”ཞེས་དང་། 《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》ལས་“བྱི་ལོ་སྟེ་སྤྱི་ལོ་652ལོར་བློན་ཆེ་སྟོང་རྩན་གྱིས་གློ་བོ་དང་རྩང་རྷྱ་(རྒྱ་)བཀུག་ཕར་ལོ་གཅིག  653ལོར་བློན་ཆེ་སྟོང་རྩན་གྱིས་གཡུག་ཏུ་གནག་ལྀངས་བཏབ། 654ལོར་བློན་ཆེ་སྟོང་རྩན་གྱིས་མོང་པུ་སྲལ་འཛོང་དུ་བསྡུས་ཏེ། རྒོད་གཡུང་དབྱེ་ཞིང་མཁོ་ཤམ་ཆེན་པོ་བགྱི་བའི་རྩིས་མགོ་བགྱི་བར་ལོ་གཅིག  655ལོར་བློན་ཆེ་སྟོང་རྩན་གྱིས་འགོར་ཏྀར་བཀའ་གྲྀམས་གྱི་ཡི་གེ་བྲྀས་ཕར་ལོ་གཅིག  656ལོར་བློན་ཆེ་སྟོང་རྩན་གྱིས་གཙམ་གྱི་ཡུལ་མར་དུ་ཤ་ལྀངས་ཆེན་པོ་བཏབ་ཕར་ལོ་གཅིག  658ལོར་བློན་ཆེ་སྟོང་རྩན་སྙིང་དྲུང་གྱྀ་སྣ་རིངས་ན་མཆིས་པར་ལོ་གཅིག   659ལོར་བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས།   660 ལོར་བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག་661ལོར་བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་ཕར་ལོ་གཅིག   662ལོར་བློན་ཆེ་སྟོང་རྩན་གྱིས་དུ་གུལ་དུ་ཞང་ཞུང་དུ་མཁོས་བགྱིས་ཕར་ལོ་གཅིག   663ལོར་བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་ཕར་ལོ་གཅིག   664ལོར་བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག   665ལོར་བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་པར་ལོ་གཅིག   666ལོར་བློན་ཆེ་སྟོང་རྩན་འ་ཞ་ཡུལ་ནས་སླར་འཁོརད།  667ལོར་བློན་ཆེ་སྟོང་རྩན་རྀས་པུར་གུམ་པར་ལོ་གཅིག”ཅེས་འཁོད་དོ།། བློན་ཆེ་འདི་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ། 

   19. འོ་མ་ལྡེ་ལོད་བཙན། 

《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ“དེ་འི་འོག་དུ་འོ་མ་ལྡེ་་ལོད་བཙན་བཅུག་གོ། རྀང་པོ་མ་རག་པར་གློ་བ་རིངས་ནས་བཀུམ་མོ།”ཞེས་འཁོད་དོ།། བློན་ཆེན་འདི་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་བཙན་པོ་མང་སྲོང་མང་བཙན་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་འོ་མ་ལྡེ་ཡིན་ནོ། ། 

   20.མགར་བཙན་སྙ་ལྡོམ་བུ། 

《བློན་རབ་ས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ“རྗེ་བློན་གསངས་སྟེ་བཀའ་བཏགས་པ་ནི། མགར་བཙན་སྙ་ལྡོམ་བུ་རྟ་དང་མཚུངས་རྀགས་ཀྱིས་བློན་ཆེར་བཅུག་གོ ”ཞེས་དང་། 《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》ལས་“བྱ་ལོ་སྟེ་སྤྱི་ལོ་673ལོར་དབྱར་འདུན་འདོང་ཀའི་ནེ་ཙོ་ལུང་དུ་མཁར་བཙན་སྙ་ལྡོམ་བུ་དང་། ཁྲི་འབྲིང་བཙན་བྲོད་གཉིས་གྱིས་བསྡུས་ཏེ་འབྲོག་མཁོས་ཆེན་པོ་བགྱིས། 675ལོར་བློན་བཙན་སྙས་ཞྀམས་གྱི་གུ་རན་དུ་ཞང་ཞུང་གྱི་མཁོས་བགྱིས། 676ལོར་བློན་བཙན་སྙས་དྲུ་གུ་ཡུལ་དུ་(དྲ་མ) དྲངས། 680ལོར་བློན་ཆེན་ཕོ་བཙན་སྙས་སྤུགས་གྱི་མུར་གས་སུ་དབྱར་འདུན་བསྡུས།   681ལོར་བློན་ཆེན་པོ་བཙན་སྙས་དབྱར་འདུན་ཟྭིད་(ཟིར་ད)མདའ་བསྡུས། 682ལོར་བློན་ཆེན་ཕོ་བཙན་སྙས་འདུན་མ་སྒྱོག་རམ་དུ་བསྡུས། 683ལོར་བློན་ཆེན་ཕོ་བཙན་སྙས་སྤྲགས་གྱི་མུར་གས་སུ་བསྡུས།   684ལོར་བློན་ཆེ་བཙན་སྙས་འདུན་མ་དབུ་རུ་ཤོད་ཀྱི་རེ་སྐམ་དུ་བསྡུས། 685ལོར་བློན་ཆེན་པོ་བཙན་སྙ་དང་། མང་ཉེན་སྟག་ཙབ་གཉིས་དམེ་བྱུང་། ཤངས་གྱི་སུམ་ཆུ་བོར་བློན་ཆེན་ཕོ་བཙན་སྙ་གུམ།”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བཙན་པོ་མང་སྲོང་མང་བཙན་དང་འདུས་སྲོང་མང་པོ་རྗེ་ཡབ་སྲས་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ། 

   21. མགར་ཁྲི་འབྲིང་བཙན་བྲོད། 《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》 ལས་འདི་ལྟ་བྱུང་སྟེ“བྱ་ལོ་སྟེ་སྤྱི་ལོ་673ལོར་དབྱར་འདུན་འདོང་ཀའྀ་ནེ་ཙོ་ལུང་དུ་མཁར་བཙན་སྙ་ལྡོམ་བུ་དང་། ཁྲི་འབྲྀང་བཙན་བྲོད་གཉིས་གྱིས་བསྡུས་ཏེ་འབྲོག་མཁོས་ཆེན་པོ་བགྱིས། 680ལོར་བློན་ཁྲི་འབྲིང་གྱིས་རུ་རིངས་སུ་བསྡུས་ཏེ་ཁུ་བང་ར་སང་རྗེའི་ནོར་བ་རྩྀས། 685ལོར་བང་མོ་བང་ཀར་དུ་བློན་ཁྲི་འབྲིང་བཙན་བྲོད་བློན་ཆེན་པོར་བཅུག 686ལོར་བློན་ཁྲྀ་འབྲིང་གྱིས་དྲུ་གུ་ཡུལ་དུ་(དྲ་མ)དྲང་ཞེས་བགྱི་བགྱི་བ་ལས་ཕྱི་དལ་ཏེ་དབྱར་འདུན་ཤོང་སྣར་འདུས། 687ལོར་བློན་ཁྲྀ་འབྲིང་གྱིས་དྲུ་གུ་གུ་ཟན་ཡུལ་དུ་(དྲ་མ)དྲངས། དགུན་རྩང་ཆེན་གྱི་ཕྱིང་རིལད་བཏབ། 689ལོར་བློན་ཆེ་ཁྲྀ་འབྲྀང་དྲུ་གུ་ཡུལ་ནས་སླར་འཁོརད། 690ལོར་བློན་ཆེ་ཁྲི་འབྲིང་གྱིས་འོ་ཡུག་གི་ཚ་སྟེངས་སུ་མུན་མག་གི་རྩིས་མགོ་བགྱིས། 693ལོར་བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མཆིས།  695ལོར་བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མཆིས་ཤིང་། སྟག་ལ་རྒྱ་དུར་དུ་རྒྱའི་དམག་དཔོན་འྭང་ཞང་ཤོ (王孝杰)དང་གཡུལ་སྤྲད་དེ་རྒྱ་མང་པོ་བཀུམ་པར་ལོ་ཆིག   696ལོར་བློན་ཅེ་ཁྲྀ་འབྲིང་གྱིས་འ་ཞ་ཡུལ་གྱི་སིལ་གུ་ཅིན་གྱི་འོ་ཀོལ་དུ་འ་ཞའི་མཁོས་བགྱིས། 698ལོར་བློན་ཆེན་པོར་ཁྲི་འབྲིང་གྱིས་ཙོང་ཀ་ཆེ་ཆུང་དུ་(དྲ་མ)དྲངས་ཏེ། རྒྱའི་དམག་པོན་ཆེན་པོ་ཐུག་པུ་ཤི (都护使)བཟུང་། དེའི་དགུན་མགར་ལ་བཀྱོན་ཕབ།” ཅེས་འཁོད་དོ། བློན་ཆེན་འདི་པ་ནི་བཙན་པོ་མང་སྲོང་མང་བཙན་དང་འདུས་སྲོང་མང་པོ་རྗེ་ཡབ་སྲས་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ། 

   22. ཁུ་མང་པོ་རྗེ་ལྷ་ཟུང་།

  《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》 ལས་འདི་ལྟ་བྱུང་སྟེ“སྟག་ལོ་སྟེ་སྤྱི་ལོ་702ལོར་མདོ་སྨད་གྱི་དགུན་འདུན་ནམ་ལྡོང་བྲོམ་དུ་ཁུ་མང་པོ་རྗེ་ལྷ་ཟུང་དང་། བློན་མང་རྩ་ན་ལྡོང་ཞྀས་བསྡུས་ཏེ། སུམ་རུའྀ་མཀོས་(མཁོས) ཆེན་པོ་བགྱིས། 705ལོར་ཁུ་མང་པོ་རྗེ་ལྷ་ཟུང་བློན་ཆེན་པོར་བཀའ་སྩལད། དེའི་རྗེས་ལ་གླྀང་རིངས་ཙལ་དུ་ཁུ་མང་པོ་རྗེ་ལྷ་ཟུང་ལ་བཀྱོན་ཕབ།ཅེས་འཁོད་དོ།  བློན་ཆེན་འདི་པ་ནི་འདུས་སྲོང་མང་པོ་རྗེ་དང་བཙན་པོ་ཁྲི་ལྡེ་གཙུག་བརྟན་ཡབ་སྲས་གཉིས་ཀྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ། 

  23. དབའས་ཁྲི་གཟིགས་ཞང་ཉེན། 

《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིག》 ལས་འདི་ལྟ་བྱུང་སྟེ་“སྦྲུལ་ལོ་སྟེ་སྤྱི་ལོ་705ལོར་དབའས་ཁྲི་གཟིགས་ཞང་ཉེན་བློན་ཆེན་ཕོར་བཀའ་སྩལད། 706ལོར་འདུན་མ་ན་མར་དུ་འབོན་ད་རྒྱལ་བཙན་ཟུང་དང་། བློན་ཆེན་ཕོ་ཁྲི་གཟིགས་གྱིས་བསྡུས་ཏེ། ལྷོ་འདུས་སྲེགས་ལ་བཀྱོན་ཕབ། 707ལོར་དབྱར་འདུན་ལྷ་གབ་དུ་འབོན་ད་རྒྱལ་དང་། བློན་ཆེན་པོ་ཁྲྀ་གཟིགས་གྱིས་བསྡུས་ཏེ། མངན་གྱྀ་ཁབ་སོ་ཁྲམ་སྤོས། 708ལོར་དབྱར་འདུན་མཁྲྀས་པ་ཏང་དུ་བློན་ཆེན་པོ་ཁྲྀ་གཟིགས་གྱིས་བསྡུས་ཏེ། སྐུ་སྲུངས་གྱི་ཁྲམ་དམར་ཕོ་བརྩྀས། 711ལོར་དབྱར་འདུན་གཞོང་ཕྱག་དུ་འབོན་ད་རྒྱལ་བཙན་ཟུང་དང་།  བློན་ཆེན་ཕོ་ཁྲི་གཟིགས་གྱིས་བསྡུས་ཏེ། ཆོག་རོ་ཁེང་གེ་ལ་བཀྱོན་ཕབ། 712ལོར་འབོན་ད་རྒྱལ་དང་བློན་ཆེན་པོ་ཁྲྀ་གཟིགས་གྱིས་བཙན་པོ་རྒྱལ་གཙུག་རུ་ལ་མཚན་ཁྲི་ལྡེ་གཙུག་རྩན་དུ་གསོལད། 713ལོར་འབོན་ད་རྒྱལ་དང་བློན་ཆེན་ཕོ་ཁྲྀ་གཟིགས་གྱིས་དབྱར་འདུན་ཟུ་སྤུག་གི་རྐྱང་བུ་ཙལ་དུ་བསྡུས་ཏེ་ལྔ་བརྒྱ་བསྐོས། 714 ལོར་འབོན་ད་རྒྱལ་དང་བློན་ཆེན་ཕོ་ཁྲི་གཟིགས་གཉིས་ཀྱིས་འབུ་ཤིང་ཀུན་དུ་དྲ་མ་དྲངས་ཏེ་སླར་འཁོརད་པར་ལོ་གཅིག  715ལོར་བློན་ཆེན་པོ་ཁྲི་གཟིགས་གྱིས་མདོ་སྨད་གྱི་དགུན་འདུན་རྒྱོད་དུ་བསྡུས་ནས།  མདོ་སྨད་གྱི་མཁོས་ཆེན་པོ་བགྱིས་པར་ལོ་གཅིག 717ལོར་མདོ་སྨད་གྱི་འདུན་མ་བློན་ཆེན་པོ་ཁྲི་གཟིགས་གྱིས་གཉི་ཇྀ་གེན་དུ་བསྡུས། 718ལོར་མདོ་སྨད་གྱི་དགུན་འདུན་བློན་ཁྲི་གཟིགས་གྱིས་ཡོལ་དུ་བསྡུས་ཕར་ལོ་ཆིག  719ལོར་མདོ་སྨད་གྱི་དགུན་མདུན་བློན་ཆེན་པོ་ཁྲྀ་གཟིགས་གྱིས་ཡོལ་དུ་བསྡུས་པར་ལོ་གཆྀག 721ལོར་བློན་ཆེན་ཕོ་ཁྲི་གཟིགས་གུམ།”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་དབའས་ཡིན་ལ་གནས་ཡུལ་ནི་ལྷ་སའི་སྐྱིད་ལུང་ཡིན་ནོ། 

   24. དབའས་ཁྲི་སུམ་རྗེ་རྩང་བཞེར། 

  《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》ལས་འདི་ལྟ་བྱུང་སྟེ “གླང་ལོ་སྟེ་སྤྱི་ལོ་713ལོར་གནུབས་ཁྲྀ་མཉེན་མོན་ཙན་གུམ་ནས། ཁུད་པ་ཆེན་པོ་དབའས་ཁྲྀ་སུམ་རྗེ་རྩང་བཞེར་ལ་ཕུལ་བར་ལོ་ཆིག 714ལོར་དགུན་འདུན་མནོན་དུ་བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱིས་བསྡུས། 715ལོར་འདུན་མ་འོ་ཡུག་གི་ནུབས་སུ་བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས་བསྡུས། 718ལོར་དབྱར་འདུན་གྲོ་པུར་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས་བསྡུས་ཏེ། དགས་ཕོ་ཁྲམ་དམར་ཕོ་བཏབ། 719ལོར་དབྱར་འདུན་དྲའི་ཟར་ཕུར་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེས་བསྡུས་ཏེ། རུ་གསུམ་གྱི་རྗེ་ཞིང་གྱི་ཕྱིང་རྀལ་གྱི་རྩིས་དང་། སོག་མའི་རྩིས་བགྱིས། 720ལོར་དབྱར་འདུན་དུངས་གྱི་མཁའ་བུར་ཞང་བཙན་ཏོ་རེ་དང་། བློན་ཁྲྀ་སུམ་རྗེས་བསྡུས་ཏེ། རྩང་ཆེན་གྱྀ་རྗེ་ཞིང་གླྀངས་གྱི་བྱིང་རིལད་གྱི་རྩིས་བགྱིས། 721ལོར་དབའས་ཁྲྀ་སུམ་རྗེ་རྩང་བཞེར་བློན་ཆེན་པོར་བཀའ་སྩལད། 722ལོར་དགུན་འདུན་མཁར་པྲག་དུ་བློན་ཆེན་ཕོ་ཁྲྀ་སུམ་རྗེས་བསྡུས་ཏེ། ཁབ་སོ་ཐུགས་ཉེན་གྱི་ལྷག་ཅད་བརྩྀས། 723ལོར་དགུན་འདུན་མོང་ཀར་དུ་བློན་ཁྲི་སུམ་རྗེས་བསྡུས། 724ལོར་དབྱར་འདུན་དབུ་རུ་ཤོད་གྱི་རྩྀའི་ལུང་དུ་བློན་ཆེན་པོ་ཁྲྀ་སུམ་རྗེས་བསྡུས། 725ལོར་དབྱར་འདུན་བློན་ཁྲྀ་སུམ་རྗེས་བལ་པོ་བྲྀའི་ཏང་དུ་བསྡུས། བློན་ཆེན་པོ་ཁྲྀ་སུམ་རྗེ་གུམ།”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ།           

   25. རྔེགས་མང་ཞམ་སྟག་ཚབ། 

  《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ“དེ་འི་འོག་དུ་རྔེགས་མང་ཞམ་སྟག་ཚབ་གྱིས་བྱས་སོ།”ཞེས་དང་། 《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》 ལས་“རྟ་ལོ་སྟེ་སྤྱི་ལོ་682ལོར་དགུན་འདུན་མང་ཉེན་བཞི་བརྩན་དང་། མང་ཞམ་སྟག་ཙབ་གཉིས་གྱིས་རྟེའུ་མཁར་དུ་བསྡུས། 719ལོར་རྔེགས་མང་ཞམ་སྟག་ཙབ་གྱིས་རྩང་ཆེན་གྱི་རྗེ་ཞིང་གྱི་པྱིང་རྀལ་བཏབ། 725ལོར་རྔེགས་མང་ཞམ་སྟག་ཙབ་བློན་ཆེན་པོར་བཀའ་སྩལད་པར་ལོ་གཅིག 726ལོར་དབྱར་འདུན་བློན་ཆེན་པོ་མང་ཞམ་གྱིས་ལྷ་གབ་དུ་བསྡུས། 727ལོར་བློན་ཆེན་ཕོ་མང་ཞམ་གུམ།”ཞེས་འཁོད་དོ། བློན་ཆེན་འདི་པ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ། 

   26. དབའས་སྟག་སྒྲ་ཁོང་ལོད། 

 《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ་“དེ་འི་འོག་དུ་དབའས་སྟག་སྒྲ་ཁོང་ལོད་ཀྱིས་བྱས།”ཞེས་དང་། 《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》 ལས། “སྟག་ལོ་སྟེ་སྤྱི་ལོ་726ལོར་མདོ་སྨད་གྱི་དགུན་འདུན་སྟག་སྒྲ་ཁོང་ལོད་གྱིས་གཙེ་ནམ་ཡོར་དུ་བསྡུས། 727ལོར་དབའས་སྟག་སྒྲ་ཁོང་ལོད་བློན་ཆེན་པོར་བཀའ་སྩལད། 728ལོར་དབའས་སྟག་སྒྲ་ཁོང་ལོད་ལ་བཀྱོན་ཕབ།”ཅེད་འཁོད་དོ།། བློན་ཆེན་འདི་པ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན་ནོ། 

    27. འབྲོ་ཆུང་བཟང་འོར་མང་། 

  《བློན་རབས་འཐོར་བུ་པ》ལས་འདི་ལྟ་བྱུང་སྟེ“དེ་འི་འོག་དུ་འབྲོ་ཆུང་བཟང་འོར་མང་གིས་བྱས་སོ།”ཞེས་དང་།《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》 ལས་“འབྲུག་ལོ་སྟེ་སྤྱི་ལོ་728ལོར་འབྲོ་ཆུང་བཟང་འོར་མང་བློན་ཆེན་པོར་བཀའ་སྩལད།  དགུན་འདུན་བྱས་ལྀངས་ཙལ་དུ་བློན་ཆེན་པོ་ཅུང་བཟང་གྱིས་བསྡུས་ཏེ། མངན་ཆེན་པོ་བརྒྱད་ལས་བཞྀར་བཅོས་པའི་ཏང་ཁྲམ་བཏབ།   729ལོར་བློན་ཆེན་པོ་ཅུང་བཟང་གྱིས་དགུན་འདུན་སྐྱྀ་ཤོ་མ་རར་བསྡུས་ཏེ་མུན་མག་གི་སྣོན་གོད་བརྩིས། 730ལོར་གཙེ་ནམ་ཡོར་དུ་བློན་ཆེན་པོ་ཅུང་བཟང་གྱིས་མཏོང་སོད་གྱི་མཁོས་བགྱིས་པར་ལོ་གཅིག 731ལོར་དགུན་འདུན་སྐྱྀ་ཤོ་མ་རར་བློན་ཆེན་པོ་ཆུང་བཟང་གྱིས་བསྡུས་ཏེ། 732ལོར་དགུན་འདུན་ལྷས་གང་ཚལ་དུ་བློན་ཆེན་པོ་ཆུང་བཟང་གྱིས་བསྡུས། 733ལོར་བློན་ཆེན་པོ་ཆུང་བཟང་གྱིས་ལྷས་གང་ཚལ་དུ་བསྡུས་ཏེ་རུ་བཞི་རབས་ཆད་བརྩྀས། 735ལོར་བློན་པོ་ཆུང་བཟང་འ་ཞ་ཡུལ་དུ་མཆིས། 743ལོར་བློན་ཆེན་པོ་ཆུང་བཟང་གིས་དབྱར་འདུན་བྲེང་དུ་བསྡུས། 744ལོར་དགུན་འདུན་སྐྱྀ་ཤོ་མ་རར་བློན་ཆེན་པོ་ཆུང་བཟང་དང་བློན་སྐྱེས་བཟང་གཉིས་ཀྱིས་བསྡུས་ཏེ་དམག་མྱི་མཁོས་ཆེན་པོ་བགྱིས། 746ལོར་བློན་ཆེན་པོ་ཅུང་བཟང་དང་བློན་སྐྱེས་བཟང་ལྡོང་ཙབ་གཉིས་ཀྱིས་དགུན་སྐྱྀ་བྱར་ལྀངས་ཙལ་དུ་བསྡུས་ཏེ་རུ་བཞིའི་འབྲོག་སོག་གི་མཁོས་བགྱིས། 747ལོར་དགུན་འདུན་དྲའི་རྩེ་གྲོར་བློན་ཅེ་ཅུང་བཟང་དང་འབལ་ལྡོང་ཙབ་སོགས་ཀྱིས་བསྡུས་ཏེ། འབྲོག་སོག་རྩིས་ཀྱི་མཇུག་བཅད་དོ།”ཞེས་འཁོད་དོ།། བློན་ཆེན་འདི་པ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་བློན་ཆེན་པོ་ཞིག་ཡིན། ཁོང་གི་གདུང་རུས་ནི་འབྲོ་ཡིན་ལ། 《བཀའ་ཐང་སྡེ་ལྔ་》 ལས་“ འབྲོ་ལ་བློན་པོ་ལྔ་བྱུང་སྟེ།”ཞེས་འཁོད་དོ། 

  28.འབལ་སྐྱེ་བཟང་ལྡོང་ཚབ། 

《བློན་རབས་འཐོར་བུ་པ》 ལས་འདི་ལྟ་བྱུང་སྟེ“དེ་འི་འོག་དུ་འབལ་སྐྱེ་བཟང་ལྡོང་ཙབ་ཀྱིས་བྱས་སོ།”ཞེས་དང་།《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》ལས་“སྦྲུལ་ལོ་སྟེ་སྤྱི་ལོ་729ལོར་བློན་སྐྱེས་བཟང་ལྡོང་ཙབ་ལས་སྩོགས་པས་མུ་ལེ་ཅུ་ལེར་གཡུལ་སྤྲད་དེ་རྒྱ་མང་པོ་བདུངས། 734ལོར་བློན་སྐྱེས་བཟང་ལྡོང་ཙབ་གྱིས་ཁྱི་ཤ་ཅན་ཕབ་པར་ལོ་ཆིག  737ལོར་བློན་སྐྱེས་བཟང་ལྡོང་ཙབ་གྱིས་བྲུ་ཤ་ཡུལ་དུ་དྲ་མ་དྲངས། 744ལོར་དགུན་འདུན་སྐྱྀ་ཤོ་མ་རར་བློན་ཆེན་པོ་ཆུང་བཟང་དང་བློན་སྐྱེས་བཟང་གཉིས་ཀྱིས་བསྡུས་ཏེ་དམག་མྱི་མཁོས་ཆེན་པོ་བགྱིས་ཏེ། བཙན་པོ་བཀས་ཁྲམ་དམར་པོ་ཤོག་ཤོག་སེར་པོ་ལ་སྤོས་པར་ལོ་ཆིག  746ལོར་བློན་ཆེན་པོ་ཆུང་བཟང་དང་བློན་སྐྱེས་བཟང་ལྡོང་ཙབ་གཉིས་ཀྱིས་དགུན་འདུན་སྐྱྀ་བྱར་ལྀངས་ཙལ་དུ་བསྡུས་ཏེ། རུ་བཞིའི་འབྲོག་སོག་གི་མཁོས་བགྱིས། བཙན་པོ་བཀས་སྟོང་སྡེའི་གླེའུ་ཐོགས་ལ་ཁྲལ་པ་གུ་དུ་སྤགས། 747ལོར་དགུན་འདུན་དྲའི་རྩེ་གྲོར་བློན་ཆུང་བཟང་དང་། འབལ་ལྡོང་ཙབ་ལས་སྩོགས་པས་བསྡུས་ཏེ་འབྲོག་སོག་རྩིས་ཀྱི་མཇུག་བཅད་དོ། 755ལོར་ལང་འབལ་གྱི་བྲན་སྤྱུགས་ཏེ་མཏོང་སོད་དུ་བཏོན། ལང་འབལ་བཀྱོན་ཕབ་པའི་ནོར་བརྩིས་པར་ལོ་གཅིག་”ཅེས་འཁོད་དོ།  བློན་ཆེན་འདི་པ་ནི་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའ

  • 顶