སྒོ་བྱང་མིང་ལ་འབྲེལ་སྒྲའི་ཕྲད་དགོས་སམ་མི་དགོས།
རིན་སྤུངས་ཉི་མ་དོན་གྲུབ།
སྒོ་བྱང་མིང་དུ་གྲུབ་པ་ལ།། ཕྲད་སྦྱོར་ཚིག་གིས་ཕན་པ་ཅི།། མིང་ནི་མིང་དང་ཚིག་ནི་ཚིག། མིང་ནི་བྱེད་པོའི་མོས་པར་བསྟུན།། བོད་པ་སྡེབ་འཚོང་ཁང་དང་ནི།། བོད་པའི་སྡེབ་འཚོང་གཉིས་དེ་ནོར།། གཅིག་ནི་དོན་ལ་གོ་འཛོལ་དང་།། གཞན་ནི་མིང་དེ་ཚིག་ཏུ་གྲུབ།། དེས་ན་ཐབས་གཞན་སྒྱུར་རྩལ་དགོས།། བཙོང་བྱའི་ངོ་བོར་བསྟུན་པས་ཆོག། དཔེར་ན་བོད་པ་མར་སྡེབ་འཚོང་།། བོད་པ་འཐུང་བྱ་སྡེབ་འཚོང་ཁང་།། བོད་པ་གྱོན་ཆས་སྡེབ་འཚོང་ཁང་།། དེ་དེ་བཞིན་དུ་མང་དུ་ཡོད།། བོད་པ་མིང་ལས་ཚིག་ཏུ་མིན།། དཔེར་ན་ཀྲུང་གོ་ལྷ་ས་མིང་།། ཀྲུང་གོའི་ལྷ་ས་ཚིག་ཏུ་གྲུབ།། ངོ་བོ་བཏོན་པའི་མིང་བྱང་ལ།། ཚིག་གི་གསལ་བཤད་རིང་དུ་སྤོངས།། དེའང་ཞིབ་ཏུ་མ་འགྲེལ་ན།། ལོ་ཙཱའི་ཚོགས་ཀྱི་ཀླད་པ་བཟི།། དེས་ན་ཐོག་མར་སྒོ་བྱང་དེ།། འཇུག་པའི་དོན་ལ་གཉིས་ཙམ་མོ།། གཅིག་ནི་སྒོ་ཐོད་མིང་བྱང་དང་།། དེ་ལ་རྒྱ་ཡི་招牌ཟེར། གཞན་ནི་སྒོ་སྦྱར་ཡི་གེའོ།། དེ་ལ་རྒྱ་ཡི་门牌ཟེར།། གཉིས་ཀར་བོད་ལ་སྒོ་བྱང་བྱ།། སྒོ་ཐོད་མིང་བྱང་ཚོང་ལ་དར།། ཚོང་ལས་ངོ་བོ་མངོན་པའི་མིང་།། གཙོ་བོ་མིང་ལས་ཚོང་ལ་འགུག། བཙོང་བྱ་ཅི་ཡིན་རྟོགས་པའི་མིང་།། དཔེར་ན་བཀྲ་ཤིས་ཇ་ཁང་དང་།། ལྷ་ས་བརྒྱ་ཟོག་ལྟ་བུའོ།། མིང་ལ་ཚིག་ཕྲད་དགོས་པ་མིན།། ཚིག་ཕྲད་བཅུག་ན་མིང་དུ་མིན།། ཕྲད་ལ་ཚིག་གི་ཕྲད་དུ་ལས།། མིང་གི་ཕྲད་དུ་བརྗོད་པ་མིན།། དེས་ན་ཚིག་ཕྲད་ཞེས་སུ་འབོད།། སྒོ་སྦྱར་ཡི་གེར་(门牌)ཁག་གཉིས་སྟེ།། གཅིག་ནི་མིང་གྲུབ་མིང་བྱང་ཙམ།། དཔེར་ན་ལས་ཁུངས་སྒོ་བྱང་བཞིན།། དེ་ལ་ཕྲད་མེད་གོང་དང་མཐུན།། གཞན་ནི་ཚིག་ཏུ་གྲུབ་པ་སྟེ།། དོན་གྱི་ཁྱད་པར་སྟོན་པའམ།། ཡང་ན་ཅི་ཞིག་གསལ་འགྲེལ་ལས། མིང་དུ་གྲུབ་པ་མིན་པའོ། དཔེར་ན་དགོན་པའི་ཇ་ཁང་དང་།། བོད་མིའི་ཁྲོམ་དང་བུའི་གསང་སྤྱོད།། དེ་དག་ཁྱད་སྟོན་ཡི་གེ་ལས།། མིང་དུ་གྲུབ་པའི་སྒོ་བྱང་མིན།། དེའང་དགོན་པའི་ཇ་ཁང་གི།། མིང་ལ་ཅི་ཟེར་དྲི་པས་ན།། སུ་ལ་མིང་ཞིག་བརྗོད་རྒྱུ་མེད།། དེ་བཞིན་བུ་ཡི་གསང་སྤྱོད་ཀྱི།། མིང་ལ་ཅི་ཟེར་དྲིས་གྱུར་ཀྱང་།། དེ་ལན་སུས་ཀྱང་ཐུབ་པ་མིན།། ཐོག་མར་དེ་གཉིས་དབྱེ་འབྱེད་བྱོས།། དེ་ནས་དཔེ་ཞིག་བརྗོད་པའི་ཚེ།། དེབ་མིང་ས་སྐྱ་ལེགས་བཤད་དང་།། ཨ་མདོ་བརྙན་འཕྲིན་ལས་ཁུངས་སོགས།། ས་སྐྱའི་ལེགས་བཤད་ཡིན་པ་དང་།། ཨ་མདོའི་བརྙན་འཕྲིན་ཡིན་གྱུར་ཀྱང་།། དེབ་མིང་འཕྲིན་ལམ་མིང་གྲུབ་པས།། བར་གྱི་འབྲེལ་སྒྲ་འབྲི་སྲོལ་སྤངས།། དེ་བཞིན་བྱང་ཕྱོགས་ཚོང་ཁང་དང་། ཀྲུང་གོ་དངུལ་ཁང་ལ་སོགས་ནི། རང་རང་ངོ་བོ་མཚོན་པ་ལས།། བྱང་གི་ཚོང་ཁང་ཀུན་ལ་མིན།། ཀྲུང་གོའི་དངུལ་ཁང་ཡོད་རྒུ་མིན།། དེ་དག་མིང་གྲུབ་འབྲེལ་སྒྲ་མེད།། འོན་ཏེ་ཚིག་གི་བརྗོད་པར་འབྲི།།ཡིན་ཡང་གཟབ་དགོས་ཆ་ཞིག་ནི།། ཀྲུང་གོ་དངུལ་ཁང་ཚིག་གྲུབ་དུས།། ཀྲུང་གོའི་ཀྲུང་གོ་དངུལ་ཁང་ལས།། ཀྲུང་གོའི་དངུལ་ཁང་བྲིས་གྱུར་ན།། ཞིང་ལས་འཛུགས་སྐྲུན་ཚོང་ལས་སོགས།། ཀྲུང་གོའི་དངུལ་ཁང་མཐའ་དག་ཚུད།། འདི་འདྲའི་རིགས་ཀྱང་མི་ཉུང་ཡོད།། བོད་པ་སྡེབ་འཚོང་མིང་དུ་གྲུབ།། འོན་ཏེ་གོ་འཛོལ་འགྲོ་བའི་སྐྱོན།། བོད་པའི་སྡེབ་འཚོང་ཁང་བྱ་བ།། ཁྱད་བརྗོད་སྒོ་སྦྱར་ཡི་གེ་ལས།། མིང་དུ་གྲུབ་པའི་སྒོ་བྱང་མིན།། འབྲེལ་སྒྲ་སྦྱར་བས་ཁྱད་ཆོས་བརྗོད།། དེ་དག་གོ་འཛོལ་མ་འཁྲུག་གྱིས།། མདོར་ན་ཚོང་ལས་སྒོ་བྱང་(招牌)ཀུན།། ངོ་བོ་བཏོན་པའི་མིང་ཡིན་པས།། འབྲེལ་སྒྲའི་ཕྲད་ནི་འབྲི་སྲོལ་མེད།། གཞན་དུ་སྒོ་སྦྱར་ཡི་གེ་(门牌)ལ།། འགའ་རེ་ཚིག་ཏུ་གྲུབ་པ་ཡོད། འགའ་རེ་མིང་དུ་གྲུབ་པ་ཡོད།། ཚིག་གྲུབ་ཕྲད་ཡིག་སྤྱོད་པ་ཡིན།། འོན་ཏེ་ཁྱད་ཆོས་མཚོན་པ་ལས།།སྒོ་བྱང་མིང་དུ་བརྗོད་མི་རུང་།། མིང་གྲུབ་སྒོ་བྱང་(门牌)དེ་དག་ལ།། འབྲེལ་སྒྲ་བྲིས་ན་མིང་མ་ཡིན།། བོད་ཀྱི་ལས་ཁུངས་སྒོ་བྱང་ལ།། སྤྱིར་ན་ཀུན་ལ་འབྲེལ་སྒྲ་མེད།། དེ་བཞིན་ཀུན་གྱིས་ཡང་ཡང་སོམས།། དེའང་རང་གི་ལས་ཀའི་ཁྲོད།། ངང་གིས་བསགས་པའི་མྱོང་བ་ཙམ།། ལས་རོགས་ལོ་ཙཱའི་ཁྱུ་ཚོགས་ལ།། དཔྱད་གཞི་བློ་བསྐྱེད་ཚུལ་དུ་འཕུལ།། ནོར་དང་འཛོལ་བའི་སྐྱོན་མཆིས་ན།། སྒོ་རྒྱབ་ཐལ་བའི་དོང་དུ་སྐྱུརད།།
ལྷ་ས་ནས།
ཡོང་ཁུངས། བོད་ཀྱི་རིག་གནས་འཕྲིན་སྟེགས།
འཕྲིན་སྟེགས། weikangba