བོད་ཀྱི་སྙན་ངག་རིག་པའི་གོ་དོན་དང་བྱུང་འཕེལ།

2018-01-17
214

 

  བོད་ཀྱི་སྙན་ངག་ཚིག་རྒྱན་རིག་པའི་གདོད་མའི་འབྱུང་ཁུངས་ན།  འཇིག་རྟེན་གྱི་རྩོམ་རིག་ལ་སྔ་བ་སྙན་ངག་དང༌།  སྙན་ངག་གི་གདོད་མའི་འབྱུང་ཁུངས་དམངས་གླུ་ཡིན་པར་རྩོམ་རིག་ལོ་རྒྱུས་སྨྲ་བ་ཐམས་ཅད་ཁ་འཆམ་པའི་ལྟ་ཚུལ་ཡིན་ལ།  རིགས་ཚུལ་གྱིས་དཔྱད་ནའང་དེ་ལས་འོས་མེད་ལྟ་བུར་སྣང་བས།  དེའི་དབང་དུ་བཏང་ན།  འཛམ་གླིང་མཐོ་སྒང་དུ་གནས་པའི་བོད་མི་རིགས་འདི་ལ་ལོ་རྒྱུས་ཀྱི་ཡ་མཐའ་མི་ཟིན་པའི་གནའ་སྔ་མོ་ཞིག་ནས་ཉེར་འཚོའི་མཐུན་རྐྱེན་སྒྲུབ་པའི་ཐབས་ཤེས་དང༌།  རིགས་མཐུན་མི་ཡི་འགྲོ་བར་འབྲེལ་འདྲེས་བྱེད་པའི་བརྡ་སྐད་རིག་གནས་སོགས་ཀྱང་ཚད་ངེས་ཅན་ཞིག་ཡོད་པར་རྗེས་སུ་དཔོག་ཅིང༌།  འཚོ་བའི་སྐྱིད་སྡུག་གཅིག་ཏུ་གནས་པའི་མི་རྣམས་ཕན་ཚུན་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་མཚོན་པའི་གླུ་དང་བྲོ་གར་སོགས་ཀྱང་གདོད་མའི་དུས་ནས་བྱུང་བར་མི་ཡི་འགྲོ་བའི་ཆགས་རིམ་གྱི་སྤྱི་བབས་སུ་སྣང་ལ།  བོད་ཀྱི་ཁ་དཔེར།  སྐད་ཆ་བཤད་ཤེས་པ་དང་གླུ་ལེན།  གོམ་པ་སྤོ་ཤེས་པ་དང་བྲོ་འཁྲབ་ཟེར་བ་ཡང་དམངས་ཁྲོད་དུ་གླུ་དང་བྲོ་གར་དར་ཆེ་བའི་གནས་ཚུལ་ངོ་མ་ཞིག་མཚོན་འདུག་སྙམ།  བོད་ཀྱི་དམང་གླུའི་ཕྱོགས་ནས་བཤད་ན་གྲངས་དང་རྣམ་པ་མང་བ་དང༌།  སྒྱུ་རྩལ་ཆུ་ཚད་མཐོ་བ།  དམངས་ཁྲོད་དུ་དར་ཆེ་བའི་ཆ་ནས་འགྲན་ཟླ་མེད་པའི་ཚོད་དུ་སྣང༌།  དམངས་གླུ་མང་པོ་ཞིག་ཡི་གེ་མེད་པའི་གོང་རོལ་ནས་མི་རབས་མི་ཐོག་ལ་ཁ་ནས་ཁར་བརྒྱུད་དེ་འོང་བ་ཤ་སྟག་རེད།  ཟད་མཐའ་མེད་པའི་དམངས་གླུ་དེ་རིགས་གནའ་ནས་ད་ལྟའི་བར་བོད་མི་དམངས་ཀྱི་སེམས་ཀྱི་དགའ་སྐྱོ་མཚོན་པའི་སྙན་ངག་ཡིན་པར་མ་ཟད།  ཕྱིས་སུ་དར་བའི་ཡིག་ངོས་སྙན་ངག་གི་འབྱུང་ཁུངས་ཀྱང་ཡིན་པར་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་ནུས་སོ། 

  དུས་རབས་སོ་སོའི་སྙན་ངག་དར་ཚུལ་ལ།  བོན་གྱི་དུས་རབས་དང༌།  ཆོས་ཀྱི་དུས་རབས་གཉིས་ལས། ཕྱི་མ་ལ་ཡང་སྙན་ངག་གི་གཞུང་ལུགས་མ་དར་གོང་དང་སྙན་ངག་གི་གཞུང་ལུགས་དར་བའི་རྗེས་ཀྱི་དུས་རབས་གཉིས་སུ་ཡོད་དོ།།  བོན་གྱི་དུས་རབས་ནི་དུས་རབས་བདུན་པའི་ཡན་ཆད་དེ།  དུས་ཡུན་རིང་པོ་ཞིག་ལ་བོན་གྱི་རིག་གནས་དར་བ་ཡིན་ལ།  སྐབས་དེར་བོན་པོ་ནི་སྤྱི་ཚོགས་སྟེང་གི་ཤེས་ཡོན་ཅན་དང་རིག་གནས་པ་ཡིན་པས།  ལྷ་བ་མོ་བ་དང་ཆབ་སྲིད་ཀྱི་བློ་སྟོན་པ་ཡིན་ལ།  གླུ་བ་སྒྲུང་བ་གཉེན་དང་གྱོད་བཤད་མཁན་ཡང་ཡིན།  ལྷ་གསོལ་འདྲེ་མཆོད།  ཚེ་སྒྲུབ་གཡང་འགུགས། གསོན་པོའི་སྐུ་རིམ། ཤི་བོའི་ལམ་སྟོན་ཚང་མ་བོན་པོར་བརྟེན་པ་ཡིན་པས་རབ་སྲིད་སྒྲུབ་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་བཤད་སྒྲོས་དེ་བྱུང་བ་རེད།  དུས་དེར་གླུ་གར་ལྡེའུ་དང་སྒྲུང་སོགས་དར་བར་སྣང་ལ།  མ་སངས་སྒྲུང་དང་མཆིལ་པའི་སྒྲུང་སོགས་ཡོད་པར་གྲགས།།  དེང་སང་འཛམ་གླིང་ན་གྲགས་ཆེ་བའི་ལོ་རྒྱུས་སྙན་ངག་གཞུང་ཆེན་གསུམ་གྱི་གཅིག་ཏུ་བརྩི་བའི་《གེ་སར་སྒྲུང་》ཡང་སྙན་འཇེབས་གླུ་ཚིག་གི་རྣམ་པར་གྲུབ་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་ལ།  སྒྲུང་འདིའི་བརྗོད་བྱའི་ལོ་རྒྱུས་ཀྱི་གནས་སྟངས་སོགས་ལ་བལྟས་ན་གདོད་མའི་དུས་ནས་བྱུང་བ་ཞིག་ཡིན་པར་གོར་མ་ཆག

  གཞན་ཡང་བོན་པོ་རྣམས་ཀྱིས་ལྷ་གསོལ་འདྲེ་མཆོད་བྱེད་པའི་མཆོད་བསྟོད་དང༌།  གསོལ་འདེབས་སོགས་ཀྱང་རྔུ་སྦུབས་རོལ་མོ་སོགས་དང་སྦྲགས་ནས་དབྱངས་རྟ་སྙན་པོས་གྱེར་འདོན་བྱེད་པ་ཞིག་ཡིན་པས་བོན་གྱེར་ཞེས་པའི་ཐ་སྙད་བྱུང་ཞིང༌།  གྱེར་འདོན་བྱེད་པའི་ཚིག་ཀྱང་སྡེབ་སྦྱོར་མཉམ་ཞིང་གླུ་དང་སྙན་ངག་གི་ཁྱད་ཆོས་ཡོད་པ་ནི་དེ་ལས་མཆེད་པའི་དེང་སང་གི་བསང་སྔོན་གཏོ་མདོས་སོགས་ཀྱི་ཚིག་སྦྱོར་ལས་ཀྱང་ཤེས།  ཡང་ཏུན་ཧོང་གི་ཡིག་རྙིང་ལས་བྱུང་བའི་གནམ་རི་སྲོང་བཙན་གྱི་བློན་པོ་ཁྱུང་པོ་སྤུངས་སད་དང་མང་པོ་རྗེ་ཞང་སྣང་གཉིས་ཕན་ཚུན་ཤགས་འདེབས་པའི་གླུ་དང༌།  སྲོང་བཙན་སྒམ་པོའི་སྲིང་མོ་སད་མར་ཀར་གྱིས་བླངས་པའི་གླུ།  རྗེ་འབངས་ཀྱི་མགུར་སོགས་བརྡ་དང་ཚིག་གི་སྦྱོར་སྟངས་སོགས་ཀྱི་སྟེང་ནས་གདོད་མའི་རྣམ་པ་མ་འགྱུར་བར་ཡོད་པས།  རྒྱལ་བསྟན་མ་དར་གོང་གི་གླུ་རྙིང་གི་ཆུ་ཚད་མཚོན་ཐུབ་བོ།།  གནས་ཚུལ་འདི་དག་ལས་དམ་པའི་ཆོས་མ་དར་གོང་སྔོན་སྔ་མོ་ནས་བོད་རང་ལ་གླུ་དང་སྙན་ཚིག་ཡོད་པས།  གླུ་དང་སྒྲུང་སོགས་རྩོམ་རིག་སྙན་ཚིག་གང་ཡང་མི་རིགས་གཞན་ཞིག་ལ་ཁུངས་བཅོལ་མི་དགོས་པར་ཤེས་དགོས་སོ།  ཆོས་ཀྱི་དུས་རབས་ལ་སྙན་ངག་གི་གཞུང་གི་འཆད་ཉན་དར་མ་དར་གྱི་གནས་སྐབས་ལྔ་ཕྱི་གཉིས་ལས།  སྔ་མ་དུས་རབས་བདུན་པའི་སྟོད་ལ་ཆོས་བསྒྱུར་མགོ་བརྩམས་པ་ནས་དུས་རབས་བཅུ་གསུམ་པའི་དཀྱིལ་སྟོད་《སྙན་ངག་མེ་ལོང་》བསྒྱུར་པའི་བར་ལོ་དྲུག་བརྒྱ་ཙམ་གྱི་རིང་ལ་སྙན་ངག་གི་གཞུང་ལུགས་འཆད་ཉན་མ་དར་ན་ཡང༌།  སངས་རྒྱས་ཆོས་ཀྱི་གཞུང་ལུགས་བསྒྱུར་སྤེལ་སློབ་གཟེར་སོགས་དར་བས།  བོད་ཀྱི་མཁས་པ་རྣམས་ལ་སྔ་ན་མེད་པའི་སྙན་ངག་གི་སློབ་གསོ་ཐེབས་ཤིང༌།  བསམ་པའི་འཁྱེར་སོ་དང་རྩོམ་ཉམས་རྩོམ་སྟངས་སོགས་སྒོ་ཀུན་ནས་སྔ་ན་མེད་པའི་རིག་གནས་ཀྱི་རྣམ་པ་གསར་པ་ཞིག་བྱུང་ཡོད་པ་སུས་ཀྱང་བསྙོན་འདིང་བར་མི་ནུས་སོ།

  དེ་ཡང་སངས་རྒྱས་ཆོས་ཀྱི་གཞུང་ལུགས་ནི་ཟད་རྣོན་ཤེས་རབ་ཀྱི་འོད་སྟོང་འཕྲོ་ཞིང༌།  རྒྱ་ཆེན་ཤེས་བྱའི་སྒོ་འཕར་ཕྱོགས་མེད་དུ་ཡངས་པོར་ཕྱེ་བ་ཞིག་ཡིན་པས།  རྩོམ་རིགས་སྙན་ངག་སོགས་ཀྱི་ཤེས་རྒྱ་དང་བློ་རིག་ཆེར་བསྐྱེད་ཀྱི་ནུས་པ་ཐོན་པར་མ་ཟད། ཚིགས་བཅད།  དབྱངས་སྙན།  རྟོགས་བརྗོད།   སྐྱེས་རབས་ཀྱི་སྡེ་སོགས་རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་མང་པོ་ཞིག་སྡེབ་ལེགས་སྙན་འཇེབས་སྙན་ངག་གི་ལུས་སུ་གྲུབ་པ་དང༌།《མངོན་པར་འབྱུང་བའི་མདོ་》ལས།  བྱང་ཆུབ་སེམས་དཔའ་སེམས་ཅན་འདུན་པར་བྱ་བའི་ཕྱིར་སྙན་ངག་གི་བསྟན་བཅོས་བསླབ་པར་བྱ་སྟེ་ཞེས་དང༌།《མདོ་སྡེ་བསྐལ་པ་བཟང་པོ》ལས།ྭསྙན་ངག་གི་ཚིགས་བཅད་གཅིག་གིས་བསྟོད་པས་སེམས་བསྐྱེད་པར་གསུངས་པ་སོགས་སྙན་ངག་ནི་འགྲོ་དོན་བྱེད་པ་དང༌།  ཚོགས་བསག་པའི་ཐབས་སུ་ལྟ་བ་ཡིན་ནོ།།

  སྔོན་དུས་རྒྱ་གར་ཡུལ་དུ་གླུ་གར་རོལ་མོ་སྙན་ངག་སོགས་ཐུན་མོང་གི་རིག་གནས་ཀྱང་ཤིན་ཏུ་དར་ཆེ་ཞིང༌།  ཆོས་བསྒྱུར་པའི་སྐབས་སུ་《སྐྱེས་རབས་སོ་བཞི་པ་》དང༌།《རྟོགས་བརྗོད་དཔག་བསམ་འཁྲི་ཤིང་》སོགས་ཆོས་ལུགས་ཀྱི་སྙན་ངག་གྲགས་ཆེན་སྐོར་ཅིག་བསྒྱུར་པར་མ་ཟད།《རཱ་མ་ཎའི་རྟོགས་བརྗོད》《སྤྲིན་གྱི་ཕོ་ཉ》《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར།》《ཀླུ་ཀུན་ཏུ་དགའ་བའི་ཟློས་གར་》སོགས་ཐུན་མོང་གི་སྙན་ངག་གྲགས་ཆེན་སྐོར་ཅིག་ཀྱང་བསྒྱུར་ནས་སྙན་ངག་གི་དགའ་ཚལ་རྒྱས་པར་བྱས་སོ།ྭརྒྱུ་མཚན་དེ་དག་ལས།  བོད་དུ་ཡིག་ངོས་སྙན་ངག་རྩོམ་རིག་བྱུང་ཞིང༌། 《རྗེ་བཙུན་མི་ལའི་རྣམ་མགུར་》དང༌།  ནག་ཚོའི་《བསྟོད་པ་བརྒྱད་ཅུ་པ》འབྲོམ་སྟོན་པའི་《བསྟོད་པ་སུམ་ཅུ་པ》ས་ཆེན་གྱི་《བི་རུ་བའི་བསྟོད་པ།》ས་པཎ་གྱི་《ལེགས་བཤད་རིན་པོ་ཆེའི་གཏེར》སོགས་ཚིག་དོན་གཉིས་ཆར་སྙན་ངག་གི་ཁྱད་ཆོས་ལྡན་པའི་སྙན་རྩོམ་ཡང་མང་དུ་བྱུང་ངོ།།

  དུས་རབས་བཅུ་གསུམ་པའི་དཀྱིལ་ཙམ་ལ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རྩོམ་རིག་གི་སྤྱི་ཁོག་འབུབས་པའི་གཞུང་དཎྜིའི《སྙན་ངག་མེ་ལོང་》བསྒྱུར།  དེ་ནས་བཟུང་སྟེ་ད་ལྟའི་བར་ལོ་བདུན་བརྒྱ་དང་ལྔ་བཅུ་ཙམ་སོང༌།  ཤོང་དཔང་ཡབ་སྲས་ཀྱིས་《སྙན་ངག་མེ་ལོང་》བསྒྱུར་པ་ནས་བཟུང༌།  བོད་ཀྱི་སྙན་ངག་དང་རྩོམ་རིག་འཕེལ་རྒྱས་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཞིང༌།  གཙོ་ཆེ་ས་ནས་བཤད་ན་ཕྱོགས་གསུམ་སྟེ།  བོད་དང་སོག་ཡུལ་སོགས་ནང་བའི་དགོན་སྡེ་ས་གར་ཁྱབ་ཏུ་སྙན་ངག་གཞུང་གི་འཆད་ཉན་དར་ཞིང༌།  གྲུབ་མཐའ་རིས་མེད་ཀྱི་མཁས་པས་《སྙན་ངག་མེ་ལོང་》ལ་འགྲེལ་པ་དང་དཔེར་བརྗོད་མང་དུ་མཛད་ཅིང༌།  ད་ལྟའི་བར་དུ་མིག་མཐོང་ལག་ཟིན་དུ་ཡོད་པའང་བརྒྱ་ཕྲག་ལྷག་ཡོད་ལ།  གཞུང་གཅིག་ལ་འགྲེལ་པ་དང་དཔེར་བརྗོད་འདི་ཙམ་མང་བ་འཛམ་གླིང་ན་ཡང་དཀོན་པར་སྣང༌།《སྙན་ངག་མེ་ལོང་》གི་འཆད་ཉན་རྒྱས་པས།  ཚིག་ཉམས་དང་དོན་ཉམས་སོགས་སྙན་ངག་གི་མཛེས་རྩལ་ཕྱོགས་ལ་སྔ་ན་མེད་པའི་ཡར་སྐྱེད་ཆེན་པོ་བྱུང་ཞིང་སྔ་ཕྱིའི་རྩོམ་རྣམས་བསྡུར་ན་སྒྱུ་རྩལ་སྟེང་དུ་ཤིན་ཏུ་ཁྱད་ཆེ་བར་མངོན།  བོད་ཀྱི་སྙན་ངག་གི་ལོ་རྒྱུས་ཐོག་ཤར་ཙོང་ཁ་པ་ཡབ་སྲས་དང༌།  རིན་སྤུངས་པ།  རྒྱལ་དབང་ལྔ་པ།  བོད་མཁས་པ།  མདོ་མཁར་བ།  འཇིགས་མེད་དབང་པོ།  གང་ཐང་བསྟན་པའི་སྒྲོན་མེ་སོགས་སྙན་པ་འཛམ་གླིང་དུ་ཁྱབ་པའི་སྙན་ངག་སྨྲ་བ་མང་དུ་བྱོན་ཅིང།  བསྟོད་ཚོགས་དང༌།  རྟོགས་བརྗོད།  བསླབ་བྱ།  གསོལ་འདེབས།  མགུར་གླུ།  འཕྲིན་ཡིག།  བསྟན་བཅོས།  འབོལ་རྩོམ་སོགས་དབྱངས་ཅན་ཏམྦུ་རའི་རྒྱུད་ལས་དྲངས་པའི་སྙན་རྩོམ་ནམ་མཁའི་དབྱིངས་སུ་བཀྲ་བའི་རྒྱུ་སྐར་གྱི་གྲངས་ལ་འགྲན་ཞིང་འཛམ་གླིང་རྩོམ་རིག་གི་དགའ་ཚལ་མཛེས་པའི་རྒྱན་དུ་ལྷམ་མེར་ལྷང་ངེར་བཀྲའོ།།

  • 顶