རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ།

2018-01-04
406

རིག་ལུགས་བྱུང་ཚུལ།

   དེ་ཡང་བསྟན་པ་ཕྱི་དར་གྱི་དུས་མཇུག་ཙམ་ལ་ཁྱུང་པོ་གཡུ་ཁྲི་འབར་ཞེས་པའི་བྲིས་ལུགས་ལ་སྦལ་ལུགས་དང་མང་ལུགས་གཉིས་སུ་གྱེས་ཏེ་ད་ལྟ་འཕན་ལུགས་དང་ངོར་དུ་ཡོད་པ་རྣམས་ནི་སྦལ་ལུགས་དང་། མང་ལུགས་ནི་ད་ལྟ་ཁམས་ཕྱོགས་སུ་ཡོད་པའི་བྲིས་རྒྱུན་ཡིན་པར་བཤད། སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་པོ་བཞེངས་ནས། བཀའ་འགྱུར་སོགས་པར་ཤིང་རྐོ་སྐབས་སི་ཏུ་པཎ་ཆེན་གྱིས་ཞུས་དག་མཛད་ཅིང་། ཁམས་དབུས་ཨམ་གསུམ་གྱི་བྲིས་མཁན་རྣམས་བསྡུས་ནས།ཡུལ་འདིར་བཀའ་བརྒྱུད་སྒར་བྲིས་དང་། དགའ་ལྡན་བྲིས་གསར་སོགས་བྲིས་རྒྱུན་དུ་མ་བྱུང་ཡོད་པ་རྣམས་ལ་ཡིག་ཐིག་དང་སྒོ་བསྟུན་ཏེ་ལེགས་ཆ་ཕྱོགས་གཅིག་ཏུ་བསྡེབས་ནས། དབུ་ཅན་དང་དབུ་མེད་ཀྱི་བྲིས་ཚུགས་རང་རྐང་ཐུབ་པ་ཞིག་དར་ཁྱབ་བྱུང་ཡོད་པ་འདི་ལ་དོན་ཐོབ་ཀྱི་མིང་ལ་སྡེབ་བྲིས་དང་། ཡུལ་གྱི་མིང་གིས་སྡེ་བྲིས་ཞེས་ཡོངས་སུ་གྲགས་པ་འདི་བྱུང་བ་ཡིན། རྗེས་སུ་ཀོང་སྤྲུལ་གྱི་སློབ་མ་ཀརྨ་ཚེ་དཔལ་གྱི་བྲིས་རྒྱུན་ལས་སྡེ་དགེའི་བྲིས་གསར་རམ། ཀུ་སེའི་བྲིས་སོགས་ཀྱི་བྲིས་རྒྱུན་ཡང་བྱུང་ཡོད་པ་ཡིན་ཞིང་།དེ་ནས་སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་རིག་འཛིན་བསྟན་སྲུང་གིས་རིག་ལུགས་འབྲི་རྒྱུན་གྱི་རྨང་གཞིའི་སྟེང་དུ་སྤྱི་ལོ༡༩༨༦ནས༢༠༡༦ལོའི་བར་གྱི་ལོ་སུམ་ཅུའི་རིང་ལ་ཞིབ་འཇུག་བྱས་ཏེ༼རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ༽གསར་སྐྲུན་བྱས་པ་རེད། 

རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ་གྱི་ཁྱད་ཆོས། 

   ད་ལྟར་ཡིག་གཟུགས་ཀྱི་མཚོན་ཚུལ་དེ་རྩ་གཉིས་བར་སྟོང་གི་བཀག་རྒྱ་ལས་སྔར་ནས་བརྒལ་ཞིང་ལངས་གཟུགས་ཅན་གྱི་མཚོན་ལུགས་ལ་མཐོང་ཆེན་ཇེ་ཆེར་བྱེད་བཞིན་ཡོད་ཅིང་། ལྷག་དོན་རྟགས་མཚོན་གྱི་ཇུས་འགོད་ཁྲོད་དུ་ལངས་གཟུགས་ཀྱིས་མཚོན་པའི་ཡིག་གཟུགས་ཀྱིས་མི་རྣམས་ལ་མཐོང་ཚོར་གསར་པ་བྱིན་ནུས་པ་རེད། རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་ལ་ཞིབ་ཏུ་མཇལ་བ་ཡིན་ན་གྲིབ་གཟུགས་ཀྱི་ཐབས་དང་འབུར་བརྐོས་ཀྱི་ཐབས།བརྟོལ་མཐོང་གི་ཐབས་བཅས་སྤྱད་ཡོད་པ་ཤེས་ཐུབ།དངོས་པོ་གང་རུང་ཞིག་བར་སྟོང་ཁྲོད་དུ་གནས་ཚེ་མདུན་རྒྱབ་ཀྱི་གྲིབ་གཟུགས་ཆགས་ངེས་པས་ཡི་གེའི་གཡོན་སྟོད་དུ་འོད་ཐད་ཀ་ཕོག་སར་ཡོད་ཚེ་གཡས་ཕྱོགས་སུ་གྲིབ་གཟུགས་ཤར་ངེས་པ་རེད། རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ་ཁྲོད་དུ་ཡི་གེའི་གྲིབ་གཟུགས་བརྒྱུད་ནས་ཡི་གེ་རང་ཉིད་ལས་ཡི་གེའི་གྲིབ་གཟུགས་ཀྱི་མཐོང་ཚོར་འགུགས་ཤུགས་དེ་བས་ཆེ་རུ་བཏང་ཡོད། འབུར་བརྐོས་ཀྱི་ཐབས་ལ་བརྟེན་ནས་མི་རྣམས་ལ་འབར་འབུར་གྱི་རེག་བྱར་ཐུག་འདོད་ཀྱི་སྤྲོ་བ་ཀུན་ནས་བསླངས་ཡོད།དངོས་པོ་གང་ཡང་རུང་བ་བར་སྟོང་དུ་གནས་ཚེ། གྲིབ་གཟུགས་དང་བརྟོལ་མཐོང་གི་འབྲེལ་བ་ཆགས་ངེས་ཤིང་། 

  རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ་ཁྲོད་དུ་ཡིག་གཟུགས་ཀྱི་བརྟོལ་མཐོང་མཚོན་ཚུལ་ཐད་ལྟ་ཕྱོགས་ཀྱི་ཇུས་འགོད་ལ་དོ་སྣང་ལྷག་པར་བྱས་ཡོད་ཅིང་། ལྟ་ཕྱོགས་མི་འདྲ་བར་གཞིགས་ནས་བརྟོལ་མཐོང་གི་འབྲེལ་བ་མི་འདྲ་བ་ཆགས་ཡོད། བརྟོལ་མཐོང་གནད་ལ་འཁེལ་ཞིང་ལྟ་ཕྱོགས་རན་པ་ཡིན་པ་ནི་རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་འབྲི་རྩལ་གྱི་ཐུན་མིན་ཁྱད་ཆོས་ཡིན་ནོ།། རིག་ལུགས་ཀྱི་བོད་ཡིག་ལངས་གཟུགས་བརྩམས་ཆོས་ནི་དགེ་རྒན་ཆེན་མོ་བ་རིག་འཛིན་བསྟན་སྲུང་གི་པུར་རྩེ་ལས་འཁྲུངས་པའི་གསར་སྐྲུན་གྱི་འབྲས་བུ་ཡིན་ཞིང་། ཆོས་འཇིག་རྟེན་གཉིས་ཆའི་ནང་དོན་ཕུན་སུམ་ཚོགས་པ་དང་།

  ཡིག་གཟུགས་ལ་མཛེས་ཉམས་དང་བྱིན་མདངས་རང་ཤུགས་སུ་ཆགས་ཤིང་། མཐའ་ཤན་བརྒྱན་སྟངས་ལེགས་ཤིང་སྤུས་དག་པ།བོད་ཤོག་གི་ཕྱག་བྲིས་མ་དང་རྩིས་འཕྲུལ་གྱི་ཐབས་ལ་བརྟེན་པའི་ཚོན་བྲིས་མ་སོགས་མང་པོ་ཡོད་ཅིང་སྒྱུ་རྩལ་རང་བཞིན་དང་ཉར་ཚགས་རིན་ཐང་ཤིན་ཏུ་ཆེ་བའོ།། 

  • 顶