དགྲ་ཤ་འཁོན་ལེན་གྱི་སྲོལ་ངན་ལས་རྣམ་པར་རྒྱལ་བའི་བསླབ་བྱ།

2016-11-09
338

  དགྲ་ཤ་འཁོན་ལེན་གྱི་སྲོལ་ངན་ལས་རྣམ་པར་རྒྱལ་བའི་བསླབ་བྱ།       

                      མཁར་བླ་ཀརྨ་འཕྲིན་ལས་ཀྱིས་བརྩམས་པ།       

  ༼ རྒནཀརྨ་འཕྲིན་ལས་མཆོག་ནི།  གྲགས་ཅན་གྱི་བོད་རིག་པ་མཁས་ཅན། ཡིག་གཟུགས་མཁས་ཅན། རྩོམ་པ་པོ། བོད་ལྗོངས་སློབ་ཆེན་གྱི་དགེ་ཆེ་སྐུ་གཞོན་ཡིན་པ་མ་ཟད།༼ རྒན་ཡོན་ཞུས་པ་༽ཀྲུང་གོ་ཡིག་གཟུགས་མཁས་པའི་ལྷན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་ནང་བསྟན་གྱི་གདན་ཞུས་དགེ་རྒན་ཆེ་མོ་དང་། བོད་ལྗོངས་ཡིག་གཟུགས་མཁས་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པ་རེད། ༽ 

  ནང་དོན་གནད་བསྡུས།       

  རྩོམ་ཡིག་འདི་ནི་རེ་ཁེའི་ཚོང་པ་ཨ་སྲོང་གི་རང་གི་མི་ཚེའི་ལྟ་བ་མཚོན་ཆེད་དུ་བསྐུལ་བ་ཞིག་ཡིན་པ་དང་།  བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཀརྨ་འཕྲིན་ལས་མཆོག་གིས་བརྩམས་པ་ཞིག་ཡིན་འདུག  རྩོམ་ཡིག་འདིའི་གཙོ་དོན་ལྟར་ན།  ཚོང་པ་ཨ་སྲོང་གིས་དེང་སྐབས་དཀར་མཛེས་དང་ཉག་རོང་དང་ས་ངན་སོགས་མདོ་ཁམས་ས་ཁུལ་འགའ་རེར་དགྲ་ཤ་འཁོན་ལེན་གྱི་མི་གསོད་ཉེས་ཅན་པ་རྣམས་ནི་ཕོ་རྒོད་པོའམ་དཔའ་བོར་བརྩིས་པའི་སྲོལ་ངན་ཞིག་ཡོད་པ་མ་ཟད།  རྐུན་ཇག་གི་ལས་ངན་བྱེད་མཁན་རྣམས་ཀྱང་ཕོ་རྒོད་པོར་བརྩིས་པའི་སྲོལ་ངན་ཞིག་ཡོད་ཐོག  ད་དུང་ཕ་ཚོ་ཟེར་བའི་ངན་པ་ཁ་མཐུན་གྱི་དུད་ཚང་ལའང་སྟོབས་ལྡན་དུདཚང་ཞེས་བསྟོད་སྲོལ་ངན་པ་ཞིག་དར་ཡོད་ཚུལ་གསུངས་འདུག་པ་མ་ཟད།  སྲོལ་ངན་དེ་དག་གིས་ད་ཕན་མདོ་ཁམས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པའི་ལོ་རྒྱུས་ཤིན་ཏུ་མང་ལ།  ལྷག་པར་དུ་དུས་ད་ལྟའང་མདོ་ཁམས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད་རྐྱེན།  འབྱུང་འགྱུར་མ་འོངས་པར་ཡང་སྲོལ་ངན་དེ་དག་གནས་ཡུལ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཆེན་པོ་བཟོ་ངེས་ཡིན་པས་ན།  ཐོག་མར་སྲོལ་ངན་དེ་དག་དར་ཡུལ་གྱི་མི་དམངས་རྣམས་ལ་གང་འདྲ་ཞིག་ཕོ་རྒོད་པོ་ཡིན་པ་དང་།  གང་འདྲ་ཞིག་ལ་དཔའ་བོ་ཞེས་པ།  གང་འདྲ་ཞིག་ལ་སྟོབས་ལྡན་དུད་ཚང་ཡིན་པའི་གནད་དོན་ཐད་ལེགས་ཉེས་བླང་དོར་དབྱེ་འབྱེད་གསལ་བའི་བསླབ་བྱའི་རྩོམ་ཡིག་ཅིག་རེ་སྐུལ་ལྟར།  རྩོམ་ཡིག་དེའི་ནང་ཕོ་རྒོད་པོ་ཞེས་བྱ་བ་ནི་དམ་པའི་ཆོས་ནས་བཤད་ན།  རྗེ་བཙུན་མི་ལ་ལྟ་བུར་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  རྒྱལ་པོའི་ངོས་ནས་བཤད་ན།  མེས་དཔོན་རྣམ་གསུམ་ལྟ་བུར་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  རིག་གནས་ཐོག་ནས་བཤད་ན།  ཐོན་མི་སམྦྷོ་ཌ་ལྟ་བུར་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  དགེ་རྒན་ངོས་ནས་བཤད་ན།    སློབ་ཕྲུག་ལ་ལྷག་བསམ་ཟོལ་མེད་ཀྱིས་འགན་འཁུར་མཁན་མར་པ་ལོ་ཙཱ་ལྟ་བུར་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  ཕ་མ་ལྟ་བུར་མཚོན་ན།  རང་གི་བུ་ཕྲུག་གི་མདུན་ལམ་ལ་འཐུས་ཤོར་མེད་པར་ལྷག་བསམ་ཟོལ་མེད་ཀྱིས་ཡོན་ཏན་སློབ་རུ་འཇུག་མཁན་རྣམས་ལ་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  ཚོང་པ་ལྟ་བུར་ཆ་བཞག་ན།  ཚོང་དཔོན་ནོར་བུ་བཟང་པོ་ལྟ་བུར་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  བཟོ་པ་ལྟ་བུར་ཆ་བཞག་ན།  ཕོ་བྲང་པོ་ཏ་ལ་བཞེངས་མཁན་གྱི་བཟོ་པའི་གྲལ་རིམ་ལ་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  འབྲོག་པ་ལྟ་བུར་ཆ་བཞག་ན།  བཙན་པོའི་དུས་སུ་གཡག་རྒོད་བརྟུལ་ནས་འབྲོག་ལས་འཕེལ་རྒྱས་གཏོང་མཁན་གདོད་མའི་འབྲོག་པ་དང་།  དེང་སྐབས་འབྲོག་ལས་འཕེལ་རྒྱས་གཏོང་མཁན་རྣམས་ལ་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  ཞིང་པ་ལྟ་བུར་ཆ་བཞག་ན།  གདོད་མའི་ཞིང་ལས་འཕེལ་རྒྱས་གཏོང་མཁན་བོད་ཀྱི་གདོད་མའི་ཞིང་པ་དང་།  ད་ལྟའི་ཞིང་ལས་ཐོན་སྐྱེད་གནང་མཁན་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་ཕོ་རྒོད་པོ་ཞེས་ཟེར་དགོས་པ་དང་།  ད་དུང་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁའི་འཇིགས་པ་བྱུང་སྐབས་གཞན་སྲོག་སྐྱོབ་མཁན་རྣམས་ལ་དཔའ་བོ་འམ་ཡང་ན་ཕོ་རྒོད་པོ་ཞེས་ཟེར་དགོས་པ་བཅས་ཡིན་པ་ལས།  དེ་མིན་ཕ་ཚོ་ཟེར་བའི་ཇག་ཚོ་དང་མི་གསོད་རྐུན་ཇག་བྱེད་མཁན་སྡིག་ཆེན་པར་དཔའ་བོའམ་ཡང་ན་ཕོ་རྒོད་པོ་ཞེས་འུད་བསྟོད་བྱེད་པའི་སྲོལ་ངན་དེ་དག་རྩ་མེད་བཟོ་དགོས་ཚུལ་ཚིག་རྣོ་ཞིང་མཚང་བརྟོལ་བའི་རང་གི་ལྟ་བ་ཚིགས་བཅད་ཀྱི་ལམ་ནས་གསལ་སྟོན་བྱས་འདུག 

  བརྡ་ཆད་གཙོ་བོ།  

  སྲོལ་ངན།  དགྲ་ཤ་འཁོན་ལེན།  རྐུན་ཇག་ཕ་ཚོ།  ཕོ་རྒོད།  དཔའ་བོ།      སྟོབས་ལྡན་དུད་ཚང་།  ངན་སྐུལ།       

  ༄༅།། རྣམ་པར་དག་པའི་ཆོས་ལ་སྤོབས་པའི་བློ་མངའ་བ།  ལས་ངན་ལམ་དང་བྲལ་པའི་བདག་ཉིད་བློ་མངའ་ཞིང་།  སྲིད་དང་སྲིད་མིན་མཁྱེན་པའི་རྣམ་དག་བློ་མངའ་བ།  སངས་རྒྱས་རྣམ་དག་བློ་མངའ་བ་ལ་ཕྱག་འཚལ་ལོ།  ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན།  རྟག་ཏུ་བཞུགས་པ་རྐང་གཉིས་གཙོ།  ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་ནི།  བརྩེ་བས་རྐུན་ཇག་རྣམས་ལ་དགོངས།།       

  ༄༅།། བསྐལ་བཟང་མདོ་སྨད་ཁུལ་ལ་སྔོན་རོལ་ཏུ།  ཁམས་པ་ལས་ལ་བརྩོན་ཞིང་ཤེས་རིག་བཀྲ།  དཀའ་སྤྱད་བབ་ཆགས་གཤིས་རྒྱུད་ཤིན་ཏུ་བཟང་།  མཐུན་སྒྲིལ་ཆེ་ཞིང་རང་ཡུལ་སྲུང་ལ་དཔའ།  དེང་དུས་དཀར་མཛེས་ཉག་རོང་ས་ངན་སོགས།      ས་ཁུལ་འགའ་རེར་སྲོལ་ངན་གསུམ་གྱིས་མནར།  མི་གསོད་དགྲ་ཤ་འཁོན་ལེན་གཤན་པ་ལ།  དཔའ་བོར་བཀུར་བའི་སྲོལ་ངན་དང་པོ་དར།  གཉིས་ནས་རྒྱུ་ནོར་འཕྲོག་བཅོམ་ཉེས་ཅན་པར།  ཕོ་རྒོད་གོང་དུ་བཀུར་བའི་སྲོལ་ངན་དར།  གསུམ་ནས་ཕ་ཚོ་ཞེས་པའི་ཤོག་ཁག་ལ།  སྟོབས་ལྡན་དུད་ཚང་ཟེར་བའི་འུད་སྒྲོག་བྱེད།  སྔོན་མེད་སྲོལ་ངན་གསུམ་པོ་དེ་དག་ནི།  འབྲི་ཆུའི་གཡས་གཡོན་ཁུལ་དུ་མུན་བཞིན་ཁྱབ།      ཡུལ་ལྗོངས་སྐྱིད་པོ་བོད་ཀྱི་མདོ་ཁམས་དེ།  སྨག་རུམ་མུན་པའི་གླིང་དུ་གྱུར་བས་ན།      ལས་ལ་མི་བརྩོན་དགེ་ལ་མི་བརྩོན་པའི།  མི་གསོད་རྐུན་ཇག་མི་ངན་རྟག་ཏུ་རྒྱུ།      བྱིས་ཆུང་གླེན་པ་རྣམས་ནི་ཁྱི་བཞིན་འཁྱམ།  རང་ཡང་ཕུང་ཞིང་གཞན་ཡང་ཕུང་བའི་ལས།  མང་དུ་བྱས་པས་རང་སྡུག་རང་གིས་མྱོང་།  བདེ་བའི་མི་དམངས་སྡུག་བསྔལ་གནས་ལ་སྦྱར།  སྲོལ་ངན་གསུམ་པོས་འདས་པའི་མདོ་ཁམས་ཀྱི།  ཚེ་སྲོག་རྒྱུ་ནོར་སྤྱི་ལའང་གནོད་པས་ན།  བརྩེ་སེམས་ལྡན་པའི་ཚོང་དཔོན་ཨ་སྲོང་དང་།  རྩོམ་པ་པོ་ཡིས་མི་བཟོད་སྙིང་གཏམ་ཞིག  མདོ་ཁམས་མི་དམངས་ཆེད་དུ་གླེང་བའི་གཏམ།      ཐལ་ལོ་མི་གསོད་རྐུན་ཇག་གྲོགས་པོ་ཚོ།  ནང་བསྟན་ཆོས་ལུགས་ཞི་བའི་ཆོས་ལུགས་ཡིན།  ལྟ་སྤྱོད་དང་ནི་འབྲས་བུའང་ཞི་བའོ།  བོད་ཀྱི་སྲོལ་རྒྱུན་བཟང་པོ་མཐའ་དག་ཀྱང་།  ཞི་བའི་སྲོལ་བཟང་ཞི་བའི་སྲོལ་ལུགས་ཡིན།  གྲོགས་དག་འདི་ཕྱི་གཏན་དུ་བདེ་འདོད་ཅིང་།  སྡུག་མི་འདོད་ན་ཁྲིམས་བཞིན་བྱ་དགོས་པས།  ཇི་ལྟར་བྱ་ཚུལ་མདོར་བསྡུས་གོ་བདེ་བའི།  སྲོལ་ངན་གསུམ་གྱི་ཉེས་དམིགས་གླེང་བར་བྱ།        

    

  དང་པོ།  མི་གསོད་ལག་དམར་བའི་ཉེས་དམིགས་བཤད་པ།       

   ༡ ༽སྲོག་གཅོད་ཀྱི་ཉེས་དམིགས་བཤད་པ།       

  དཔའ་བོ་ཞེས་པ་གང་ལ་ཞེས་ཟེར་ན།  ཐོས་བསམ་སྒོམ་གསུམ་བསླབ་གསུམ་ལམ་ལ་གནས།  འཆད་རྩོད་རྩོམ་གསུམ་གཞན་དོན་ཧུར་ལ་བརྩོན།  ཐར་པ་དོན་གཉེར་སངས་རྒྱས་གོ་འཕང་མཆོག  བརྩོན་མཁས་བྱང་ཆུབ་སེམས་དཔར་དཔའ་བོ་ཟེར།  གངས་ཅན་ཡུལ་གྱི་དཔའ་བོ་ཤོད་ཟེར་ན།  མེས་དཔོན་རྣམ་གསུམ་མཁན་སློབ་ཆོས་གསུམ་དང་།  ལོ་པཎ་རྣམས་དང་སྐྱེས་ཆེན་དམ་པ་དང་།  བཅུ་ཕྲག་རིག་གནས་འཛིན་སྐྱོང་སྤེལ་མཁན་དང་།  རྗེ་བཙུན་མི་ལ་ལྟ་བུར་དཔའ་བོ་ཟེར།  གཞན་ཡང་གཞན་གྱི་ཚེ་སྲོག་རྒྱུ་ནོར་གྱི།  འཇིགས་པའི་སྡུག་བསྔལ་དང་ནི་འབྱུང་བཞི་དང་།  ནད་དང་མུ་གེ་གཅན་གཟན་འཇིགས་པ་ལས།  སྐྱོབ་པ་པོ་རྣམས་དཔའ་བོ་ཞུ་བ་ལགས།  དེ་མིན་དོན་མེད་ཡང་ན་རྒྱུ་དངོས་དང་།  ཡང་ན་སྙིང་པོ་མེད་པའི་གྲགས་སྐམ་ཆེད།  གྲོང་པ་ཁྱིམ་མཚེས་ཕ་མ་བུ་ཕྲུག་འཁྲུག  མི་གསོད་ཉེས་ཅན་དཔའ་བོ་ག་ལ་ཡིན།  འོན་ཀྱང་མདོ་ཁམས་ས་ཁུལ་དུ་མ་རུ།  མི་གསོད་ལག་དམར་བ་ལ་དཔའ་བོ་ཟེར།  ལས་ཀ་མི་སྒྱིད་རྐུན་པོའི་ཇག་ལས་ལ།  ཕོ་རྒོད་ཟེར་བའི་སྲོལ་ངན་དར་ཞིང་གནས།  སྡིག་པས་དཔའ་ 

  བོར་གྱུར་ན་ཉེས་ཅན་རྣམས།  དཔའ་བོར་གྱུར་བས་བདུད་ཀྱི་ལས་རྣམས་དང་།  བྱ་ངན་སྤྱོད་ངན་ཕུང་བྱེད་ཆེན་པོ་རྣམས།  ཐམས་ཅད་དཔའ་བོའི་ལས་སུ་འགྱུར་བས་གནོང་།  གལ་སྲིད་ཁྲིམས་ལུགས་ཤེས་བཞིན་མི་བསད་ན།  སྦྲང་འབུ་མར་མེའི་འོད་ལ་འཛིངས་པ་དེས།  དཔའ་བོར་འགྲོ་འམ་ཅི་སྟེ་མི་འགྲོ་བཞིན།  ཉེས་ཅན་དེ་དག་ཁྲིམས་ལས་ཐར་ཐབས་མེད།  དམ་པས་ངལ་དུབ་དུ་མ་ཁྱད་བསད་ཀྱིས།  ཞེ་སྡང་ལ་སོགས་ཉོན་མོངས་དགྲ་འཇོམས་ཤིང་།  མི་ཡི་དགྲ་ནི་མ་བསད་པ་ཡང་འཆི།  བསད་ཀྱང་ལྷག་མ་རོ་ལ་སྲེག་ཅེས་གསུངས།  མདོ་ཁམས་མི་རྣམས་སྙན་གྲགས་ཐོབ་འདོད་ན།      ཁྲིམས་ལུགས་ཤེས་ཤིང་སྡིག་ལས་སྤོང་བ་དང་།  དགེ་བར་བརྩོན་ཞིང་ལས་ལ་བརྩོན་པ་དང་།  ཆོས་ལུགས་དང་ནི་རིག་གནས་ཤེས་པ་དང་།  སྲོལ་བཟང་ཤེས་ཤིང་ཡུལ་ལུགས་ཤེས་པ་རྣམས།  གྲགས་པ་འཕེལ་བའི་རྒྱུ་ཡིན་དེ་ལྟར་གྱིས།  གལ་ཏེ་དགྲ་ལ་གནོད་པ་བྱ་འདོད་ན།  རང་ཉིད་ཡོན་ཏན་ལྡན་པར་བྱ་དགོས་པས།  དེ་ཡིས་དགྲ་ཡི་སེམས་སྲེག་ཕམ་ངེས་ཤིང་།  རང་ཡང་བསོད་ནམས་འཕེལ་ཞིང་རྒྱལ་བར་འགྱུར།  ཁྱོད་ཀྱིས་དགྲ་ཀུན་བརླག་འདོད་ན།   བསད་པས་དེ་ཀུན་ག་ལ་འཛད།  རང་གི་ཁྲོ་བ་གཅིག་བཅོམ་པས།   དགྲ་ཀུན་ཅིག་ཅར་བསད་དང་མཚུངས།  གལ་ཏེ་དགྲ་བོ་བརླག་འདོད་ན།      བསད་པས་དགྲ་བོ་ག་ལ་འཛད།  དགྲ་ཤ་འཁོན་ལེན་ཟོ་ཆུན་གྱི།  འཕྲུལ་འཁོར་བཞིན་དུ་རྒྱུན་མར་འཁོར།  གལ་ཏེ་གཞན་གྱི་གནོད་ཕྱིར་དགྲ་འཇོམས་ན།  ཁྱོད་ཀྱིས་ཁྲོ་བ་ཁོ་ན་ཆོམས་ཤིག་དང་།  ཁྲོ་བས་འཁོར་བ་ཐོག་མ་མེད་པ་ནས།  བདག་ལ་གནོད་པའི་བྱ་ངན་མཐའ་ལས་འདས།  མདོར་ན་གང་གིས་མི་བསད་ན།   སྡིག་ཆེན་འདི་ཕྱི་ཀུན་ཉམས་པས།  རྣམ་པ་ཀུན་ཏུ་སྡིག་པའི་ལས།  ནམ་ཡང་བྱ་བར་མི་རིགས་སོ།  མི་བསད་པ་ནི་ཉེས་པ་ཀུན་ལས་ལྕི།  སྡུག་བསྔལ་རྒྱུན་མར་བྱུང་བའི་དམྱལ་བ་ཡིན།      མི་རུ་རློམས་རུང་དོན་དུ་བདུད་ཀྱི་རིགས།  མི་ཤ་ཟ་མཁན་སྲིན་པོ་ཁྲག་ཅན་ཟེར།།       

   ༢ ༽དགྲ་ཤ་འཁོན་ལེན་གྱི་ཉེས་དམིགས་བཤད་པ།       

  བཙན་པོའི་དུས་སུ་རྒྱལ་སྲིད་ཆོས་བཞིན་བསྐྱངས།  ལྷ་ཆོས་དགེ་བ་བཅུ་དང་མི་ཡི་ཆོས།  གཙང་མ་བཅུ་དྲུག་ཅེས་པའི་ཁྲིམས་ལུགས་དང་།  ཡུལ་སྲོལ་བཟང་པོ་བོད་ཁམས་ཀུན་ལ་དར།  ད་ཆ་དགྲ་ཤའི་སྲོལ་ངན་ཁྱབ་ཡུལ་དུ།  མི་གསོད་ལག་དམར་བ་ལ་དཔའ་བོ་ཟེར།  རྐུན་ཇག་མ་རུང་བ་ལ་ཕོ་རྒོད་ཟེར།  ཐ་ཤལ་སྤྱོད་ངན་སྤེལ་ན་འཇོན་ཐང་ཟེར།  དགྲ་ཤ་འཁོན་ལེན་ཁམས་པའི་ཡུལ་ལུགས་ཟེར།  ལྷག་པར་ཉེས་ཅན་གནོད་འཚེ་ཕོག་མཁན་གཉིས།  བར་འདུམ་ལེགས་ཟིན་ཁྲིམས་ཆད་དུས་གཙང་ཡང་།      དགྲ་ཤ་ཞེས་པའི་ཚིག་ངན་ངན་སྐུལ་འོག  མི་གསོད་ཁྲག་སྦྱོར་བྱེད་མཁན་མང་དུ་བྱུང་།      དགྲ་ཤའི་འུད་སྒྲོག་ཕྱིན་ཅི་ལོག་པས་བཅིངས།  ཀུན་ཏུ་འཁྱམས་ཏེ་མི་གསོད་རྟ་འཁྱེར་བྱེད།  དགྲ་ཤའི་བྲག་སྐམ་རྩེ་ལ་ཡང་ཡང་སྙེགས།  ཚེ་ཚེ་རབས་རབས་དགྲ་ཤའི་འཆིང་རྒྱས་བཅིངས།  ཕྱི་ཡི་དགྲ་བོ་རྨོངས་པ་ཁ་ཡིས་འདུལ། ནང་གི་གཉེན་ཉེ་ངན་སློབ་བསླབ་ནས་འཐབ།  མཐུན་པའི་མི་རྣམས་ཚིག་ངན་མེ་ཡིས་དབྱེ།  སྐྱིད་པའི་གཉེན་རྣམས་སྡུག་བསྔལ་གནས་ལ་སྦྱར།  སྡིག་ཅན་དག་གིས་དགྲ་ཤ་ལེན་རྒྱུ་དེ།  ཡུལ་གྱི་ལུགས་སྲོལ་ཡིན་ཞེས་སྨྲས་མོད་ཀྱང་།  ཕྱིན་ཅི་ལོག་ལས་འགྲོལ་དཀའི་ངན་སློབ་འདིས།      ཡུལ་དེ་ཕུང་ཞིང་ཕ་མ་བུ་ཕྲུག་ཕུང་།  རང་ཡང་ཕུང་ཞིང་ཁྱིམ་ཚང་ཐམས་ཅད་ཕུང་།      མདོར་ན་བྱ་ངན་བརྩམས་ནས་གཞན་འཚེ་དང་།  སྡིག་ལ་སྲེད་ཅིང་གཞན་སྲོག་འཕྲོག་པ་དང་།  ཁྲོ་ཞིང་མི་བཟོད་དགྲ་ཤའི་ཤུགས་འཆང་བ།  སྐྱེ་བོ་རྣམས་ལ་གཤིན་རྗེའི་ཕོ་ཉ་བཞིན།།       

  ༣ ༽མི་བསད་རྟ་འཁྱེར་གྱི་ཉེས་གསོག་བཤད་པ།       

  མི་བསད་རྟ་འཁྱེར་ཉེས་པ་བསགས་པའི་སྐབས།  སྙིང་པོའི་རྒྱུ་རྐྱེན་གང་ཞིག་སྨྲས་གྱུར་ཀྱང་།  མི་བསད་པ་ནི་ཆོས་དང་འཇིག་རྟེན་ལས།  ངན་འབྲས་མུ་མཐའ་མེད་ཅེས་རྒྱལ་བས་གསུངས།  རྒྱལ་ཁྲིམས་ངོས་ནས་བཤད་ན་ཤེས་བཞིན་དུ།  མི་ནི་བསད་པའི་རིགས་ལ་སྲོག་ཆད་དང་།  ཚེ་བཙོན་དུས་བཙོན་ལོ་བཅུ་ཡན་གྱི་ཆད།  ཉེས་ཆད་ཕོག་ངེས་ཡིན་པ་རྒྱལ་ཁྲིམས་ཡིན།  སྲོག་ཆད་མ་བྱུང་ན་ཡང་མི་ཚེ་འདིར།  རང་དབང་སྤུ་ཙམ་མེད་པའི་ངལ་དུབ་ཀྱིས།   གཅེས་པའི་ནོར་དང་ཕ་མ་སྤུན་མཆེད་སོགས།      ཡིད་ལ་གཅགས་ཀྱང་དབང་མེད་རིང་དུ་བཞག  དམ་པའི་ཆོས་ནས་བཤད་ན་སྲོག་གཅོད་ཀྱི།  འབྲས་བུར་རྒྱུན་དུ་ཁ་ནས་ཁྲག་སྐྱུག་དང་།  འཆི་བར་ཐུག་པའི་སྡུག་བསྔལ་མྱ་ངན་དང་།  སྙིང་ལ་ཟུག་པའི་ཟུག་རྔུ་ནད་ངན་བྱུང་།  གང་དག་སྡུག་བསྔལ་ཚབས་ཆེན་མང་དག་ཅིག  མྱོང་ནས་རང་གི་བཟང་བའི་གནས་ལའང་།  མི་དགའ་བཞིན་དུ་གནས་ནས་སྡོད་པ་ལས།  བདེ་བའི་སྣང་བ་སྐད་གཅིག་ཙམ་ཡང་མེད།  ད་དུང་འབྱུང་པོ་ལ་སོགས་འཇིགས་པ་དང་།  དུས་མ་ཡིན་པའི་འཆི་བའི་འཇིགས་པ་དང་།  གནོད་བྱེད་ཆེན་པོས་རེ་བའི་འདོད་པ་རྣམས།  ཀུན་བྲལ་སྡུག་བསྔལ་རང་བཞིན་ཅན་དུ་འགྱུར།      དེ་ལྟར་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་དུ།  ཕ་མ་བུ་ཕྲུག་གཉེན་ཉེ་ཉེ་དུ་དང་།      དཀར་ཕྱོགས་དགེ་བའི་མི་རྣམས་ཕུང་བཞིན་དུ།  རང་གཞན་ཐམས་ཅད་སྡུག་བསྔལ་གནས་ལ་བསྐྱལ།  གཞན་ཡང་གནོད་འཚེ་ཕོག་མཁན་ཁྱིམ་ཚང་དུའང་།  སྡུག་བསྔལ་རྒྱུན་མར་སྟེར་བའི་ལས་བསགས་པས།  ཕུང་འགྱོད་སྣ་དགུ་འདྲེན་པའི་སྡིག་ཆེན་འདི།      ཕྱི་མ་ངན་སོང་གསུམ་དུ་འགྲོ་དགོས་སོ།  ལས་འབྲས་བསྟན་པའི་མདོ་སྡེའི་གཞུང་ལྟར་ན།  མི་སྲོག་བཅད་ནས་ཉེས་པ་བསགས་པའི་མི།  འཆི་ཁའི་བར་དུའང་རྟག་ཏུ་ཉེས་བསགས་ཀྱི།  སེམས་དང་མི་བྲལ་དེ་ཡི་རྗེས་སུ་འབྲངས།  ཐབས་ཀྱིས་སྡིག་པ་གཞིལ་བར་མི་ནུས་ཤིང་།  དགེ་བ་ཡོངས་སུ་སྤངས་ནས་ལུས་ཞིག་ནས།  ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དང་།  སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་གསུངས།  གལ་ཏེ་དམྱལ་ནས་མི་རུ་སྐྱེ་ནའང་།  ལོང་བ་དང་ནི་ཞར་བ་སྒུར་པོའམ།  ཡང་ན་རྐང་ལག་མེད་པ་རྣ་བ་དང་།  སྣ་མེད་མཛེ་ཅན་སྨེ་ཤ་ཅན་དུ་འགྱུར།  ད་དུང་ནད་ཀྱི་ལུས་ངན་ཡང་ནས་ཡང་།  ལེན་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ།  ལྷག་པར་ཉེས་ཅན་ས་མཐར་བགྲོད་ནའང་།  རང་ཉིད་གཅིག་པུ་མི་མེད་ལུང་སྟོང་དུ།  ཡིབས་ཀྱང་དགྲ་ཤ་ལེན་མིས་དུས་གང་དུ།  གསོད་དུ་འོང་བའི་འཇིགས་པས་ཤིན་ཏུ་མནར།  གཏམ་དཔེར་དགྲ་ཡ་ཞན་ཡང་ཤིང་འཁུར་ཆད།  ཅེས་པའི་དཔེ་མཚོན་མང་དུ་མཆིས་པ་ལགས།      མདོར་ན་མི་གསོད་ལག་དམར་ནི།  དོན་དུ་དཔའ་བོ་ག་ལ་ཡིན།  སྡར་མར་སེང་གེའི་མིང་བཏགས་ཙམ།  སྡུག་བསྔལ་བདེ་བར་རློམ་ཙམ་མོ།  ཉེས་ཅན་བོད་དུ་སྐྱེས་གྱུར་ཀྱང་།  སྐྱེ་གོ་མི་ཆོད་ཀླ་ཀློར་སྐྱེས།  བློ་མེད་དགྲ་གཉེན་མི་ཤེས་ཤིང་།  ལེགས་ཉེས་ཙམ་ཡང་མི་ཤེས་པ།  དཀོན་མཆོག་གསུམ་ཡང་མི་ཤེས་པའི།  ཉེས་ཅན་སྡིག་ཅན་དེ་དག་སྡུག  རང་ཉིད་རང་ལ་གཅེས་ན་མི་གསོད་པའི།  སྲོག་གཅོད་སྡིག་པ་ནམ་ 

  ཡང་མི་བྱ་བར།  རང་ཉིད་རང་གིས་འཚོ་ཐབས་གྱིས་ཤིག་དང་།  ཕ་མ་བུ་ཕྲུག་ཚོ་ཡང་བདེ་བར་སྐྱིད།  ཅི་ཕྱིར་ཞེ་ན་མི་གསོད་ཉེས་བསགས་པ།  དུད་འགྲོ་གྲངས་མེད་བསད་ལས་སྡིག་ཆེ་བས།  ཆོས་དང་འཇིག་རྟེན་ཀུན་གྱི་ཁྲིམས་དང་པོར།  སྲོག་གཅོད་སྤོང་བ་དགེ་ཀུན་རྩ་བར་གསུངས།  གཞན་ཡང་གཞན་གྱིས་གནོད་པའི་ཚེ།  རང་ལ་བསམ་པ་ཅི་འབྱུང་སོམས།  རྣམ་པ་ཀུན་ཏུ་མི་དཔྱོད་པར།  མེ་ལ་མཆོང་བ་བླུན་རྟགས་ཡིན།      མཁས་པས་ཤིན་ཏུ་ཉམ་ང་བའི།  གནས་ལ་གཡོལ་ན་དཔའ་རྟགས་ཡིན།  དཔའ་ཞིང་མཐུ་རྩལ་ཆེ་ན་ཡང་།  མཁས་པ་མིན་པས་དཔའ་མི་ཐོབ།  སངས་རྒྱས་ཆོས་ལུགས་སྙིང་རྗེའི་ཆོས་ལུགས་ཡིན།  དགེ་བཅུའི་སློབ་གསོ་ཁྲིམས་ལུགས་སློབ་གསོ་ཡིན།  གངས་ཅན་སྲོལ་བཟང་བོད་མིའི་སྤྱོད་བཟང་ཡིན།  སྲོལ་ངན་འགོག་རྒྱུ་ང་ཚོའི་འོས་འགན་ཡིན།།        

  གཉིས་པ།  རྐུན་ཇག་གི་ཉེས་དམིགས་བཤད་པ།       

  འཇིག་རྟེན་ཀུན་ལ་མེད་པའི་ཕོ་རྒོད་པོ།  མདོ་ཁམས་ཁུལ་ལ་ཡོད་པའི་རྐུན་ཇག་དེ།      སུ་ལ་བཤད་ཀྱང་གོ་བར་མི་ནུས་པའི།  རྐུན་ཇག་ཕོ་རྒོད་ཅེས་པ་ཤིན་ཏུ་གནོང་།  དམ་པའི་ཆོས་ལས་གསུངས་པའི་ཕོ་རྒོད་ནི།  བྱང་ཆུབ་སེམས་དཔའ་རྣམས་དང་ཉན་རང་དང་།  ཐར་པ་དོན་གཉེར་མཁན་དང་གྲྭ་བཙུན་དང་།  རྗེ་བཙུན་མི་ལ་ལྟ་བུར་ཕོ་རྒོད་ཟེར།  ཐོས་བསམ་སྒོམ་གསུམ་བསླབ་གསུམ་ཀུན་ལ་མཁས།  མཁས་བཙུན་བཟང་གསུམ་སྡོམ་གསུམ་གནས་ལ་བཙུན།  བཙུན་པ་དགེ་བའི་ཆོས་ལ་དད་ལྡན་བཟང་།  བཟང་པོའི་ཆོས་ལ་བརྩོན་མཁས་ཕོ་རྒོད་ཟེར།  འཇིག་རྟེན་ལུགས་ལས་བྱུང་བའི་ཕོ་རྒོད་ནི།      བཅུ་ཕྲག་རིག་གནས་འཆད་རྩོད་རྩོམ་ལ་མཁས།  ཁྲིམས་ལུགས་ཤེས་ཤིང་རྒྱལ་ཁྲིམས་སྲུང་ལ་བཙུན།  བདེན་པའི་ཟས་དང་བདེན་པའི་གོས་ནི་བཟང་།  ངལ་རྩོལ་མི་དམངས་རྣམས་ལ་ཕོ་རྒོད་ཟེར།  འོན་ཀྱང་རྐུན་པོས་གཞན་ནོར་འཕྲོག་པའམ།      ཁག་བཏགས་ཧམ་བཤད་བཙན་འཕྲོག་སྡིག་ནོར་ནི།  ཕོ་རྒོད་ལས་ལས་བྱུང་ཚུལ་སྒྲོག་མོད་ཀྱང་།  བྱིས་པས་བལྟས་ཀྱང་ངན་པའི་བསླབ་བྱར་གོ  དེས་ན་རྐུན་ཇག་ཕོ་རྒོད་བཀུར་བའི་སྲོལ་ངན་དེ།  ལས་ཀ་མི་སྒྱིད་མཁན་གྱིས་སྤེལ་བའི་གཏམ།  ཁྲིམས་ལུགས་མི་ཤེས་དགེ་བ་མི་ཤེས་པའི།  ངན་དགུ་ཚང་བའི་མི་ངན་རྣམས་ཀྱིས་སྤེལ།  ཧ་ཅང་འདོད་ལ་བརྐམ་པ་ཡིས།  སྐྱེ་བོ་མྱུར་དུ་བརླག་པར་འགྱུར།  འདོད་པ་བདེའོ་སྙམ་སེམས་ཀྱང་།  དེ་སྤྱོད་སྡུག་བསྔལ་ཁོ་ནའི་རྒྱུ།  ཁྲིམས་མེད་ལུགས་མེད་ལོངས་སྤྱོད་དེ།      རང་ལ་ཕན་ལས་གནོད་ཆེ་བས།  ལོངས་སྤྱོད་བྱུང་ཡང་ལས་ངན་གྱིས།  མནར་བའི་སྡུག་བསྔལ་མུ་མཐའ་མེད།  སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང་།  ལྷག་པར་སྤྱོད་པ་ངན་དུ་འགྱུར།  རྒྱུན་མར་ལས་ངན་མ་གཏོགས་པ།  དྲན་རྒྱུ་མེད་པ་ཁྱི་རྒན་ཡིན།  རྐུན་པོས་བརྐུས་པའི་རྒྱུ་ནོར་རྣམས།  ལོངས་སུ་སྤྱོད་ཡུལ་ག་ལ་ཡིན།  ལོངས་སྤྱོད་འགྲུབ་པར་མཐོང་ན་ཡང་།  གནས་མ་ཡིན་ལས་སུ་ཞིག་ལེན།  ཉེས་པ་ལས་ཀྱང་དོན་གྲུབ་པ།      བྱུང་ཡང་མཁས་རྣམས་ག་ལ་སྨོན།  རྐུན་པོས་ལོངས་སྤྱོད་རྐུ་རྒྱུ་ལས།  གཞན་གྱི་བསམ་པ་ག་ལ་ཡོད།  རྐུན་ཇག་རྒྱུ་དངོས་ཡོད་ནའང་།  འཐབ་དང་རྩོད་པས་བརླག་པར་འགྱུར།  རྐྱེན་ངན་སྣ་ཚོགས་རྐྱེན་གྱིས་ནི།  གང་རྙེད་ཐམས་ཅད་འཇོམས་པར་འགྱུར།      ངན་རྒྱུ་སྡུག་བསྔལ་རྒྱུར་འགྱུར་ཞིང་།   སྡུག་བསྔལ་ངན་རྒྱུའི་འགྲོགས་སུ་བྱུང་།      རྐུན་པོའི་ངན་རྒྱུས་རྐུན་ཇག་ལ།  སྟེར་བའི་སྡུག་བསྔལ་བསམ་མི་ཁྱབ།  རང་གཞན་གཉིས་ལ་གནོད་པའི་རྐུན་པོའི་ལས།  ཕོ་རྒོད་འཇོན་ཐང་ལས་ནི་ག་ལ་ཡིན།  དེ་ལས་ལྡོག་སྟེ་སྡུག་བསྔལ་སྣ་ཚོགས་པ།  བྱུང་བའི་ཚུལ་ནི་ཆོས་ལས་ལུང་ཙམ་ཞུ།  བཙན་འཕྲོག་མ་བྱིན་ལེན་དེ་ལུས་ཞིག་ནས།  ཤི་བའི་ཕ་རོལ་མེ་འབར་ངུ་འབོད་དུ་།      སེམས་ཅན་དམྱལ་བ་རྣམས་སུ་རབ་སྐྱེ་སྟེ།  སྡུག་བསྔལ་དྲག་ཅིང་རྩུབ་པ་ཚ་བ་མྱོང་།      ངན་སོང་གསུམ་དུ་སྐྱེ་ནས་མིར་སྐྱེས་ཀྱང་།  དབུལ་ཞིང་ཕོངས་པའི་ཡུལ་ངན་རྣམས་སུ་སྐྱེ།  བཟའ་བཏུང་གོས་སོགས་རྙེད་པར་ཤིན་ཏུ་དཀའ།  དམག་འཁྲུག་མུ་གེའི་སྡུག་བསྔལ་རྒྱུན་མི་ཆད།  ཅེས་སོགས་རྐུན་པོའི་ལས་འབྲས་མཐའ་མེད་གསུངས།      འོན་ཏེ་རྐུན་ཟས་རྙེད་པ་འགས།  ཁྲིམས་དང་དགེ་བ་ཁྱད་དུ་གསོད།  སྡིག་སྡུག་གཏམ་ངན་ཁོ་ན་ཡིས།  བྱི་བ་བཞིན་དུ་བསགས་ནས་འཆི།  སྡིག་པ་དང་ནི་མཐུ་རྩལ་ལས།      བྱུང་བའི་ལོངས་སྤྱོད་ལོངས་སྤྱོད་མིན།  རྐུན་ཇག་ཁྲིམས་ལས་གང་འདའ་བ།      རེ་ཞིག་རྒྱལ་ཡང་ཕམ་པའི་རྒྱུ།  རྒྱལ་ཁབ་ཁྲིམས་ལུགས་རྩ་ཁྲིམས་ལྟར་ན་ནི།      གཞུང་སྒེར་རྒྱུ་ནོར་བཙན་འཕྲོག་ཁྲམ་པའི་ལས།  བྱས་ཉེས་ལྷག་པར་ཆེ་བ་ཡོད་རིགས་ལ།      དུས་བཙོན་ལོ་བཅུ་ཡན་དང་ཚེ་བཙོན་གྱི།  ཉེས་ཆད་དང་ནི་དངུལ་ཆད་ཡང་ན་ནི།      རྒྱུ་ནོར་གཞུང་བཞེས་ཉེས་ཆད་གཅོད་རྒྱུ་རེད།  དེས་ན་རྐུན་ཇག་ལས་དེ་གདོན་འདྲེའི་ལས།  ཁྲིམས་ལུགས་མི་ཤེས་དུག་གི་རྩ་བ་རེད།  ཁྲིམས་ལུགས་ཤེས་བཞིན་རྒྱུ་འབྲས་ཤེས་བཞིན་དུ།  རྡོག་རོལ་གཏོང་བ་ཉེས་ཀུན་རྩ་བ་རེད།  དེར་བརྟེན་བདེན་པའི་ཟས་ནོར་གཉིས།  བླང་དུ་རུང་ཞིང་བྱ་ངན་ལས།  བྱུང་བའི་ནོར་ནི་ཐམས་ཅད་དུ།      ལེན་དུ་མི་རུང་སྤྱོད་མི་རུང་།  དམ་པ་ཇི་ལྟར་རྒུད་གྱུར་ཀྱང་།  སྡིག་དང་འདྲེས་པའི་ཟས་མི་ཟ།  རྐུན་ཇག་ཇི་ལྟར་ཕོ་རྒོད་ཀྱང་།  དམྱལ་བའི་མེ་ལྕགས་ཟ་བ་ཡིན།      ཕན་དང་མི་ཕན་མི་དཔྱོད་ཅིང་།  ཁྲིམས་དང་དགེ་བ་མི་བསྒྲུབ་པར།  རྐུན་པོའི་སྡིག་ལས་དོན་གཉེར་བ།  མཆེ་བ་མེད་པའི་གདོན་འདྲེ་ཡིན།།       

  གསུམ་པ།  ཕ་ཚོའི་ཉེས་དམིགས་བཤད་པ།       

  མདོ་ཁམས་ས་ཁུལ་ཁག་གཅིག་ཏུ།  སྔོན་དུས་རྐུན་ཇག་མང་བའི་རྐྱེན།  བུ་བརྒྱུད་མང་བའི་དུད་ཚང་ལ། སྐྱབས་དང་དཔུང་རོགས་ཞུས་པ་ལས།  ཕ་ཚོ་ཟེར་བའི་དུད་ཚང་དར། སྡར་མ་རྣམས་ནི་ཕ་ཚོར་དགའ། ནུས་མེད་ཕ་ཚོ་དབང་ལ་དགའ།      བླུན་པོ་རྨོངས་པའི་ལམ་ལ་དགའ།  སྡར་མ་ཕ་ཚོར་སྐྱབས་བཅོལ་ཏོ།  ཕ་ཚོའི་ཉེས་དམིགས་ཤོད་ཟེར་ན།  ཕ་ཚོས་ཕུང་ཀྲོལ་རྒྱུད་སྐུལ་བྱེད།  གྲོས་ལ་འཚོགས་ན་འཐབ་རྩོད་སློང་། དམག་སར་ཚོགས་ཚེ་གཡོལ་ཞིང་འགྲོ།  བདེ་བར་འདོད་ཚེ་ཤིན་ཏུ་དཔའ།   བཟའ་བཏུང་མཐོང་ན་ནན་གྱིས་འཇུག དཀའ་བ་མཐོང་ན་ཐབས་ཀྱིས་འབྱོལ།  འཐབ་སར་རྒྱང་ནས་འུར་སྒྲ་སྒྲོགས།  དགྲ་བོའི་འགྲམ་དུ་མགོ་གཏད་ཅིང་། རྩོད་སར་གཡོལ་ཞིང་ཁྱིམ་དུ་ཡིབ།  ཡུལ་མིའི་མདུན་དུ་ང་རྒྱལ་བྱེད།  དེ་ལྟར་ཕ་ཚོ་ངན་རུལ་པ།  མཛའ་བཤེས་ཡིན་ཡང་ག་ལ་བརྟེན།  འོན་ཀྱང་ཕ་ཚོ་ངན་པས་ངན་སློབ་ཀྱིས།  འཆམ་མཐུན་ཐམས་ཅད་ཤིན་ཏུ་དབྱེ།  རང་ཡུལ་ཐམས་ཅད་ཕུང་དུ་བཅུག  ཕ་ཚོས་རང་གི་མི་ཡང་འཇིག  ཕ་ཚོ་དགྲ་བོའི་རྗེས་སུ་འབྲངས།  ཕ་ཚོས་མི་མཐུན་དབྱེ་ལ་བརྩོན།  མཛའ་བ་བརྟན་པོའང་འབྱེད་འགྱུར་ཏེ།  གཞན་དོན་སྒྲུབ་ཞེས་སྙད་བཏགས་ནས།  ཉམ་ཆུང་མི་རྣམས་སྡིག་ལ་སྦྱོར།  རང་ཡུལ་བཟང་པོ་བཞག་ནས་ནི།  གཞན་ཡུལ་ངན་ལ་འགྱར་དུ་བཅུག  རང་ཡུལ་ཕུང་འདྲེ་ཕ་ཚོ་ནི།  ཕ་ཚོ་མ་རེད་ཇག་ཚོ་རེད།  ཇག་ཚོ་བདུད་ཀྱི་ཕུང་འདྲེ་རེད།  བདུད་མོའི་གཡོ་ཁྲམ་སྲིན་མོ་རེད། དེས་ན་ཕ་ཚོ་བརྟེན་བྱས་ཀྱང་། ཕ་ཚོས་རང་ཡུལ་ཐམས་ཅད་ནི།  དམྱལ་བའི་ཁམས་སུ་བཟོས་པ་ནི།  སྔོན་གྱི་ལྷ་ཡུལ་ལྟ་བུ་དེ།  ད་ལྟ་ས་ངན་མིང་ཅན་བཟོས། དེས་ན་ཕུགས་སུ་མི་ཕན་པའི། ཕ་ཚོ་ལེགས་ཀྱང་སུ་ཞིག་འཇུག  དེས་ན་ཕ་ཚོའི་ངོར་བྱས་ནས།  ཡུལ་མི་རྣམས་ནི་འདོར་མི་བྱ།  ཁྲིམས་དང་ཡུལ་སྲོལ་གང་ནས་ཀྱང་།  ཕ་ཚོར་གཞི་རྩ་མེད་ཕྱིར་ན།  རང་གཞན་ཐམས་ཅད་ཕུང་བྱེད་པའི།  ཕ་ཚོ་མཉམ་དུ་འགྲོགས་མི་བྱ། དེང་དུས་སྐྱེ་བོའི་ཚོགས་རྣམས་གསར་གྲོགས་ཆེ།  ཡུལ་མི་ཁྱིམ་མཚེས་གཉེན་ཉེ་སྤངས་ནས་ནི།  ཕ་ཚོར་བསྡུས་ཤིང་མགོ་བོ་རབ་ཏུ་བཏགས། རུས་སྦལ་དཔའ་མེད་བཞིན་དུ་སྤྱོད་པ་གནོང་།  ཅི་ཕྱིར་ཞེ་ན་རང་གིས་སྤྱོད་ངན་དང་།  ཁྲིམས་འགལ་ལ་སོགས་བྱ་ངན་མ་བྱས་ན།  བརྒྱ་བྱིན་གྱིས་ཀྱང་སྨད་པར་མི་ནུས་ཤིང་། དགའ་རབ་དབང་ཕྱུག་གིས་ཀྱང་ཐུབ་པར་དཀའ།  ཁོང་མཛངས་བསོད་ནམས་བསགས་པའི་མི།   གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ།  བློ་དང་ལྡན་ན་ཉམ་ཆུང་ཡང་།  སྟོབས་ལྡན་དགྲ་ཡིས་ཅི་བྱར་ཡོད།  འཇིག་རྟེན་འདི་དང་ཕ་རོལ་འཇིག་རྟེན་གྱི།  བདེ་བ་བསྒྲུབ་པ་ཐམས་ཅད་རང་ལ་རག  བདག་ཉིད་ཆེན་པོ་རྣམས་ལ་བརྟེན་པ་དང་།  རྒྱལ་ཁྲིམས་ལ་བརྟེན་རང་ཡུལ་དམངས་ལ་བརྟེན།  ངལ་རྩོལ་ལ་བརྟེན་དགེ་བར་རབ་བརྟེན་ན།   དམན་པའི་སྐྱེ་བོ་ཡིན་ཡང་སྟོབས་དང་ལྡན།  ལུས་ངག་འཇམ་པོ་དག་གིས་ནི།   འཇམ་པོའི་རང་བཞིན་ཅན་རྣམས་འཇོམས།  འཇམ་པོས་རྩུབ་ཀྱང་འཇོམས་བྱེད་ན།   འཇམ་པོས་ཀུན་འགྲུབ་དེ་ཡི་ཕྱིར་། སྒོ་གསུམ་འཇམ་པོ་ཉིད་ནི་རྣོ། རང་ལ་གནོད་པའི་དགྲ་བོ་ཡང་།  འདུལ་ཐབས་ཞི་བའི་སྤྱོད་ལམ་བཟང་།  གྲོགས་སུ་འགྱུར་བ་དག་ལ་ཡང་།  གཙོ་བོ་རང་ལ་ཡོན་ཏན་དགོས།  ཡོན་ཏན་ལྡན་ན་མི་དེ་ལ།  དོན་ཀུན་གྲུབ་ཅིང་ལམ་འགྲོ་བཟང་།  ལྷ་ཡང་མོས་ཤིང་བསྲུང་འགྱུར་ན།  མི་རྣམས་དགའ་བ་ལྟ་ཅི་སྨོས།  མདོར་ན་མདོ་ཁམས་མི་དམངས་རྣམས།  མཐུན་སྒྲིལ་རྡོག་རྩ་གཅིག་དྲིལ་ན།   རང་གཞན་ཐམས་ཅད་དགའ་འགྱུར་བའི།  སྲུང་འཁོར་དེ་ནི་བླ་ན་མེད།  ཡུལ་སྲོལ་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།  མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།      ཕ་ཚོར་བརྟེན་མཁན་དུད་ཚང་མང་མོད་ཀྱང་། སྡིག་པའི་ལས་ངན་བསགས་ན་ཀླད་མེད་ཡིན།  མི་གང་འཇུག་ཡུལ་མ་ཡིན་པ།  ཕ་ཚོའི་དྲུང་དུ་སུ་ཡིས་འཇུག  བདེན་ནམ་འོན་ཏེ་རྫུན་ཡང་རུང་།  མཁས་པས་ཕ་ཚོར་བག་ཟོན་བྱ།  མི་ངན་གཡོ་སྒྱུས་སེམས་བསླུས་པ།      རྣམ་པར་འཇིག་པ་རྟོགས་མ་ཡིན།  སྡུག་བསྔལ་གྱིས་འདྲེས་བདེ་རེག་པ།  རབ་ཏུ་གཡོགས་པས་མཐོང་བ་མིན། བདེན་པའི་ཟས་ལ་བརྟེན་དང་ཁྲིམས་མཐུན་ཡིན།      ཁྲིམས་འགལ་བྱ་ངན་སྤོང་དང་དགེ་བ་ཡིན།  ཁྲིམས་མཐུན་ཕྱུག་བདག་གྱིས་དང་ཕོ་རྒོད་ཡིན།  བླང་དོར་བློ་གྲོས་ལྡན་པ་མཁས་པ་ཡིན།།        

  བཞི་པ།  ངན་སློབ་བཙན་སྐུལ་གྱི་ཉེས་དམིགས་བཤད་པ།       

   ༡ ༽སྤྱོད་ངན་རགས་བཤད།       

  སྨྱོ་མཆོང་རྒྱག་རྒྱུར་དགའ་བ་དང་།  ཅུང་ཟད་ཙམ་ཡང་མི་བཟོད་པ།  རང་གཤིས་ངན་ཞིང་ངར་ལངས་པ།  རྒྱག་རེས་རྒྱག་འདོད་ངན་པའི་ངོ། 

  • 顶