བོད་ཀྱི་དམངས་སྲོལ་གྱི་དམིགས་བསལ་གནད་དོན་ཁག་གཅིག་གླེང་བ།

2016-11-01
175

  བོད་ཀྱི་དམངས་སྲོལ་གྱི་དམིགས་བསལ་གནད་དོན་ཁག་གཅིག་གླེང་བ།  

    གནད་བསྡུས། དཔྱད་རྩོམ་འདིའི་ནང་བོད་ཀྱི་དམངས་སྲོལ་གྱི་དུས་མཚམས་དང་དམངས་སྲོལ་གྱི་མཚོན་ཚུལ་དེ་བཞིན་དམངས་སྲོལ་ལས་བཤད་པའི་མི་སྣ་རབ་འབྲིང་དཀྱུས་གསུམ་གྱི་དགེ་མཚན་སོགས་གསལ་བར་བྱས་ཏེ་དམངས་སྲོལ་དང་ཆོས་ལུགས་གཉིས་ཀྱི་དབར་དང་། དམངས་སྲོལ་དང་གསར་གཏོད་གཉིས་དབར་གྱི་ཁྱད་པར་གང་ཡོད་པའི་སྐོར་རང་གི་ལྟ་བ་གསལ་སྟོན་བྱས་འདུག 

    འགག་གནད་ཀྱི་ཚིག  སྲོལ་རྒྱུན།  དམངས་སྲོལ།  ཆོས་ལུགས།  ཕུན་ཚོགས་སྡེ་བཞི།  བསྒྱུར་བཅོས།  གསར་གཏོད། 

    དང་པོ།  བོད་ཀྱི་སྲོལ་རྒྱུན་ཞེས་པའི་གོ་དོན་སྐོར། 

  ༡ བོད་ཀྱི་སྲོལ་རྒྱུན་ཞེས་བྱ་བ་ནི། བོད་མི་སྤྱི་མཐུན་གྱི་ཁྱད་ཆོས་ལྡན་པའི་ལུགས་སྲོལ་གང་ཡོད་པ་རྣམས་ལ་བཞེད་པ་དང་། 

  ༢ སྲོལ་རྒྱུན་སྒྲ་བཤད་ནས་ཞུས་ན། སྲོལ་ཞེས་བྱ་བ་ནི་ལུགས་དང་། ལམ་སྲོལ་དང་ལུགས་སྲོལ་ཁག་ལ་བཞེད་ལ། རྒྱུན་ཞེས་པ་ནི་དུས་རྒྱུན་པའི་སྤྱོད་ཚུལ་དང་བྱེད་སྟངས་ཁག་ལ་བཞེད་པས། མདོར་ན་སྲོལ་རྒྱུན་ཞེས་བྱ་བ་ནི། བོད་ཡུལ་སྤྱི་ལ་གྲགས་པའི་དམངས་སྲོལ་དང་ཡུལ་ལུང་སོ་སོར་དར་བའི་དམངས་སྲོལ་ཁག་གཉིས་ཡོད་པ་རྣམས་དུས་རྒྱུན་པའི་ལུགས་སྲོལ་དང་ཡུལ་ཆོས་ཁག་གི་བྱ་བྱེད་ཁག་ལ་བཞེད།  སྤྱིར་སྲོལ་རྒྱུན་ནང་དུ་དམངས་སྲོལ་དང་ཆོས་ལུགས། རིག་གནས་བཅས་ཀྱི་སྲོལ་གསུམ་ཚུད་ཡོད་ཅིང་། སྲོལ་རྒྱུན་རིག་གནས་ཐད་ནས་ཞུས་ན། བོད་འདིར་རིག་པའི་གནས་བཅུ་དར་ཡོད་པ་སྟེ། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང་།  སྙན་ངག་དང་།  མངོན་བརྗོད།  སྡེབ་སྦྱོར།  ཟློས་གར།  སྐར་རྩིས་ཏེ་རིག་གནས་ཆུང་བ་ལྔ་བཅས་བོད་ལ་རིག་པའི་གནས་བཅུ་ཡོད། ད་ཐེངས་བོད་ཀྱི་དམངས་སྲོལ་གྱི་དམིགས་བསལ་གནད་དོན་ཁག་ལས་གཙོ་བོ་འཇིག་རྟེན་མི་ཆོས་ཀྱི་དམངས་སྲོལ་ལ་ཕྱོགས་ཡོངས་ནས་གོ་བ་ཅི་འདྲ་ལེན་དགོས་ཚུལ་རགས་ཙམ་ཞུ་ཡི་ཡིན། 

  གཉིས་པ།  དམངས་སྲོལ་དུས་མཚམས་སྐོར། 

  བོད་འདིར་སྤྱིའི་དམངས་སྲོལ་གྱི་དུས་མཚམས་ལ་དབྱེ་ཚུལ་ཁག་བཞི་ཡོད་པ་སྟེ། ༡ ཆེས་གནའ་བོའི་དམངས་སྲོལ་གང་ཡོད་པ་དེ་དག་ལ་སྔ་སྲོལ་ཞེས་བྱ་བ་དང་། ༢ བར་དུས་ཀྱི་དམངས་སྲོལ་གང་ཡོད་པ་དེ་དག་ལ་བར་སྲོལ་ཞེས་བྱ་བ་དང་། ༣ ཉེ་རབས་ཀྱི་དམངས་སྲོལ་གང་ཡོད་པ་དེ་དག་ལ་ཕྱི་སྲོལ་ཞེས་བྱ་བ་དང་། ༤ དེང་སྐབས་ཀྱི་དམངས་སྲོལ་གང་ཡོད་པ་དེ་དག་ལ་ད་སྲོལ་ཞེས་བྱ་བ་བཅས་སྤྱིར་བོད་འདིར་དམངས་སྲོལ་དུས་མཚམས་ཁག་བཞི་ཡོད། 

    སྔ་སྲོལ་གྱི་དུས་མཚམས་སྐོར། 

  སྔ་སྲོལ་གྱི་དུས་མཚམས་ནི་ཆེས་སྔ་མོའི་ལུགས་སྲོལ་དང་ཡུལ་ཆོས་ཁག་དར་བའི་སྐབས་ལ་བཞེད་ཅིང་། དེ་ཡང་བོད་མི་རྣམས་ནི་མིའི་རིགས་བྱུང་བ་ནས་བཟུང་། བོད་མི་རང་ལ་དབང་བའི་ཡུལ་གྲུ་སོ་སོ་ནས་མི་རབས་མང་པོའི་བར་དུ་འོད་སྟོང་རབ་ཏུ་འབར་བའི་ཤེས་རིག་སྣ་ཚོགས་ཀྱི་དཔལ་ལ་རོལ་མྱོང་བ་དང་འབྲེལ། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་གཙོས་པའི་ཡུལ་སྲོལ་ནི་བོད་མི་སྤྱི་མཐུན་གྱི་བསམ་བློའི་ཤེས་རིག་ལས་ཐོན་པའི་འཇིག་རྟེན་མི་ཆོས་ཀྱི་དམངས་སྲོལ་ཞིག་རེད། དེ་ལྟ་བུའི་སྔ་སྲོལ་ལ་ལྷ་གསོལ་ཀླུ་གསོལ་དང་བསང་གཏོང་སོགས་ཡུལ་ལུང་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་མི་འདྲ་བ་དུ་མ་ཞིག་ཡོད་པ་མ་ཟད། ལྷ་གསོལ་ཀླུ་གསོལ་དང་བསང་གཏོང་གི་བྱེད་སྒོ་དེས་བོད་ཀྱི་ལོ་རྒྱུས་སྟེང་གལ་ཆེའི་གནས་བབས་བཟུང་ཡོད། བསང་གཏོང་གི་ཆོ་གའི་རྣམ་པའི་ཐད་ནས་ཞུས་ན། གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་བསང་དུད་ཀྱིས་བདུད་ཅིང་བསལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་གར་ལག་བསྟར་བྱེད་ཀྱི་ཡོད། དེ་ལྟར་བོད་མིའི་ལྷ་གསོལ་ཀླུ་གསོལ་དང་བསང་གཏོང་གི་འདོད་སྨོན་དེའང་ཚེ་རིང་ནད་མེད་དང་། དབང་ཐང་རླུང་རྟ་སྐྱེད་པ།  མི་དང་མི་མ་ཡིན་གྱི་དགྲ་བགེགས་ལས་རྣམ་པར་རྒྱལ་བ་སོགས་ཚེ་འདིའི་འདོད་དོན་གཙོ་བོར་དམིགས་ཤིང་། དེ་བཞིན་རི་བསང་ཆུ་བསང་གཏོང་བ། ཐབ་ལྷ་མེ་ལྷ་གསོལ་བ་སོགས་ཀྱི་སྲོལ་ཡོད་པ་དེ་དག་ཀྱང་གཙོ་བོ་ཚེ་འདིའི་འདོད་དོན་གྱི་ཆེད་དུ་འཛིན་པའི་གདོད་མའི་ཆོས་ལུགས་ཀྱི་དམངས་སྲོལ་ཞིག་རེད། 

    ༢ བར་སྲོལ་གྱི་དུས་མཚམས་སྐོར། 

  བར་སྲོལ་གྱི་དུས་མཚམས་ནི་བསྟན་པ་སྔ་ཕྱིའི་དུས་རབས་ལ་བཞེད་ཅིང་། བར་སྲོལ་གྱི་དུས་རབས་དེའི་ནང་མི་རྣམས་ཀྱིས་སྔ་སྲོལ་གྱི་ལྷ་གསོལ་ཀླུ་གསོལ་དང་བསང་གཏོང་དང་། དར་འཛུགས་དང་། ལྷ་འབེབས་སོགས་ཀྱི་དམངས་སྲོལ་དེ་དག་རྒྱུན་འཛིན་བྱེད་པ་མ་ཟད།  གངས་སྐོར་དང་།  མཚོ་སྐོར་དང་། གནས་སྐོར་ལ་ཕེབས་སྲོལ་བྱུང་ཡོད། དེ་ཡང་གངས་སྐོར་ནི་རྟ་ལོར་བྱེད་པ་དང་། མཚོ་སྐོར་ནི་ལུག་ལོར་བྱེད་པ།  གནས་སྐོར་ནི་སྤྲེལ་ལོར་བྱེད་པ་རེད། ད་དུང་རི་ཆུ་གསོལ་བ་དང་རི་བསང་ཆུ་བསང་གཏོང་བ་སོགས་བསང་གསོལ་གྱི་བྱེད་སྒོ་དེ་སྔ་སྲོལ་ལྟར་བྱེད་པ་དང་ཆབས་ཅིག་ཁྱད་པར་དུ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཡིག་གསར་བཏོད་མཛད་པ་ནས་བཟུང་། ཁྱིམ་མཚེས་རྒྱལ་ཁབ་དང་མི་རིགས་གཞན་གྱི་རིག་གནས་དུ་མ་ཞིག་དང་ལེན་ཞུས་ཏེ་བོད་དུ་དཔལ་ཡོན་ལྡན་པའི་རྒྱལ་ཁམས་ཤིག་བཙུགས་པ་རེད།  ལྷག་པར་དུ་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་ལུགས་དང་མི་མཐུན་པའི་གདོད་མའི་བཙན་གསོལ་བའི་དམར་མཆོད་ཕུལ་སྲོལ་ངན་པ་ཡོད་དོ་ཅོག་དང་རྨོངས་དད་ཀྱི་ལྟ་ངན་ཡོད་དོ་ཅོག་ཐམས་ཅད་རྩ་མེད་བཟོས་པ་དང་སྦྲགས། ཚེ་འདིར་དམིགས་པའི་ལྷ་གསོལ་ཀླུ་གསོལ་དང་བསང་གཏོང་གི་འདོད་སྨོན་དེ་ཡང་རིམ་བཞིན་ཆོས་མཐུན་གྱི་ཆ་རྐྱེན་ཞི་བ་དང་རང་གཞན་གྱི་བདེ་དོན་གཉེར་བའི་ཕྱོགས་སུ་དམིགས་ཤུགས་ཇེ་ཆེར་གྱུར་བས་གདོད་མའི་དམངས་སྲོལ་ལ་བསྒྱུར་བཅོས་ཆེན་པོ་བྱས་པ་ནས་བོད་འདིར་ཐུན་མོང་མིན་པའི་བཅུ་ཕྲག་རིག་གནས་ཀྱི་སྲོལ་བཟང་པོ་བཏོད་དེ་སྔོན་ཐོན་ཡུལ་ཁམས་ཤིག་ཏུ་མདུན་བསྐྱོད་བྱས་པ་རེད། ད་དུང་མཁན་སློབ་ཆོས་གསུམ་གྱིས་བོད་དུ་དམ་ཆོས་སྤེལ་སླད།  ལྷ་གསོལ་ཀླུ་གསོལ་དང་བསང་གཏོང་དང་ལྷ་འབེབས་སོགས་ཀྱི་དམངས་སྲོལ་དུ་མ་ཞིག་རང་སོར་བཞག་ཐོག་དམངས་སྲོལ་དེ་དག་གི་སྟེང་ལ་དམ་པའི་ཆོས་ཀྱི་གོ་དོན་ཡོད་པའི་ཐབས་ལམ་གསར་པ་མང་དག་ཅིག་སྤེལ་བ་དེས་བོད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་རྒྱུར་ཕན་ནུས་ཆེན་པོ་ཐོན་ཡོད་པ་རེད། 

   ཕྱི་སྲོལ་གྱི་དུས་མཚམས་སྐོར། 

  ཕྱི་སྲོལ་གྱི་དུས་མཚམས་ནི། ཉེ་རབས་ཀྱི་ལུགས་སྲོལ་ལ་བཞེད་ཅིང་། དེ་ཡང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་ནས་དམངས་གཙོ་བཅོས་བསྒྱུར་བྱས་པའི་བར་གྱི་དུས་མཚམས་ལ་བཞེད། དུས་སྐབས་དེའི་ནང་བོད་མི་དམངས་ཀྱིས་ལྷ་གསོལ་ཀླུ་གསོལ་དང་བསང་གཏོང་དང་དར་འཛུགས་ལྷ་འབེབས་སོགས་སྔ་སྲོལ་ལྟར་རྒྱུན་འཛིན་བྱས་པ་མ་ཟད། བོད་ཀྱི་ཐུན་མོང་མིན་པའི་གྱོན་ཆས་སོགས་བོད་མིའི་འཚོ་བའི་ཡོ་ཆད་མང་དག་ཅིག་ལ་འགྱུར་བ་བྱུང་ཡོད། དཔེར་ན་མན་ཆིང་སྲིད་གཞུང་དང་འབྲེལ་འདྲིས་བྱུང་རྗེས་སྡེ་པ་གཞུང་གིས་མན་ཆིང་སྲིད་གཞུང་གི་ཁྲིམས་ལུགས་ཡོ་ཆས་སོགས་ལ་སློབ་སྦྱོང་བྱེད་པ་ལྟར། སྲོལ་རྒྱུན་གྱོན་ཆས་ཐད་ལྷ་སའི་སྐུ་དྲག་ཚོས་སོག་ཆས་དང་ཧོར་མོའི་ཆས་གོས་གྱོན་རྒྱུར་དང་འདོད་བྱས་རྐྱེན་དམངས་ཁྲོད་དུའང་སོག་ཆས་དར་སྤེལ་བཏང་ཡོད་ལ། ལྷག་པར་དུ་སོག་ཆས་ལ་སྲམ་ལྤགས་སོར་གཅིག་ཙམ་གཤིབ་པའི་མཐའ་རྒྱན་དེ་བོད་ཀྱི་ཕྱུ་པའི་མཐའ་རྒྱན་བཟོས་པའི་བོད་ཆས་དཔེ་གསར་མང་དག་ཅིག་དར་ཡོད་པ་མ་ཟད། ཞྭ་རིགས་དང་།  སྟོད་གོས་དང་། དོར་མའི་རིགས་དང་། ལྷམ་རིགས་ཀྱང་མང་དག་ཅིག་གསར་དར་བྱུང་ཡོད། 

   དེ་བཞིན་རིག་གནས་ཐད་ཡིག་གཟུགས་ཚད་ལྡན་བཟོས་པའི་རུས་རྒྱུན་གྱི་སྲོལ་བཙུགས་པ་དང་། ལྷ་བྲིས་ལུགས་ཀྱི་ལམ་སྲོལ་དུ་མ་ཞིག་གཏན་འཁེལ་མཛད་པ། དེ་བཞིན་བཟོ་རིག་པའི་སྲོལ་བཟང་ཡང་དུ་མ་ཞིག་བཏོད་ཡོད། འཚོ་བའི་བཟའ་བཏུང་ཐད་ནས་ཞུས་ནའང་། གནའ་སྔ་མོ་ནས་བོད་འདིར་བཟའ་བཏུང་གཙོ་བོ་ཤ་ཁྲག་ཚིལ་ཏེ་དམར་གསུམ་དང་། ཞོ་འོ་མ་མར་ཏེ་དཀར་གསུམ་གྱི་རིགས་ཡིན་པ་དང་། རྩམ་པ་ནི་ནམ་ཡང་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་འབྲུ་རིགས་གལ་ཆེན་ཞིག་ཡིན།  བཟའ་བཏུང་གི་འཛེམ་བྱའི་སྐོར་ནས་ཞུས་ན། ས་ཁུལ་མང་ཆེ་ཤོས་སུ་རྟ་བོང་སོགས་རྨིག་པ་སྒོར་མོ་ཅན་དང་འདབ་ཆགས་དང་ཆུར་ཉལ་སྲོག་ཆགས་སོགས་ཀྱི་ཤ་རྩ་བ་ནས་མི་ཟ་བ་མ་ཟད། བྱ་དེའི་སྒོ་ང་ཡང་མི་ཟ་ཞིང་། ཆོས་བྱེད་མི་སྣ་མང་པོ་ཞིག་གིས་ནི་ཤ་ཡང་སྤངས་ཀྱི་ཡོད། ལུགས་དང་མཐུན་པའི་བཟའ་བཏུང་གི་སྲོལ་རྒྱུན་བཟང་པོ་འདིས་ལོ་ངོ་སྟོང་ཕྲག་རིང་བོད་མིའི་ལུས་ཁམས་བདེ་ཐང་ཐད་ཕན་ནུས་ཆེན་པོ་ཐོན་ཡོད་མོད། འོན་ཀྱང་དུས་རབས་ཉི་ཤུའི་དུས་འགོ་ཙམ་ནས་བོད་མི་ཕྱི་རྒྱལ་དུ་འགྲོ་མཁན་སྐུ་དྲག་དང་ཚོང་པ་འགའ་རེས་ཕྱིའི་མི་རིགས་ཀྱི་སྲོག་ཆགས་མཐོང་ཚད་ཟ་སྲོལ་ཡོད་པར་ལད་ཟློས་བྱས་རྐྱེན་བོད་མི་ཉུང་ཤས་ཤིག་གིས་ཉ་ཤ་སྤྱོད་པ་དག་བྱུང་ཡོད་རུང་། སྤྱོད་ཚུལ་དེས་བོད་མི་ཁྲི་ཆ་གཅིག་ཙམ་ཡང་མི་ཟིན་པས་ན་ཉ་ཤ་སྤྱོད་མཁན་དེ་དག་གིས་བོད་མི་ཡོངས་ཀྱི་ཚབ་བྱེད་མི་ཐུབ། བཏུང་བྱའི་ཐད་ནས་ཞུས་ན། བོད་མིའི་བཏུང་བྱ་གཙོ་བོ་ཇ་ཆང་འོ་མ་སོགས་དུ་མ་ཞིག་ཡོད་ལ། ལྷག་པར་དུ་བོད་མི་རིགས་ནི་འཚོ་བ་ལ་དགའ་ཞེན་ཆེ་ཞིང་། རྟེན་འབྲེལ་མཛད་སྒོ་སོགས་དགའ་སྟོན་སྤེལ་རྒྱུར་དགའ་ཞེན་ཆེ་བས་སྟོན་མོ་གང་ཞིག་བྱེད་རུང་གཙོ་བོ་ཚེ་འདིའི་འདོད་དོན་ཕུན་སུམ་ཚོགས་པ་དང་བཀྲ་ཤིས་པ་ཡོང་བའི་རྟགས་དང་མཚན་མར་འཛིན་ཤུགས་ཆེ་བའི་དམངས་སྲོལ་དུ་མ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པ་དང་། དེ་བཞིན་དུས་ཆེན་གཏོང་སྲོལ་དང་། ཁང་སྟོན་དང་། བག་སྟོན་སོགས་དམངས་ཁྲོད་རང་བཞིན་གྱི་སྟོན་མོ་སྣ་ཚོགས་ཀྱི་དམངས་སྲོལ་ཆོ་ག་སྤེལ་སྟངས་སྣ་ཚོགས་ཡོད་པ་རེད། གཞན་ཡང་དམངས་སྲོལ་གྱི་བཤད་པ་སྣ་ཚོགས་ཡོད་ཅིང་། རྟ་བཤད་དང་མདའ་བཤད། གཞུའི་བཤད་པ། ཐབ་ཀའི་བཤད་པ། གྲིའི་བཤད་པ། གོས་ལྷམ་ཞྭ་གསུམ་གྱི་བཤད་པ་སོགས་མང་ངོ་། ལྷག་པར་དུ་བཟོ་རིག་པའི་ཐད། གསེར་དངུལ་ཟངས་ལྕགས་ཀྱི་བཟོ་དང་། ཀོ་ཆས་ཀྱི་བཟོ་དང་། རྫ་བཟོ་དང་། ཤིང་བཟོ། རྡོ་བཟོ་སོགས་བོད་དུ་བཟོ་རྩལ་སྣ་ཚོགས་པའི་སྲོལ་བཟང་པོ་ཡོད། 

  ༤ ད་སྲོལ་ཞེས་བྱ་བ་ནི། དེང་སྐབས་བོད་མིའི་དམངས་སྲོལ་ལ་བཞེད་ཅིང་། དེ་ཡང་ལོ་ངོ་སྟོང་ཕྲག་མང་པོའི་རིང་བོད་མིས་རང་གི་ཁྱད་ཆོས་ལྡན་པའི་དམངས་སྲོལ་མང་དག་ཅིག་རྒྱུན་འཛིན་བྱེད་པའི་ཐོག འཛམ་གླིང་ཐོག་བོད་ཀྱི་དམངས་སྲོལ་རིག་གནས་ཀྱིས་བག་ཆགས་ཟབ་མོ་བཞག་དང་བཞག་བཞིན་ཡོད་པ་ལྟར་རེད། དེ་ལ་དབྱེ་ན་བོད་ཀྱི་སྲོལ་རྒྱུན་གྱི་མཚོན་རྟགས་ཆེ་བ་ཁག་གསུམ་ཡོད་པ་སྟེ། 

  ༡ སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་ཐད། 

   དེང་སྐབས་འཛམ་གླིང་ཐོག་བོད་ཀྱི་རིག་གནས་ནི་ཕུལ་བྱུང་གི་རིག་གནས་ཤིག་ཡིན་པར་ཁས་ལེན་མ་བྱེད་རང་བྱེད་དུ་གྱུར་ཡོད་པས། བོད་ཀྱི་ཡི་གེ་དང་སྐད་དང་ཟློས་གར་དང་བོད་གཞས་དང་ལྷ་མོ་དང་ཞབས་བྲོ་སོགས་རིག་གནས་བཅུས་འཛམ་གླིང་མི་དམངས་ལ་དགའ་བའི་དཔལ་ཡོན་བྱིན་དང་སྦྱིན་བཞིན་པའི་ཁར། ཁྱད་པར་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དག་གིས་འཛམ་གླིང་མི་དམངས་ཀྱི་བསམ་པའི་དཔལ་ཡོན་ལའང་བག་ཆགས་ཟབ་མོ་འཇོག་དང་བཞག་བཞིན་ཡོད། དཔེར་ན་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིས་འཛམ་གླིང་མི་དམངས་ལ་ཞི་བའི་དཔལ་ཡོན་དང་ཤེས་རིག་གི་དཔལ་ཡོན་གཉིས་ཀ་འབྱིན་དང་སྦྱིན་བཞིན་པ་ལྟར་རེད། 

  ༢ ཕྱིའི་དབྱིབས་ཀྱི་མཚོན་རྟགས་ཐད། 

   བོད་ཆས་དང་། བོད་ཁང་དང་། རླུང་རྟ་བཏགས་པ་དང་། དར་ལྕོག་འཛུགས་པ་སོགས་ཀྱི་སྲོལ་རྒྱུན་དེས་འཛམ་གླིང་ཐོག་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་ཕྱིའི་དབྱིབས་ཀྱི་ཁྱད་ཆོས་མཚོན་པར་བྱེད་ཀྱིན་ཡོད། འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ་དམངས་སྲོལ་ལ་ཆོས་ལུགས་ཀྱི་ལྟ་བའི་ཕྱོགས་རིས་སམ་ཡང་ན་ཆོས་ཕྱོགས་ནས་བཀག་རྒྱ་གང་ཡང་ཡོད་པ་མ་རེད། རྒྱུ་མཚན་ནི་དམངས་སྲོལ་ནི་འཇིག་རྟེན་མི་ཆོས་ཀྱི་ལུགས་སྲོལ་ཞིག་ཡིན་པས་རེད།  འོན་ཀྱང་རབ་ཏུ་བྱུང་བ་ཡན་ཆད་ཀྱི་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཡོད་མཁན་རྣམས་ནི་འཇིག་རྟེན་ལས་འདས་པའི་སྡོམ་ཁྲིམས་ལྟར་གནས་དགོས་ཚུལ་འདུལ་བ་ཚུལ་ཁྲིམས་ལས་རབ་ཏུ་གསལ་བ་ལྟར་ལགས་པས་དེ་ཙམ་ལས་ཞུ་མ་ཕོད། འོན་ཀྱང་ཁྱིམ་པ་དགེ་བསྙེན་ཕོ་མོ་རྣམས་ནི་སྐྱབས་འགྲོའི་བསླབ་བྱ་དང་གཙོ་བོ་བསླབ་གཞི་ལྔ་ལས་མི་འགལ་ན་དམངས་སྲོལ་ཁག་དང་བསྟུན་མཁས་ཀྱི་བྱ་བ་འགའ་རེ་གནང་བ་ལ་སྐྱོན་ཆ་གང་ཡང་མེད་པས་དེ་ཙམ་ལས་མ་སྤྲོས་སོ། མདོར་ན་བོད་དུ་བསང་གཏོང་དང་རླུང་རྟ་བཏགས་པ་དང་དར་འཛུགས་སོགས་ཀྱི་སྲོལ་རྒྱུན་ནི་བོད་མིའི་དམངས་སྲོལ་ཞིག་ཡིན་པས་ན། དམངས་སྲོལ་དེ་དག་དམངས་ཀྱིས་རྒྱུན་འཛིན་བྱེད་པར་སྐྱོན་གང་ཡང་མེད་མོད། འོན་ཀྱང་ཆོས་བྱེད་མི་སྣས་ནི་དམངས་སྲོལ་དེ་དག་དང་བཅས་པའི་ཚེ་འདིའི་འཇིག་རྟེན་གྱི་བྱ་བ་མ་གནང་ན་ཤིན་ཏུ་ལེགས་མོད། འོན་ཀྱང་འཇིག་རྟེན་མི་ཆོས་ཀྱི་བོད་མིའི་སྲོལ་རྒྱུན་ལ་གནོད་པའི་གཏམ་སྨྲ་ན་ནི་མི་ལེགས་སོ་སྙམ། རྒྱུ་མཚན་ནི་བདག་ཅག་གི་སྟོན་པས་གསུངས་པའི། མདོ་ལས། དགེ་སློང་དག འཇིག་རྟེན་ཁྱིམ་པའི་འཚོ་བར་གནོད་པའི་གཏམ་མ་སྨྲ་ཤིག་ཅེས་ལེགས་པར་གསུངས་པས་སོ། དེ་ཡང་མདོ་ཚིག་འདིས་ཁྱིམ་པ་དགེ་བར་མ་སྐུལ་ཞིག་ཅེས་པའི་དོན་ཞིག་གཏན་ནས་གསུངས་པ་མ་ཡིན་པས་ལོག་པར་རྟོག་པར་མི་བྱའོ། 

  ༣ བོད་ཀྱི་དམངས་སྲོལ་སྤྱོད་པའི་མཚོན་རྟགས་ཐད། 

  བོད་ཀྱི་དམངས་སྲོལ་སྤྱོད་ཚུལ་གྱི་ཐད་ནས་ཞུས་ན། ལྷ་གསོལ་བསང་གཏོང་དང་། དར་འཛུགས་དང་གནས་བསྐོར་དང་། ལོ་གསར་གཏོང་སྟངས་ཀྱི་སྲོལ་རྒྱུན་དང་། དེ་བཞིན་བག་མ་བསུ་ལེན་དང་། དུས་ཆེན་གཏོང་བ་དང་།  དགའ་སྟོན་ལ་རོལ་བ་དང་། མགྲོན་པོ་བསུ་བསྐྱེལ་གྱི་སྲོལ་དང་། དགའ་སྐྱོའི་རིགས་ལ་ཁ་བཏགས་འབུལ་སྲོལ་ཡོད་པ་སོགས་བོད་འདིར་དམངས་སྲོལ་ཤིན་ཏུ་མང་། ཁ་བཏགས་ཀྱི་དམངས་སྲོལ་ཁོ་ནར་མཚོན་ན། བོད་སྤྱིར་ཁ་བཏགས་ལ་དར་གཙང་དཀར་པོ་ཞེས་གནའ་བོ་ནས་གཞན་ལ་འབུལ་བྱའི་ཁ་བཏགས་ལ་དཀར་ཞིང་གཙང་བའི་རས་བལ་ལ་བཞེད་ཅིང་། གང་ལྟར་སྐྱེས་བུ་དྲག་ཞན་མེད་པར་འབུལ་བྱེད་ཡིན་ནའང་འདྲ། བག་སྟོན་སོགས་རྟེན་འབྲེལ་མཛད་སྒོ་གང་དང་གང་ལ་བེད་སྤྱོད་བྱས་ནའང་འདྲ་སྟེ། ཁ་བཏགས་ཕུལ་དགོས་པ་བྱུང་ཚེ་འབུལ་བ་པོས་རང་གི་བློ་དཀར་སེམས་དཀར་མཚོན་བྱེད་དུ་གཙང་ཞིང་དཀར་བའི་ཁ་བཏགས་ཁོ་ན་མ་གཏོགས་ནག་བཙོག་སོགས་ཚོན་མདོག་ཡོད་པའི་ཁ་བཏགས་གཏན་ནས་ཕུལ་སྲོལ་མེད། རྒྱུ་མཚན་ནི་གཅིག་ནས་གནའ་སྲོལ་དུ་འབུལ་བ་པོའི་བློ་དཀར་སེམས་དཀར་མཚོན་བྱེད་ཡིན་པ་དང་། གཉིས་ནས་གནའ་བོའི་གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་སུ། གེ་སར་རྒྱལ་པོའི་གཉེན་སྒྲིག་མཛད་སྒོའི་སྐབས་ཨ་ཁུ་ཁྲི་བརྡུང་གིས་ངན་སེམས་བཅངས་ཏེ་གེ་སར་རྒྱལ་པོར་ཕྲུ་གུ་མི་བྱུང་བའི་ཆེད་དུ་ཁ་བཏགས་ལ་ཚོན་ཕྲན་བུ་བཏབ་ནས་ཕུལ་རྐྱེན་གེ་སར་རྒྱལ་པོར་བུ་ཕྲུག་མ་བྱུང་བའི་ལོ་རྒྱུས་སུ་འཁོད་ཡོད་པ་ལྟར། བོད་ཀྱི་དམངས་སྲོལ་དུའང་ཁ་བཏགས་ནག་བཙོག་མེད་པ་ཞིག་འབུལ་དགོས་པ་ཡིན། འོན་ཀྱང་དེང་སྐབས་ཚོན་མདོག་འདྲ་མིན་སྣ་ཚོགས་ལས་འཐག་པའི་ཁ་བཏགས་འབུལ་བར་བྱེད་པ་དེ་ནི་ཉེ་ཆར་སོག་པོའི་ཁ་བཏགས་ལ་ལད་མོ་བྱས་པ་ཞིག་ཡིན་པ་ནི་གོར་མི་ཆག  

  གཞན་ཡང་བོད་ཀྱི་ཡ་རབས་སྤྱོད་སྲོལ་ཐད་ནས་ཞུས་ན། བླ་སྤྲུལ་སོགས་སྐྱེས་ཆེན་དམ་པ་རྣམས་དང་རབ་བྱུང་ཕོ་མོ་རྣམས་དང་། ཕ་མ་དང་རྒན་རིམ་དང་ཡོན་ཏན་ཅན་ལ་ལུས་ངག་ཡིད་གསུམ་གྱི་གུས་ལུགས་ཀྱི་སྲོལ་བཟང་ཤིན་ཏུ་མང་།  འོན་ཀྱང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནང་དབང་སྒྱུར་གྲལ་རིམ་པར་རྒྱ་ཆེའི་མི་དམངས་ཀྱིས་ལྕེ་བསྣར་དགོས་པ་དང་། མགོ་དང་སྟོད་མཉམ་དུ་གུག་གུག་བྱེད་དགོས་པ་དང་། དབང་སྒྱུར་གྲལ་རིམ་པར་མིག་གིས་ཡར་བལྟ་མི་ཆོག་པ་སོགས་མི་ལ་འདྲ་མཉམ་མིན་པའི་གུས་སྲོལ་ངན་པ་དུ་མ་ཞིག་ཡོད་རྐྱེན། བོད་དུ་དམངས་གཙོ་བཅོས་བསྒྱུར་བྱས་རྗེས་ངལ་རྩོལ་མི་དམངས་ལ་མཐོང་ཆུང་བྱེད་པའི་གུས་སྲོལ་ངན་པ་དེ་དག་རྩ་བའི་ཆ་ནས་རྩ་མེད་བཟོས་ཡོད་པ་རེད། འོན་ཀྱང་ལུགས་དང་མཐུན་པའི་ཡ་རབས་གུས་ལུགས་ཀྱི་སྲོལ་བཟང་པོ་རྣམས་ནི་ད་བར་རྒྱུན་འཛིན་བྱེད་དང་བྱེད་བཞིན་ཡོད་པ་རྣམས་ནི་ཡང་དག་པ་ཞིག་རེད། 

  གསུམ་པ།  བོད་དུ་མི་སྣ་རབ་འབྲིང་དཀྱུས་གསུམ་གྱི་གུས་སྲོལ་སྐོར། 

  བོད་ཀྱི་དམངས་སྲོལ་དུ་ལས་ལ་བརྩོན་ཞིང་སྙིང་སྟོབས་ཆེ་ལ་ཡོན་ཏན་ཆེ་བའི་མི་སྣ་རབ་འབྲིང་དཀྱུས་གསུམ་ལ་གཟེངས་བསྟོད་ཀྱི་ཚུལ་དུ་གུས་བཀུར་བྱེད་སྲོལ་ཞིག་ཡོད། དེ་ནི་དཔེར་ན་དེང་སྐབས་གཟེངས་བསྟོད་ཀྱི་བྱ་དགའ་རིམ་པ་དང་པོ་ནས་གསུམ་པ་བར་སྤྲོད་པ་ལྟར་རེད། དེ་ཡང་           

   ༡ སྐྱེ་བོ་རབ་ཀྱི་ཚད་བཤད་པ། དམངས་སྲོལ་དུ་སྐྱེ་བོ་རབ་ཀྱི་ཚད་ནི། རྒྱལ་ཁམས་དང་མི་རིགས་ཡུལ་སྡེ་ལ་ཕན་པའི་བྱ་བ་ཆེན་པོའི་རིགས་བྱེད་མཁན་དང་། རིག་གནས་ཀྱི་སྲོལ་བཟང་འཛུགས་མཁན་དང་། ད་དུང་བཙན་པོའི་གཉའ་ནས་གནོན་ཅིང་ཉམ་ཆུང་མཐའ་ནས་སྐྱོང་མཁན་དང་། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་ལྗིད་པར་བྱེད་ཅིང་ཡུལ་འབངས་བདེ་ལ་འགོད་མཁན་བཅས་ནི་སྐྱེ་བོ་རབ་ཀྱི་ཁོངས་སུ་བཞག་སྟེ་གུས་བཀུར་བྱེད་ཀྱི་ཡོད། བླ་མ་དང་དགེ་བཤེས་དང་མཁས་པ་བཅས་ལ་མཚོན་ན།༼ ཁྱིམ་པ་མཁས་པའང་ཚུད་ཡོད་༽ཐོས་བསམ་སྒོམ་གསུམ་ལ་བརྩོན་མཁན་དང་། འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་རྣམ་གསུམ་ལས་བརྩམས་པའི་བསྟན་བཅོས་དང་གསུང་སྐྱེས་ཀྱི་སློབ་བུ་སྐྱོང་མཁན། རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་མཁན་དང་། དགོན་པ་དང་། བཤད་སྒྲུབ་ཀྱི་རྒྱུན་གསར་འཛུགས་མཛད་མཁན་བཅས། མདོར་ན་བོད་མི་རིགས་ཀྱི་ཆོས་དང་རིག་གནས་ལ་བྱས་རྗེས་ཆེན་པོ་བཞག་མཁན་དང་། སྒྲུབ་འབྲས་ཆེན་པོ་ཐོབ་མཁན་གྱི་སྐྱེ་བོ་རྣམས་ནི། མི་རིགས་ཀྱི་རྒྱན་དུ་འཆར་བ་དང་། ལུང་པ་དང་ཁྱིམ་ཚང་དང་ཕ་མ་སྤུན་མཆེད་བཅས་ཀྱི་རྒྱན་དུ་འཆར་ནས་སྐྱེ་བོ་རབ་ཅེས་བཀུར་བར་བྱེད་དོ། 

  ༢ སྐྱེ་བོ་འབྲིང་གི་ཚད་བཤད་པ།  

   དམངས་སྲོལ་གྱི་སྐྱེ་བོ་འབྲིང་གི་ཚད་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་དགོངས་དོན་ལྟར། དམངས་སྲོལ་དུ་མི་གང་ཞིག་ཡིན་རུང་ཚང་མས་ཁྲིམས་ལུགས་ཤེས་པའི་རྨང་གཞིའི་ཐོག་ཚོང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་མཁན་གྱི་མི་འཇོན་ཐང་ཅན་རྣམས་ལ་གུས་བཀུར་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པ་དེ་རེད། དེ་ཡང་རང་གི་བློ་གྲོས་དང་དཀའ་སྤྱད་སྙིང་རུས་སོགས་ལ་བརྟེན་ནས་ཚོང་ཁེ་སྤོགས་ལས་བྱུང་བའི་ནོར་གྱི་མཛོད་དང་། ཚོང་གི་ར་བ་དང་། སྐྱེད་མོས་ཚལ་སོགས་ཚེ་འདིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་སྤྱི་ཚོགས་དང་མི་རིགས་དང་། དེ་བཞིན་མི་རབས་རྗེས་མར་ཕན་པའི་ཆེད་དུ་འཇོག་པར་བྱེད་མཁན་དང་། ཆོས་ཕྱོགས་ནས་ཞུས་ན་ཡར་དཀོན་མཆོག་ལ་མཆོད་པ་ཕུལ་མཁན་དང་མར་ངན་སློང་ལ་སྦྱིན་པ་གཏོང་མཁན། དེ་བཞིན་ཉམ་ཐག་ཅན་ལ་རོགས་རམ་བྱེད་ཐུབ་མཁན་བཅས་ནི་འཇིག་རྟེན་མི་ཆོས་དང་མཐུན་པའི་སྐྱེ་བོ་འབྲིང་ལ་བཀུར་བར་བྱེད་དོ། དེ་ལྟ་བུའི་མི་འཇོན་ཐང་ཅན་ལ་གུས་བཀུར་བྱེད་དགོས་དོན་གང་ཡིན་ཞེ་ན། འཇོན་ཐང་ཅན་ཞིག་ཡིན་ན་དེས་གཞན་ལ་ཕན་པའི་ལས་མ་བྱས་ནའང་འདྲ་སྟེ་གང་ལྟར་སྤྱི་ཚོགས་ལ་གནོད་པའི་མི་ཞིག་ཏུ་མི་གྱུར་བའི་ཐོག་རང་དང་ཁྱིམ་ཚང་སོགས་མི་རབས་རྗེས་མར་ཕན་པའི་ཆེད་དུ་ནོར་གྱི་མཛོད་འཇོག་པར་བྱེད་པས་ན། དམངས་སྲོལ་དུ་སྐྱེ་བོ་འབྲིང་གི་ཚད་དུ་བཀུར་བར་བྱེད་དོ། ལུགས་སྲོལ་འདི་བོད་ཙམ་མ་ཡིན་པར་འཛམ་གླིང་གནའ་བོའི་སྲོལ་རྒྱུན་གྱི་གལ་ཆེའི་གནས་བབས་བཟུང་ཡོད། དེར་བརྟེན་ང་ཚོས་དམངས་སྲོལ་དུ་འཇོན་ཐང་ཅན་གྱི་མི་ལ་བསྟོད་ཚུལ་ཡོད་པ་དེ་ཤེས་རྟོགས་བྱས་ཏེ་རང་ཡང་འཇོན་ཐང་ཅན་ཞིག་བྱེད་དགོས་པ་དེ་རེད། འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ་སྤྱི་ཚོགས་ཐོག་ཚོང་ལས་ནི་སྡིག་ལས་སུ་ངོས་འཛིན་བྱེད་མཁན་མང་དག་ཅིག་འདུག་པ་དེ་དག་ནི་མི་འགྲིག་པ་ཞིག་རེད། རྒྱུ་མཚན་ནི་སངས་རྒྱས་ཆོས་ལུགས་སུ་སྡིག་པ་མི་དགེ་བ་བཅུ་གསུངས་ཤིང་། མ་འབྱིན་པ་ལེན་པ་དང་རྐུ་མ་རྐུ་བ་དང་ཇག་པ་བྱས་པ་བཅས་ཁྲིམས་འགལ་གྱི་བྱ་ངན་བྱས་ཚེ་དེ་དག་སྡིག་པའི་ཁོངས་སུ་གསུངས་པ་ལས། ཚུལ་དང་མཐུན་པའི་ཚོང་ལས་ལ་སྡིག་པ་ཟེར་བའི་གསུང་ཡོད་པ་མ་ཡིན་ནོ། དོན་གྱི་དབང་འདིས་ཚངས་སྤྱོད་དགེ་བསྙེན་ལྟ་བུར་མཚོན་ན་ཆོས་གཞིས་ཀྱི་ཆེད་དང་། དགེ་སློང་གི་སྡེ་ལ་གཉེན་བཀུར་ཞུ་ཆེད་དུ་ཚོང་ལས་བྱེད་པར་སྐྱོན་གང་ཡང་མེད་པ་ལྟར། ཁྱིམ་པ་ཆོས་བྱེད་མི་སྣར་མཚོན་ན་ཡོངས་རྫོགས་དགེ་བསྙེན་སོགས་ཆོས་བྱེད་མི་སྣ་གང་ཡང་རུང་ཏེ་ཚང་མས་འཚོ་བའི་ཆེད་དུ་ཚོང་ལས་བྱེད་ཆོག་པ་ཡིན། དཔེར་ན་གནའ་བོར་རྟེན་སྐྱ་བོ་ཡིན་པའི་སྐྱེས་ཆེན་དམ་པ་མང་དག་ཅིག་རྒྱ་གར་དུ་ཆོས་ལེན་པའི་ཆེད་དུ་ཚོང་ལས་གནང་བ་སོགས་མཁས་པའི་རྣམ་ཐར་ལ་བལྟས་ན་ཁྱིམ་པས་འཚོ་བའི་ཆེད་དུ་ལུགས་དང་མཐུན་པའི་ཚོང་ལས་བྱས་པར་ཉེས་སྐྱོན་གང་ཡང་མེད་ཚུལ་རྟོགས་ཐུབ། 

  ༣ མི་སྐྱ་དཀྱུས་མའི་ཚད་བཤད་པ།  

  དམངས་སྲོལ་གྱི་མི་སྐྱ་དཀྱུས་མའི་ཚད་ནི། ཡར་གྱི་འབྲོག་ས་དང་། མར་གྱི་ཞིང་ས། ཁང་ཁྱིམ་ནོར་རྫས། ལག་ཤེས་བཟོ་ལས་ལ་སོགས་པའི་གཞི་འཁོར་བ་ལེགས་པར་སྐྱོང་མཁན་རྣམས་དང་། ཟས་གོས་ལ་སོགས་པའི་འཇིག་རྟེན་ཐ་མལ་བའི་ལག་རྗེས་འཇོག་མཁན་རྣམས་ནི། བདེན་པའི་ཟས་དང་བདེན་པའི་གོས་གྱོན་མཁན་ཞེས་དམངས་ཀྱིས་བཀུར་བར་བྱེད་དོ། དེ་ཡང་གསལ་པོར་བཤད་ན། རང་གི་ལག་གཉིས་དང་ངལ་རྩོལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་རྣམས་ནི་འཇིག་རྟེན་མི་ཆོས་ཀྱི་ཚད་དང་ལྡན་པས་ན་དམངས་ཀྱིས་གུས་བཀུར་ཐོབ་ཀྱི་ཡོད། མདོར་ན་གནའ་སྲོལ་དུ་སྤྱི་འབངས་ཡོངས་རྫོགས་མི་སྐྱ་རབ་འབྲིང་དཀྱུས་གསུམ་གྱི་མི་ཚད་ནང་དུ་ཚུད་གང་ཐུབ་བྱེད་པའི་འཇིག་རྟེན་མི་ཆོས་ཀྱི་སྲོལ་རྒྱུན་བཟང་པོ་འདི་ལྟ་བུ་ནི་འཛམ་གླིང་ཐོག་ངོ་གནོང་མི་དགོས་པའི་སྲོལ་རྒྱུན་བཟང་པོ་ཞིག་རེད། ཅིའི་ཕྱིར་ཞེ་ན། དམངས་སྲོལ་འདི་ལྟ་བུ་ནི་སྤྱི་ཚོགས་ཐོག་མི་འཁྱམ་པོ་དང་རྐུན་ཇག་སོགས་མི་ངན་ཇེ་ཉུང་དུ་གཏོང་རྒྱུ་དང་། བོད་མི་ཚང་མས་རང་གི་ལག་གཉིས་དང་ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ལམ་སྲོལ་བཟང་པོ་ཞིག་ཡིན་པས་རེད། 

  བཞི་པ།  བོད་ཀྱི་དམངས་སྲོལ་ལས་བདེ་སྐྱིད་ཀྱི་ཚད་བཤད་པའིི་སྐོར། 

  སྔར་བོད་ཀྱི་དམངས་སྲོལ་དུ་བདེ་སྐྱིད་ལྡན་པའི་འཚོ་བའི་ཚད་འཛིན་ས་ཤིག་ཡོད་པ་རེད། དེ་ནི་གོང་གསལ་སྤྱི་འབངས་ཡོངས་རྫོགས་མི་རབ་འབྲིང་དཀྱུས་གསུམ་གྱི་མི་ཚད་ནང་ཚུད་གང་ཐུབ་བྱེད་པའི་འཇིག་རྟེན་མི་ཆོས་ཀྱི་དམངས་སྲོལ་བཟང་པོའི་འོག་བོད་ཀྱི་རྒྱལ་ཁམས་འདི་བདེ་སྐྱིད་ལྡན་པའི་ཡུལ་ཁམས་ཤིག་ཏུ་ 

  འཛུགས་སྐྲུན་བྱ་རྒྱུར་གནའ་བོ་ནས་འབད་བརྩོན་བྱེད་ཀྱི་ཡོད། འོ་ན་དམངས་སྲོལ་དུ་བདེ་སྐྱིད་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེ་ན། འཆད་པར་བྱ་སྟེ། དེ་ཡང་རྒྱ་ཆེའི་བོད་མི་དམངས་རྣམས་ནི་སངས་རྒྱས་ཆོས་ལུགས་ལ་དད་ཞེན་ཆེན་པོ་བྱེད་མཁན་གྱི་མི་རིགས་ཤིག་ཡིན་རྐྱེན།  བོད་མི་དམངས་རྣམས་ 

  རང་ཡུལ་དེ་སངས་རྒྱས་ཆོས་ལུགས་ལས་གསུངས་པའི་ཕུན་ཚོགས་སྡེ་བཞི་དང་ལྡན་པའི་ཡུལ་ཁམས་ཤིག་ཡིན་ན་དེ་ལ་བདེ་སྐྱིད་ལྡན་པའི་ཡུལ་ཁམས་ཤིག་ཡིན་པར་ངོས་འཛིན་བྱེད་པ་དང་འབྲེལ། མི་སྒེར་ཞིག་དང་ཡང་ན་ཁྱིམ་ཚང་ཞིག་ལ་མཚོན་ནའང་རང་ཉིད་དམ་ཁྱིམ་ཚང་དེ་ཕུན་ཚོགས་སྡེ་བཞིའི་ཚད་དང་ལྡན་འདུག་ན་བདེ་སྐྱིད་ལྡན་པའི་མིའམ་ཁྱིམ་གཞིས་སུ་ངོས་འཛིན་བྱེད་ཀྱི་ཡོད། ཕུན་ཚོགས་སྡེ་བཞི་ཞེས་བྱ་བ་གང་ཞེ་ན།  དེ་ནི་ཆོས་ནོར་འདོད་ཐར་བཞི་ལ་ཟེར་ཞིང་། དེའི་གོ་དོན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་སྡེ་བཞི་སྟེ།  སངས་རྒྱས་ཀྱི་ཆོས་དར་བའི་ཡུལ་ཡིན་པ་དང་།  ནོར་ལོངས་སྤྱོད་ 

  དང་ལྡན་པ་དང་། འདོད་ཡོན་ལྔ་ལ་སྤྱོད་རྒྱུ་ཡོད་པ་དང་། ཆོས་ལ་བརྟེན་ནས་ཐར་པ་མྱང་འདས་ཀྱི་གོ་འཕང་ཐོབ་རྒྱུ་ཡོད་པ་བཅས་ལ་ཞུ་བ་རེད།  དེར་བརྟེན་གནའ་སྲོལ་དུ་ཕུན་ཚོགས་སྡེ་བཞིའི་ཆ་རྐྱེན་དེ་དག་ཚང་འདུག་ན་དེ་ལ་བདེ་སྐྱིད་ལྡན་པའི་མི་ཞེས་བྱ་བ་ཡིན་ནོ།  འོ་ན་དེང་སྐབས་ང་ཚོར་དེ་ལྟ་བུའི་བདེ་སྐྱིད་ཀྱི་ཚད་རྣམས་ལྡན་ནམ་ཞེ་ན་ལྡན་ཡོད་ཚུལ་འཆད་པར་བྱ་སྟེ། 

  ༡ དེང་སྐབས་བོད་འདིར་སངས་རྒྱས་ཀྱི་བསྟན་པ་བསྐྱར་དར་བྱུང་ནས་བསྟན་འཛིན་གྱི་སྐྱེས་བུ་དམ་པའི་གསུང་ཆོས་ཕྱོགས་གང་ས་ནས་ཐོས་རྒྱུ་ཡོད་པ་མ་ཟད། རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་དཔེ་ཆ་དང་དཔེ་དེབ་གང་སར་བླུ་རྒྱུ་ཡོད་པ་དང་མཇལ་རྒྱུ་ཡོད་པ་བཅས་རང་གི་འཇོན་ན་ཕུན་ཚོགས་ཀྱི་སྡེ་དང་པོའི་ཆ་རྐྱེན་ཚང་ཡོད་པ་ཡིན། 

  ༢ དེང་སྐབས་བོད་མི་དམངས་རྣམས་ནི་རང་གི་ལག་གཉིས་དང་ངལ་རྩོལ་ལ་བརྟེན་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་དང་སྐྱོད་བཞིན་ཡོད་པ་དེ་ནི། བོད་འདིར་ཕུན་ཚོགས་ཀྱི་སྡེ་གཉིས་པའི་ཆ་རྐྱེན་ཚང་བ་ཡིན། 

  ༣ བོད་མི་དམངས་རྣམས་ཟས་གོས་གཉིས་ལ་སེམས་ཁྲལ་གཏན་ནས་མེད་པའི་ཁར། འདོད་ཡོན་ཕུན་སུམ་ཚོགས་པོར་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། སྔར་དང་མི་འདྲ་བའི་འདོད་ཡོན་ལྔ་ལའང་ལོངས་སྤྱོད་བྱ་རྒྱུ་ཡོད་པ་སྟེ། དཔེར་ན། འགྲོ་འཆག་ཉལ་འདུག་སོགས་ཀྱི་འཚོ་བའི་ཐད་འཕྲུལ་ཆས་ལ་བརྟེན་རྒྱུ་ཡོད་པ་དང་། ད་དུང་རྒན་གཞོན་མེད་པའི་སྐྱེ་བོ་ཐམས་ཅད་ཀྱི་མཛེས་བཟོའི་སྐྲ་ནག་པོ་བཟོ་རྒྱུ་ཡོད་པ་དང་། སོ་མེད་རྒན་རྒོན་ལ་མཚོན་ནའང་སོ་ཚབ་ལ་བརྟེན་ནས་རོ་བཅུད་ལྡན་པའི་ཟས་རིགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། མཛེས་པའི་ཁང་ཁྱིམ་དང་རྒྱན་གོས་སྤྱོད་རྒྱུ་ཡོད་པ་སོགས་མདོར་ན་ཟས་གོས་སྤྱོད་གསུམ་གྱི་འཚོ་བའི་ཐད་དེང་རབས་ཅན་གྱི་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དེ་ནི་ཕུན་ཚོགས་ཀྱི་སྡེ་གསུམ་པའི་ཆ་རྐྱེན་ཚང་བ་ཡིན། འོན་ཀྱང་དེང་སྐབས་མི་འགའ་རེས་མཛེས་བཟོའི་སྐྲ་བཟོ་མཁན་ལ་ཧ་ལམ་སྡིག་པ་ལྟ་བུའི་གསུང་སྟངས་ངན་པ་ཞིག་འདུག་པ་དེ་ནི་ཁྱིམ་པ་དང་རབ་བྱུང་དབར་གྱི་ཁྱད་པར་མི་འབྱེད་པའི་རྟགས་ཤིག་དང་། སྡིག་པ་དང་དམངས་སྲོལ་དབར་གྱི་ཁྱད་པར་མི་རྟོགས་པའི་སྐྱོན་ཞིག་ཡིན་པ་སྟེ། དཔེར་ན་བོད་འདིར་སྤྱི་ལོ་༡༤༥༥ལོར་འཁྲུངས་པའི་གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཞེས་པ་ཞིག་ལྷ་ས་འབྲས་སྤུངས་དགོན་པར་ཕེབས་པའི་ཕེབས་ལམ་གྱི་གྱེན་དུ་གྲྭ་པ་དུ་མ་ཞིག་འཕྲད་སྐབས། འབྲུག་པ་ཀུན་ལེགས་ཀྱིས་གྲྭ་པ་རྣམས་ལ་ཀུ་རེའི་ཚུལ་གྱིས་ལམ་དཀྱིལ་གྱི་རྡོ་ཕ་བོང་ཆེ་བ་ཡོད་སར་མཆོངས་ནས་ཕེབས་པ་དང་། རྡོ་མཐེ་པོ་ཙམ་གྱི་རྡོ་ཧྲུག་ལ་ལྷག་པར་གཡོལ་ནས་ཕེབས་པས་ལམ་གྲོགས་གྲྭ་པ་ཚོས་ཁྱོད་ཀྱི་བྱེད་སྟངས་དེ་གང་ཡིན་ཞུས་པས། འབྲུག་པ་ཀུན་ལེགས་ཀྱིས་ཁྱེད་ཚོ་སྡིག་པ་ཆེ་བ་ལ་མི་འཛེམས་ཤིང་། སྡིག་པ་ཆུང་ངུ་ལ་འཛེམས་པའམ་ཡང་ན་སྡིག་པ་མི་དགེ་བ་བཅུའི་ཁོངས་སུ་མ་གཏོགས་པའི་ཁྱིམ་པའི་བྱ་སྤྱོད་འགའ་རེར་ཤིན་ཏུ་འཛེམས་པའི་སྤྱོད་ཚུལ་ལ་བརྟག་ནས་བྱས་པ་ཡིན་ཞེས་གསུངས་པས། གྲྭ་པ་ཚང་མས་སྡིག་པ་ཟེར་བ་ནི་མི་དགེ་བ་བཅུ་ཁོ་ན་ཡིན་པའི་དེ་དོན་རྟོགས་ནས་དད་གུས་ཆེན་པོས་མཉམ་དུ་དགོན་པར་ཆོས་མཇལ་དུ་ཕེབས་པའི་ལོ་རྒྱུས་ལྟར་ལགས། རྒྱུ་མཚན་ནི་རྒན་འཁོགས་ཀྱིས་སྐྲ་ནག་པོ་བཟོས་པའམ་སོ་ཚབ་སྤྱོད་པ་དེས་ཐ་མག་དང་དུག་ཐལ་ལྟར་རང་གཞན་གྱི་ལུས་སེམས་ལ་གནོད་ན་སློབ་གསོ་རྒྱག་དགོས་པ་ཞིག་ལས། རང་གཞན་གང་ལའང་མི་གནོད་ཅིང་ཁྱིམ་པས་ཁྱིམ་པའི་འཚོ་བ་ལ་དགའ་ཞེན་བྱེད་ཚུལ་དེ་ཙམ་ལ་སྡིག་པར་བརྩིས་ན་གནོངས་སོ། དེ་ལྟར་མ་ཡིན་པར་རྒན་རྒོན་གྱིས་སྐྲ་ནག་པོ་བཟོས་པ་དང་སོ་ཚབ་སྤྱོད་པ་མི་འོས་ཞེས་ཟེར་ན་རྒན་རྒོན་ཚོས་ཟས་གོས་སྤྱོད་གསུམ་གྱི་ཐད་གང་བཟང་བཟང་དང་གང་མཛེས་མཛེས་ཀྱི་གོས་ལྷམ་ཞྭ་སོགས་འཚོ་བའི་ཡོ་ཆས་ཐམས་ཅད་རྣམ་པ་ཐམས་ཅད་སྤྱོད་མི་རུང་བ་ལྟ་བུར་གྱུར་བ་ཡིན་པས་

  • 顶