དུས་ཀྱི་ཉེན་ཁ་ཟབ་མོ། ༼བོད་མིའི་དམངས་ཁྲོད་སྤྱི་ཚོགས་ཀྱི་སྒྲིག་གཞི་འཐོར་ཞིག་ཏུ་འགྲོ་ཉེའི་གནས་བབ་ལ་བལྟ་བ།

2016-08-10
248

  

དུས་ཀྱི་ཉེན་ཁ་ཟབ་མོ། 

    

    བོད་མིའི་དམངས་ཁྲོད་སྤྱི་ཚོགས་ཀྱི་སྒྲིག་གཞི་འཐོར་ཞིག་ཏུ་འགྲོ་ཉེའི་གནས་བབ་ལ་བལྟ་བ། 

  རྨེ་རུ་ཡུལ་ལྷ་ཐར། 

   བོད་ནི་གནའ་བོའི་སྤྱི་ཚོགས་ཀྱི་སྒྲིག་གཞི་མུ་མཐུད་རྒྱུན་བསྐྱངས་འོངས་པ་རིང་ཤོས་ཀྱི་མི་རིགས་ཤིག་ལགས་ཤིང་། དུས་ཡུན་རིང་བོའི་མཐུན་སྦྱོར་དང་གསབ་འཕྲི། འཐོར་སྡེབ་དང་བསྐྱར་སྒྲིག་གི་གོ་རིམ་རྒྱུན་མཐུད་དུ་བརྒྱུད་པ་ལས། ཉེ་རབས་སྐབས་ལ་ཐོན་དུས་རང་སའི་ཐུན་མོང་མིན་པའི་སྤྱི་ཚོགས་སྒྲིག་འཛུགས་ཏེ་ཚོ་སྡེ་དང་མནའ་འབྲེལ། ཤོག་ཁ་དང་དཔོན་མགོའི་ལམ་ལུགས་དམིགས་བསལ་བ་ཞིག་གྲུབ་ཡོད་ལ། སྐུ་དྲག་རིག་གནས་ཀྱི་ལམ་ལུགས་ཁྱད་པར་བའང་རིམ་པར་གྲུབ། ལོ་རྒྱུས་ཀྱི་ངོས་ནས་དཔག་ན།  སྒྲིག་སྲོལ་དང་ལམ་ལུགས་འདི་དག་ལ་དུས་ཀྱི་རང་བཞིན་དང་ཆོས་ཉིད་བདོག་ཅིང་མི་རིགས་རང་མཚན་པའི་ཁྱད་གཤིས་ཀྱང་མངའ། དེ་ལས་ལུགས་སྲོལ་འགའ་རེ་བག་ཆགས་རྙིང་བའི་སྲོལ་གྱིས་དེང་གི་སྤྱི་ཚོགས་སུ་གེགས་རྐྱེན་ལྟ་བུས་འཕྲེད་ཉལ་བྱས་པ་ཕུད། མི་སེར་སྤྱི་ཚོགས་ཀྱི་ནང་གི་ཤེས་རིག་ལམ་ལུགས་མི་འཆོལ་བའི་དམངས་ཁྲོད་སྤྱི་ཚོགས་ཀྱི་སྒྲིག་འཛུགས་སྐོར་ཞིག་ནི་དོན་ལ་བོད་མི་རིགས་ཀྱི་གཞི་རྐང་ཚུགས་བྱེད་དང་ནང་ཐག་སྡོམ་བྱེད་ལྟ་བུར་གྱུར་ཡོད་ལ། དེང་རབས་བོད་མིའི་ཐུན་མིན་སྤྱི་ཚོགས་ཀྱི་སྒྲིག་གཞི་སྲུང་བྱེད་དང་སྲོལ་ལུགས་མཐུད་བྱེད་དུ་གནས་ཡོད། 

  གོང་སྨོས་དམངས་ཁྲོད་སྤྱི་ཚོགས་ཀྱི་མ་ལག་འགྲུབ་བྱེད་སྒྲིག་འཛུགས་དང་ཚོགས་སྤྱི། དེ་མིན་སྲོལ་ལུགས་ཁག་ཅིག་དེ་སྔ་ཞིང་བྲན་ལམ་ལུགས་ཀྱི་ལྷག་རོ་ཡིན་པར་བལྟས་ཏེ་གཞུང་གིས་གཏོར་བཅོམ་བཀག་འགོག་བྱས་པ་ཕུད། ཤེས་ཡོན་པའི་སྡེ་ནས་ཟུར་འདེད་རྨོངས་འཐོམ་དུ་བལྟས་ཤིང་མི་སེར་ཕལ་ཆེ་བས་ཀྱང་འཆིང་སྡོམ་དྲ་རྒྱར་ངོས་བཟུང་གིས་མྱུར་བར་འདོར་རེ་བྱས་པ་རེད།  ཡིན་ནའང་དུས་ཀྱི་གོམ་འགྲོས་དེང་རབས་ཅན་ཞེས་པའི་རྣོ་གཉིས་མའི་ལམ་དུ་ངང་གིས་ཞུགས་ཤིང་ཕྱི་ནང་སྤྱི་ཚོགས་ལ་བརྡབ་གསིག་བསྟུད་མར་ཐེབས་པ་དང་། སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པའི་རིག་གཞུང་གི་ངོས་ནས་དཔྱད་ཅིང་མི་རིགས་རིག་པའི་བསམ་གཞིག་གཏོང་སྟངས་ཀྱི་ལམ་ནས་དཔག་ནས་ཤེས་རིག་སྤྱི་ཚོགས་ཀྱི་ཚད་མཐོ་ས་ནས་བལྟས་ན། འདི་དག་ལ་བསྐྱར་དུ་ངོས་འཛིན་དང་གཏིང་ཟབ་མོའི་རིག་གཞུང་དཔྱད་ཞིབ་བགྱི་དགོས་ས་མང་དུ་མཐོང་ཞིང་། སྤྱི་ཚོགས་ཞེས་པའི་དམིགས་བསལ་གྱི་སྒྲིག་འཛུགས་འདིའི་ནང་སྙིང་གི་དོན་ལ་བསམ་དགོས་པ་ཆེ་རུ་མཐོང་། 

  ཤེས་རིག་ཅེས་པ་དང་མི་རིགས་ཞེས་པ་དང་རིག་གནས་ཞེས་པ་དག་ནི། སྤྱི་ཚོགས་ཀྱི་དམའ་རིམ་སྒྲིག་འཛུགས་དག་གིས་བརྟན་པོར་སྐྱོར་དགོས་པ་ངེས་གཏན་དང་། དེའང་གསལ་བོར་བརྗོད་ན།  མི་སེར་སྤྱི་ཚོགས་ཀྱི་འཐུས་ཚང་བའི་དམངས་ཁྲོད་སྒྲིག་གཞི་རབས་དང་རིམ་པས་རང་སོར་ནུས་པ་ལྡན་པའི་ངང་སྙོམ་སྒྲིག་བྱེད་ནུས་སུ་མུ་སྐྱོང་འདེགས་སྲུང་བྱེད་དགོས་པ་རེད། གལ་ཏེ། ཆེས་དམའ་རིམ་གྱི་སྤྱི་ཚོགས་སྒྲིག་གཞི་འདི་འཐོར་གས་སུ་སོང་སྟེ་རམ་སྐྱོར་ནུས་པ་མེད་སོང་ཚེ། ཚད་མཐོའི་ཤེས་རིག་དང་རིག་གནས་ཁག་རང་ཞིར་འགྲོ་ངེས་ཤིང་མི་རིགས་ཀྱི་རྒྱུན་མཐུད་རང་བཞིན་ལ་ཉེན་ཁ་ཤོར་བ་རེད། རང་རེར་མཚོན་ན། ད་ལྟའི་བར་ཀྲུང་གོའི་ནང་ལོགས་སུ་ཅུང་ཟད་རང་ཚུགས་ཐུབ་པར་ལོ་ངོ་དྲུག་ཅུ་ལྷག་ཅིག་འགྱུར་མེད་དུ་བསྡད་པ་ནི། དམངས་ཁྲོད་སྤྱི་ཚོགས་ཀྱི་སྒྲིག་གཞི་མ་ཉམས་པའི་དངོས་སྟོབས་མཐུག་པོ་འདིས་སོ།

   ན་ཡང་ད་ལྟའི་བབ་ལ་གཞིགས་ན། སྒྲིག་གཞི་འདི་མྱུར་བར་ཞིག་ཅིང་འཐོར་བའི་ཉེན་ཁ་རབ་ཏུ་ཀུན་ཏུ་ཆེ་ཞིང་། ཁ་ཤོ་སྣ་རལ་དང་ཤུལ་མེད་རྡུལ་འཚུབ་ཏུ་འགྱུར་བའི་ངེས་པའང་ཆེན་པོར་མཐོང་། གང་ཡིན་ཟེར་ན། ང་ཚོའི་ཚོ་སྡེའི་སྒྲིག་གཞི་དེང་རབས་རྒྱལ་ཁབ་ལམ་ལུགས་ཀྱི་སྟོབས་ཆེའི་སིམ་འཛུལ་ཁྲོད་ཁ་ཐོར་ཡ་བྲལ་དུ་འགྲོ་བཞིན་པ་དང་། ང་ཚོའི་མནའ་འབྲེལ་མཐུན་སྡེབ་ད་ལྟའི་དར་སྲོལ་གསར་མའི་རང་དབང་རིང་ལུགས་དང་སྒེར་སེམས་རིང་ལུགས་པས་བཅད་གཏུབ་ཁ་ཁར་བགོ་བཞིན་པ་དང་། ང་ཚོའི་སྐུ་དྲག་རིག་གནས་ཀྱི་གུས་ལུགས་སྒྲིག་སྲོལ་དེང་རབས་མགོ་མེད་རིང་ལུགས་པའི་སྲོལ་གཏོར་འདྲ་མཉམ་འདུ་ཤེས་ཀྱིས་ཇེ་ཉུང་ཇེ་ཆུང་དུ་གཏོང་བཞིན་པ་དང་། ང་ཚོའི་ལེགས་ཉེས་ཀུན་སྤྱོད་དེང་གི་བབ་བསྟུན་ཁེ་ཕན་རིང་ལུགས་པའི་བྱ་བྱེད་ཀྱིས་ཡན་པོར་འཆོལ་གྱིན་པ་དང་། ང་ཚོའི་སྡེ་ཁྲིམས་སྲོལ་ཁྲིམས་ཕྱི་ནང་མགོ་སྟོང་རིང་ལུགས་པ་ཚོས་ཕྲལ་གཏོར་རྩ་མེད་བཟོ་བཞིན་པ་དང་། ང་ཚོའི་ཕ་ཁྱིམ་གོར་མོ་ནོམ་དགའ་འབྲེལ་བཟང་རིང་ལུགས་པ་ཚོས་ཤུལ་བསྐྱུར་དབྱེ་བགོ་བྱེད་ཀྱིན་པས་སོ། ། 

 གལ་ཏེ་སྒྲིག་གཞི་འདི་དག་ཉམས་མེད་འཐུས་སྒོ་ཚང་བར་གནས་ནུས་ཚེ། ་ཚོས་བྱིས་པས་བོད་སྐད་མི་ཤོད་པར་དེ་འདྲའི་འུ་ཐུག་མི་དགོས་ཤིང་བོད་གཤིས་ཟད་པར་འགྱུར་ངེས་ཀྱི་བློ་དོགས་འཆང་མི་དགོས་ལ།  བོད་ས་སྟོང་ཉེན་གྱི་སྡུག་བསྔལ་མྱོང་མི་དགོས་ཤིང་བོད་མི་ཚར་ངེས་ཀྱི་སོམ་ཉིར་ཡང་འདུག་ག་ལ་དགོས། རྒྱུ་མཚན་ནི། ང་ཚོར་མ་ལག་ཚང་ཞིང་མཐུན་སྡེབ་ནུས་པ་མངའ་ལ་གཟུངས་ཐག་བཙན་པའི་ཐུན་མོང་དམངས་ཁྲོད་སྤྱི་ཚོགས་ཀྱི་སྒྲིག་གཞི་ཧྲགས་ཚགས་སུ་ཡོད་པས་སོ།

 འདིར་སྟབས་བདེའི་དཔེ་ཞིག་འགོད་པ་ལ། སྐྱེ་ཁམས་གནས་སྤོའི་ལས་གཞི་ལྟ་བུ་སྟེ། ས་སྲོལ་འདིས་བོད་ཀྱི་དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་རྨང་ནས་གཏོར་ཞིང་ཤུལ་མེད་བཟོས་པར་བརྟེན།  དུས་ཡུན་ཐུང་ངུའི་ནང་གནད་དོན་རི་བཞིན་སྤུངས་འོངས་ཤིང་མ་འོངས་དེ་ལས་ཉེན་ཚབས་ཆེ་རུ་འགྲོ་ངེས་པ་ཡིན་ཐག་ཆོད་འདིས་ཀྱང་རྟོགས་སོ།

 གོང་དུ་བཤད་པའི་དམངས་ཁྲོད་སྤྱི་ཚོགས་ཀྱི་སྒྲིག་གཞི་མ་ལག་ཚང་ཞིང་རང་སྐྱོང་ནུས་པ་མངའ་ལ་རང་ཉིད་སྙོམ་སྒྲིག་དང་བསྐྱར་སྒྲིག་གི་བྱ་བྱེད་ལས་གསུམ་ཚང་མཁན་འདི་ནི།  དོན་ལ་ཤེས་རིག་སྒྲིག་སྲོལ་ཞེས་པའི་དོན་པོ་ཆེ་དེ་ཡིན་ཏེ། འདི་ཉིད་ཀྱི་འཐོར་ཞིག་ལ་དོ་སྣང་མེད་པར་བར་སྣང་གི་ཕོ་བྲང་ཁོ་ནར་མགོ་འཁོར་གྱིས་བསྡད་ན་ནི།  ས་སྟེང་གི་སྐས་རིམ་ཚུགས་མི་ཐུབ་ཅིང་དེ་མེད་ཚེ།  སྤྱི་བའི་ཚོགས་སྤྱི་གང་ནས་འབྱུང་། དེ་བས། ངས་བསམ་ན་བོད་མི་ཚོས་བལྟས་ན་དོན་མེད་ཕངས་མེད་དུ་འདོད་པའི་སྤྱི་བའི་སྒྲིག་འཛུགས་འདི་དག་ལ་ངོས་འཛིན་ཡང་དག་བྱུང་ན་རབ་ཡིན་ཞིང་། གཅེས་ནོར་ཕས་བཞག་འདི་ཚོ་གཟུགས་འདས་ཤུལ་བཞག་རིག་གནས་རྩ་ཆེན་ངོ་མར་མཐོང་ནས་ནམ་ཡང་འཁོར་ཞིང་བསྐྱོད་དུ་བཅུག་ན་ནི། རང་ཁྱད་གསལ་ལ་རང་གཤིས་འཛོམས་ཤིང་རང་འོད་འཕྲོ་ཐུབ་པའི་བོད་ཀྱི་མི་རབས་རིམ་བརྒྱུད་དུ་གཞན་ལ་མ་འདྲེས་པར་གནས་ཐུབ་བོ་སྙམ་པས།  ཤེས་ནས་སྨྲ་བ་ཀུན་ལ་ཉེན་བརྡ་ཕྲ་མོ་ཞིག་ལྷོད་མོར་སྤྲིངས་པ་ལགས། །

               

  • 顶