སློབ་དཔོན་ཕྱོགས་གླང་གི་གཏན་ཚིགས་རིག་པ་གསར་མའི་སྒྲུབ་ངག་ལ་དཔྱད་པ། ༼༢༽

2016-03-29
261

 སློབ་དཔོན་ཕྱོགས་གླང་གི་གཏན་ཚིགས་རིག་པ་གསར་མའི་སྒྲུབ་ངག་ལ་དཔྱད་པ། 

   དེ་ཡང་སྒྲུབ་ངག་འདིའི་སྤྱིའི་རྗེས་དཔག་གི་རྣམ་པའི་ཆ་ནས་རྣམ་འབྱེད་རྗེས་དཔག་གི་ཚན་གསུམ་སྒྲུབ་ངག་གི་རྣམ་པ་དང་མཚུངས་ལ། སྒྲུབ་བྱེད་ཆེ་བ”གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་དང“གང་རྟག་ན་མ་བྱས་པས་ཁྱབ”ཅེས་པ་སྒྲུབ་པའི་ཕྱིར་དཔེ་ཆོས་ཅན་བུམ་པ་དང་ནམ་མཁའ་གཉིས་བཀོད་པ་ཡིན། དེའི་ཕྱིར་དཔེ་ཆོས་ཅན་བུམ་པ་དང་ནམ་མཁའ་གཉིས་ཀྱིས་བསྒྲུབ་བྱ“སྒྲ་མི་རྟག་པ”ཐད་ཀར་སྒྲུབ་པ་མ་ཡིན་པར། སྒྲུབ་བྱེད་ཆེ་བ”གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་དང“གང་རྟག་ན་མ་བྱས་པས་ཁྱབ”ཅེས་པ་ཐད་ཀར་སྒྲུབ་པ་ལ་བརྟེན་ནས་བསྒྲུབ་བྱ“སྒྲ་མི་རྟག་པ”བརྒྱུད་ནས་སྒྲུབ་པ་ཞིག་ཡིན། གཞན་རྟགས་ཀྱི་ཚུལ་གསུམ་གྱི་ལམ་ནས་སྒྲུབ་ངག་གི་དཔེ་ལ་དཔྱད་ན། སློབ་དཔོན་ཕྱོགས་གླང་གིས་དེ་སྒྲུབ་ཀྱི་གཏན་ཚིགས་ལ་ཚུལ་གསུམ་ཚང་ན་ད་གཟོད་རྟགས་ཡང་དག་ཏུ་བཤད་པས། རྟགས་ཡང་དག་གི་མཚན་ཉིད་ནི་ཚུལ་གསུམ་ཚང་བ་ཞེས་བཀོད། དེ་ཡང་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་ཏུ་རྟགས་ཀྱི་ཚུལ་གསུམ་སྟེ། ཕྱོགས་ཆོས་དང་རྗེས་ཁྱབ་ལྡོག་ཁྱབ་གསུམ་གསལ་བོར་བསྟན་ལ། རྒྱ་ནག་གི་མཁས་པ་རྣམས་ཀྱིས་ཕྱོགས་ཀྱི་ཁྱད་ཆོས་བརྗོད་པའི་ཡན་ལག་བྱས་པ་ཁོ་ནར་མ་གཏོགས་རྟགས་ཞེས་བརྗོད་པར་མི་རིགས་ཤིང་། རྟགས་ཚུལ་གཉིས་པ་དང་གསུམ་པ་སྟེ་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་སྒྲུབ་བྱེད་ཀྱི་མཐུན་དཔེ་བུམ་པ་དང་མི་མཐུན་དཔེ་ནམ་མཁའ་གཉིས་ལ་དཔེ་ཞེས་བརྗོད་པར་མ་ཟད། དེ་སྒྲུབ་ཀྱི་ཡུལ་དུ་གྱུར་བའི་རྗེས་ཁྱབ་དང་ལྡོག་ཁྱབ་བརྗོད་པ་གཉིས་ལ་ཡང་དཔེ་ཞེས་བརྗོད་དོ།། དེ་ལྟར་ན། དེ་སྒྲུབ་ཀྱི་སྒྲུབ་བྱེད་བུམ་པ་དང་ནམ་མཁའི་རྟགས་ལ་བརྟེན་ནས་བསྒྲུབ་བྱ”གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་དང“གང་རྟག་ན་མ་བྱས་པས་ཁྱབ”ཅེས་པ་སྒྲུབ་པའི་སྒྲུབ་བྱེད་དང་བསྒྲུབ་བྱ་གཉིས་ལ་དཔེ་ཞེས་པར་སྣང་པས། དེ་སྒྲུབ་ཀྱི་བསྒྲུབ་བྱ་དང་སྒྲུབ་པར་བྱེད་པའི་གཏན་ཚིགས་གཉིས་ལ་དཔེ་ཞེས་བརྗོད་པ་ནི་སློབ་དཔོན་གྱི་དགོངས་པ་དང་མཐུན་པ་ཕར་ཞོག་གཏན་ཚིགས་རིགས་པ་ལ་ཡང་འགལ་ལོ།། དེའི་ཕྱིར་རྗེས་ལྡོག་གི་ཁྱབ་པ་སྒྲུབ་བྱེད་དུ་གྱུར་བའི་ཆོས་ལ་དཔེའི་ཡན་ལག་ཅེས་བརྗོད་པ་མ་གཏོགས། སྒྲུབ་བྱའི་ཡུལ་དུ་གྱུར་བའི་རྗེས་ལྡོག་གཉིས་ལ་དཔེ་ཞེས་བརྗོད་པ་མི་འཐད་དོོ།།   དེ་ན་སློབ་དཔོན་མཆོག་གི་གཏན་ཚིགས་གསར་མའི་སྒྲུབ་ངག་གི་དཔེ་དེར་ནུས་པ་ཅི་ཞིག་ཡོད་ཅེ་ན། ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་དཔེ་ལ་ནུས་པ་ཆེན་པོ་ཡོད་དེ།  རྗེ་རིན་པོ་ཆེས“ཁྱབ་པ་ལ་དཔེ་དགོས་པའི་རྒྱུ་མཚན་ནི། བྱས་པ་ལ་མི་རྟག་པས་ཁྱབ་པ་དེ་ངེས་པའི་གཞི་མེད་མི་རུང་སྟེ། གཞི་དང་མ་འབྲེལ་བ་ཚད་མའི་གཞལ་བྱར་མི་རུང་བའི་ཕྱིར་རོ།།[18]”ཞེས་གསུངས་པ་བཞིན། ང་ཚོས་རྗེས་ལྡོག་གི་ཁྱབ་པ་ངེས་པའི་ཚེ་བྱེ་བྲག་གི་དཔེར་བརྗོད་གཅིག་ལ་བརྟེན་དགོས་པས། དེ་ནི་དཔེའི་ནུས་པ་ཡིན་ནོ།། གལ་ཏེ་མཐུན་དཔེ་ཡང་དག་ཅིག་མེད་ཚེ། ཕྱི་རྒོལ་གྱིས་ཚད་མའི་ལམ་ནས་རྗེས་ལྡོག་གི་ཁྱབ་པ་རྟོགས་པར་མི་ནུས་ལ། ཚན་གསུམ་སྒྲུབ་ངག་གི་སྒྲུབ་བྱེད་ཆེ་བ་ཡང་མི་འགྲུབ་པས། རྗེས་སུ་དཔག་ཐབས་དང་བྲལ་བ་ཡིན་ནོ།། དེའི་ཕྱིར་སློབ་དཔོན་ཕྱོགས་གླང་གི་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་དཔེར་ནུས་པ་ཡོད་པར་མ་ཟད་མེད་ན་མི་འགྲུབ་པའི་ནུས་པ་ཆེན་པོ་ཡོད་དོ།། འདི་ནི་སློབ་དཔོན་མཆོག་གི་སྒྲུབ་ངག་གི་ཁྱད་ཆོས་ཡིན་ལ་ཐུན་མིན་གྱི་འཕེལ་རྒྱས་ཆེན་པོ་ཞིག་ཀྱང་ཡིན་ནོ།།

  གསུམ། ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་དང་ཚན་གསུམ་སྒྲུབ་ངག་གཉིས་བསྡུར་ནས་བརྟག་པ། 

  དེ་ཡང་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་ནི་སློད་དཔོན་ཕྱོགས་གླང་གིས་གནའ་བོའི་རྒྱ་གར་གྱི་ཕྱི་ནང་ཐུན་མོང་དུ་ཁས་ལེན་པའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་དེ་ལེགས་པར་བཀག་ཏེ་ཟོར་ཡང་བོར་བཟོས་པའི་སྒྲུབ་ངག་གི་རྣམ་པ་གསར་བ་ཞིག་ཡིན་ལ། གཏན་ཚིགས་གསར་མའི་དུས་སུ་རྒྱ་ཆེར་དར་བའི་རྗེས་དཔག་གི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན། ཡན་ལག་གི་ཐད་ནས་བསྒྲུབ་བྱ་དང་གཏན་ཚིགས་དཔེ་བཅས་གསུམ་གྱིས་གྲུབ་པའི་རྗེས་དཔག་ཅིག་ཡིན་ལ། དེའི་རྗེས་སུ་དཔག་ཚུལ་ནི་རྟགས་ཀྱི་ཚུལ་གསུམ་ལ་བརྟེན་ནས་འགྲུབ་པ་ཡིན་པས། ང་ཚོས་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་རྟགས་ཀྱི་ཚུལ་གསུམ་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་ཚན་གསུམ་སྒྲུབ་ངག་གཉིས་ཅུང་ཟད་བསྡུར་ནས་དཔྱད་པར་བྱ་བ་ལ། དཔེར་ན། སྒྲ་མི་རྟག་སྟེ།  བྱས་པའི་ཕྱིར། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན།ཞེས་པ་ལྟ་བུ་སྟེ། དེའི་བསྒྲུབ་བྱ་ནི་རྗེས་དཔག་གི་སྡོམ་ཚིག་ཡིན་ལ། གཏན་ཚིགས་ནི་རྗེས་དཔག་གི་སྒྲུབ་བྱེད་ཡིན། རྟགས་ལ་དོན་དུ་བསྒྲུབ་བྱའི་ཡན་ལག་དང་སྒྲུབ་བྱེད་ཀྱི་ཡན་ལག་གི་གཏན་ཚིགས་ཀྱི་འབྲེལ་བར་བརྟེན་ནས་དོན་རྟོག་རྣམ་པ་གསུམ་དུ་གྲུབ་ལ། དེ་ནི་ཕྱོགས་ཆོས་བརྗོད་པའི་ཡན་ལག་དང་རྗེས་ཁྱབ་བརྗོད་པའི་ཡན་ལག ལྡོག་ཁྱབ་བརྗོད་པའི་ཡན་ལག་བཅས་གསུམ་སྟེ་རྟགས་ཀྱི་ཚུལ་གསུམ་ཞེས་བརྗོད། དེ་རྣམས་ནི་རྗེས་དཔག་གི་སྒྲུབ་བྱེད་ཡིན་ནོ།།  རྗེས་དཔག་གི་གོ་རིམ་དང་ངེས་སྲོལ་རྣམས་ངེས་པར་དུ་ཚུལ་གསུམ་དང་བསྟུན་དགོས་ཤིང་། རྟགས་ཀྱི་ཚུལ་གསུམ་ལ་བརྟེན་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་གང་ཡིན་པ་དེ་སྒྲུབ་པར་བྱེད་པ་ཡིན་པས། རྟགས་ཡང་དག་ཡིན་ན་ངེས་པར་དུ་ཚུལ་གསུམ་ཚང་བའམ་ཚུལ་གསུམ་སོ་སོ་ནས་གྲུབ་པ་ཞིག་ཡིན་དགོས། དེའི་ཕྱིར་སྒྲ་བྱས་པ་ཡིན་ཞེས་པ་ནི་ཕྱོགས་ཆོས་བརྗོད་པའི་ཡན་ལག་དང་།  “གང་བྱས་ན་མི་རྟག་པས་ཁྱབ”ཅེས་པ་ནི་རྗེས་ཁྱབ་བརྗོད་པའི་ཡན་ལག  “གང་རྟག་ན་མ་བྱས་པས་ཁྱབ”ཅེས་པ་ནི་ལྡོག་ཁྱབ་བརྗོད་པའི་ཡན་ལག་ཡིན་པས། རྟགས་ཀྱི་ཚུལ་གསུམ་པོ་འདི་ནི་བསྒྲུབ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་གི་རྟགས་སམ་རྒྱུ་མཚན་དང་རྗེས་དཔག་གི་སྒྲུབ་བྱེད་ཆེ་བ་ཡིན། ཡང་དཔེའི་ཡན་ལག་ནི་ཚུལ་གསུམ་གྱི་བྱེ་བྲག་ཏེ་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན། མཐུན་དཔེ“བུམ་པས” “གང་བྱས་ན་མི་རྟག་པས་ཁྱབ”ཅེས་པའི་རྗེས་ཁྱབ་སྒྲུབ་པ་ཡིན་ལ། མི་མཐུན་དཔེ“ནམ་མཁས” “གང་རྟག་ན་མ་བྱས་པས་ཁྱབ”ཅེས་ལྡོག་ཁྱབ་སྒྲུབ་པར་བྱེད་པ་ཡིན། དེའི་ཕྱིར་ང་ཚོས་རྗེས་དཔག་གི་རྣམ་པ་འདི་སྦྱོར་བ་ལྟར་བཀོད་ན་འདི་ལྟ་སྟེ། སྒྲ་བྱས་པ་ཡིན།༼ཕྱོགས་ཆོས༽

  གང་བྱས་ན་མི་རྟག་པས་ཁྱབ།༼རྗེས་ཁྱབ༽

  དཔེར་ན་བུམ་པ་བཞིན།༼མཐུན་དཔེ༽

  གང་རྟག་ན་མ་བྱས་པས་ཁྱབ།༼ལྡོག་ཁྱབ༽

  དཔེར་ན་ནམ་མཁའ་བཞིན།༼མི་མཐུན་དཔེ༽

  དེའི་ཕྱིར་སྒྲ་མི་རྟག༼བསྒྲུབ་བྱ༽ལྟ་བུ་ཡིན་ལ། རྗེས་དཔག་གི་རྣམ་པ་འདི་ལས་ང་ཚོས་ངེས་ཐུབ་པ་ཞིག་ནི་རྟགས་ཀྱི་ཚུལ་གསུམ་ནི་སྒྲུབ་བྱེད་དང་བསྒྲུབ་བྱ་ནི་མཇུག་སྡུད་ཡིན་ལ། གལ་ཏེ་ང་ཚོས་ཡང་བསྐྱར་སྦྱོར་བ་འདིའི་ལྡོག་ཁྱབ་བརྗོད་པའི་ཡན་ལག་དང་དེ་སྒྲུབ་ཀྱི་དཔེ་གཉིས་དོར་དེ་བཀོད་ན། རྗེས་དཔག་གི་རྣམ་པ་ནི་འདི་ལྟ་སྟེ།

  སྒྲ་བྱས་པ་ཡིན།༼ཕྱོགས་ཆོས༽

  གང་བྱས་ན་མི་རྟག་པས་ཁྱབ།༼རྗེས་ཁྱབ༽

  དཔེར་ན་བུམ་པ་བཞིན།༼མཐུན་དཔེ༽

  དེའི་ཕྱིར་སྒྲ་མི་རྟག༼བསྒྲུབ་བྱ༽

  གོང་གི་རྗེས་དཔག་གི་རྣམ་པ་འདི་ལས་ང་ཚོས་རྟོགས་ཐུབ་པ་ནི་སྒྲུབ་བྱེད་དེ་ལ་བརྟེན་ནས་མཇུག་སྡུད་དེ་ཐོབ་ངེས་པ་ཡིན་ཏེ།  སྒྲ་བྱས་པ་ཡིན་པ་དང་བྱས་ན་མི་རྟག་པས་ཁྱབ་པའི་ཆ་རྐྱེན་གྱིས་དེའི་རིགས་སུ་གྱུར་བའི་བྱེ་བྲག་གི་ཆོས་སྒྲ་མི་རྟག་པར་རྗེས་སུ་དཔག་པ་ཞིག་ཡིན་པས་སོ།། དེའི་ཕྱིར་ང་ཚོས་སྦྱོར་བ་འདིའི་རྗེས་སུ་དཔག་ཚུལ་གྱི་རྣམ་པའི་ཆ་ནས་བརྟགས་ན་ཕྱི་ཚུལ་གཏན་ཚིགས་རིག་པའི་རྣམ་འབྱེད་རྗེས་དཔག་གི་ཚན་གསུམ་སྒྲུབ་ངག༼演绎三段论༽དང་ཅུང་ཟད་མཐུན་ལ། ཐམས་ཅད་འདྲ་བ་ཡང་མ་ཡིན་ཏེ། ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་བཀོད་རིམ་དེ་ཚན་གསུམ་སྒྲུབ་ངག་དང་ཁྱད་པར་ཆེ་སྟེ། ཚན་གསུམ་སྒྲུབ་ངག་ནི་ངེས་པར་དུ་དོན་རྟོག་གསུམ་གྱིས་གྲུབ་དགོས་ལ། དེ་ལས་གཉིས་ནི་སྒྲུབ་བྱེད་དང་། གཅིག་ནི་སྡོམ་ཚིག་ཡིན་པར་མ་ཟད་སྒྲུབ་བྱེད་ཆེ་ཆུང་གཉིས་པོ་ནི་སྔོན་དུ་བཀོད་ཅིང་། སྡོམ་ཚིག་དེ་མཐའ་མར་འགོད་པ་ཞིག་ཡིན། ཡིན་ནའང་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་བཀོད་རིམ་ནི་བསྒྲུབ་བྱའམ་མཇུག་སྡུད་སྔོན་ལ་བཀོད་ཅིང་རྟགས་དང་སྒྲུབ་བྱེད་ཆེ་བ་དང་ཆ་འདྲ་བའི་དཔེ་གཉིས་མཇུག་ཏུ་བཀོད་ཡོད་ལ། བསྒྲུབ་བྱ་ཁོ་ན་མ་གཏོགས་གཏན་ཚིགས་ཀྱི་ཡན་ལག་དང་དཔེའི་ཡན་ལག་གཉིས་མིང་རྟོག་རྐྱང་བས་གྲུབ་པས། རྗེས་སུ་དཔག་ཚུལ་ནི་རྟགས་ཀྱི་ཚུལ་གསུམ་ལ་བརྟེན་ནས་སྒྲུབ་བྱ་དེ་ཉིད་སྒྲུབ་པར་བྱེད་པ་ཞིག་ཡིན། རྗེས་དཔག་གི་རྣམ་པའི་ཐད་ནས་ཡན་ལག་གསུམ་གྱི་སྒྲུབ་ངག་གི་དཔེ་ལ་མུ་མཐུད་ནས་རྗེས་ཁྱབ་སྒྲུབ་པའི་ནུས་པ་ལྡན་ཞིང་། དེས་ཕྱོགས་བསྡུས་རྗེས་དཔག་གི་ཐབས་སྤྱད་ནས་བསྒྲུབ་བྱ་སྒྲུབ་པ་ཞིག་ཡིན་གཤིས། ཚན་གསུམ་སྒྲུབ་ངག་ལ་མེད་པའི་ཁྱད་ཆོས་ཤིག་རེད། འོན་ཀྱང་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་དང་ཚན་གསུམ་སྒྲུབ་ངག་གཉིས་བསྡུར་ནས་ཞིབ་འཇུག་བྱེད་དུས་མཁས་པ་དག་གིས་དེ་གཉིས་ཐམས་ཅད་འདྲ་བའམ། ཡང་ན་ཐམས་ཅད་འདྲ་བ་མ་ཡིན་ཞེས་ལྟ་བ་གཉིས་སུ་གྱེས་ལ། དེ་ཡང་ཐམས་ཅད་འདྲ་བ་རེད་ཞེས་འདོད་པའི་མཁས་པ་དག་གིས་ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་ནི་ཚན་གསུམ་སྒྲུབ་ངག་ཡིན་པར་བཤད་དེ། བསྒྲུབ་བྱའམ་དམ་བཅའ་ནི་ཚན་གསུམ་སྒྲུབ་ངག་གི་མཇུག་སྡུད་དང་། རྟགས་ནི་སྒྲུབ་བྱེད་ཆུང་བ།༼小前提༽དཔེ་ནི་སྒྲུབ་བྱེད་ཆེ་བ༼大前提༽ཡིན་པར་འདོད། དོན་དུ་དེ་དག་ནི་ཞིབ་འཇུག་གི་གནད་མ་ལོན་པའི་སྐྱོན་ཏུ་འཁུམས་ཏེ། ང་ཚོས་གོང་དུ་སྨོས་པ་བཞིན་རྟགས་ཀྱི་ཚུལ་གསུམ་ནི་སྒྲུབ་བྱེད་ཆེ་བ་ཡིན་ལ། ཕྱོགས་ཆོས་བརྗོད་པ་ནི་ཚན་གསུམ་སྒྲུབ་ངག་གི་སྒྲུབ་བྱེད་ཆུང་བ་དང་འདྲ་ཞིང་། རྗེས་ལྡོག་གི་ཁྱབ་པ་བརྗོད་པ་ནི་ད་གཟོད་སྒྲུབ་བྱེད་ཆེ་བ་དང་མཚུངས་སོ།། སྐབས་འགར་རྟགས་ནི་སྒྲུབ་བྱེད་ཆུང་བ་ཡིན་ཞེས་པའི་རྟགས་དེ་རྟགས་རང་ཉིད་ལ་གོ་བ་ཡིན་ནམ་རྟགས་ཀྱི་ཚུལ་གསུམ་ལ་གོ་བ་ཡིན། གལ་ཏེ་རྟགས་རང་ཉིད་ལ་གོ་བ་ཡིན་ན་དེ་ནི་མིང་རྟོག་རྐྱང་བ་ཞིག་ལས་ཕྱོགས་ཆེ་བ༼大项༽འདུས་པའི་དོན་རྟོག་ཅིག་མ་ཡིན་པས་སྒྲུབ་བྱེད་ཆུང་བ་ཞེས་བརྗོད་ན་འཐད་པར་མི་སེམས་སོ།། ཡང་རྟགས་ཀྱི་ཚུལ་གསུམ་ལ་གོ་བ་ཡིན་ཞེ་ན། རྟགས་ཀྱི་ཚུལ་གསུམ་པོར་གོ་བ་ཡིན་ནམ་བྱེ་བྲག་གི་རྟགས་གཅིག་ལ་གོ་བ་ཡིན། ཕལ་ཆེར་ཐག་གཅོད་པར་དཀའོ།།  གཞན་ཡང་སྦྱོར་བའི་དཔེ་ནི་སྒྲུབ་བྱེད་ཆེ་བ་ཡིན་ཞེས་བརྗོད་པ་ནི་འཐད་པར་མི་སེམས་ཏེ། ཚན་གསུམ་སྒྲུབ་ངག་གི་སྒྲུབ་བྱེད་ཆེ་བ་ནི་ཕྱོགས་ཆེ་བ་འདུས་པའི་སྒྲུབ་བྱེད་དེ་ལ་བྱ་ཞིང་། ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་གི་དཔེ་ནང་དུ་སྒྲུབ་བྱེད་ཆེ་བ་མི་འདུས་པ་དང་། རྗེས་ཁྱབ་བརྗོད་པའི་ཡན་ལག་གི་ཁྲོད་དུ་ད་གཟོད་ཕྱོགས་ཆེ་བ་འདུས་པ་ཡིན་པས། དཔེ་བུམ་པས་ཕྱོགས་བསྡུས་རྗེས་དཔག་གི་ཐབས་སྤྱད་ནས་རྗེས་ཁྱབ་སྟེ་སྒྲུབ་བྱེད་ཆེ་བ་སྒྲུབ་པར་བྱེད་པ་ཡིན་པས། དེ་ཉིད་སྒྲུབ་བྱེད་ཆེ་བ་ཡིན་ཞེས་བརྗོད་མི་རིགས། དེའི་ཕྱིར་ཐམས་ཅད་འདྲ་བ་ཡིན་ཞེས་པའི་ལྟ་བར་འཐད་པ་མ་ཡིན་ནོ།། ཐམས་ཅད་འདྲ་བ་མ་ཡིན་ཞེས་འདོད་པའི་མཁས་པ་དག་གིས་ཚན་གསུམ་སྒྲུབ་ངག་ནི་རྟོག་པའི་རྣམ་པ་ཡིན་ལ། ཡན་ལག་གསུམ་ལྡན་གྱི་སྒྲུབ་ངག་ནི་རྩོད་པའི་བརྒྱུད་རིམ་ཞིག་ལ་གོ་བས་མི་འདྲ་བར་སེམས། དོན་དུ་རྗེས་དཔག་ལ་རང་དོན་དང་གཞན་དོན་གཉིས་སུ་དབྱེ་སྟེ། རང་དོན་རྗེས་དཔག་ནི་རྗེས་དཔག་དངོས་གནས་པ་ཡིན་པ་དང་། གཞན་དོན་རྗེས་དཔག་ནི་རྗེས་དཔག་བཏགས་པ་སྟེ་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པར་འདོད། རང་དོན་རྗེས་དཔག་ནི་རྟོག་པ་ཡིན་ལ། འདིར་ཕྱི་རྒོོལ་ཡང་དག་མེད་པར་རང་ཉིད་ཀྱི་བསམ་གཞིགས་གཏོང་སྟངས་ལྟར་རྟགས་ཡང་དག་ལ་བརྟེན་ནས་བསྒྲུབ་བྱ་ལྐོག་གྱུར་ལ་གསར་དུ་ངེས་པ་རྙེད་པ་ཞིག་ཡིན་པས་རང་དོན་ཞེས་བཏགས། རིགས་པ་འདིའི་སྒྲུབ་རིམ་ཕྱི་རྒོལ་ལ་གསལ་བོར་སྟོན་པའི་ཕྱིར་ཚུལ་གསུམ་རྟགས་སོ་སོར་དཔེ་དང་བཅས་ཏེ་ཞིབ་ཏུ་བརྗོད་པའི་ངག་གི་རྣམ་པ་ཅན་དེར་གཞན་དོན་རྗེས་དཔག་ཅེས་གོ་བས། 《ཀུན་བཏུས》ལས། “གཞན་དོན་རྗེས་སུ་དཔག་པ་ནི།། རང་གི་མཐོང་དོན་རབ་གསལ་བྱེད།།”[19]ཅེས་གཞན་དོན་རྗེས་དཔག་གི་དམིགས་ཡུལ་གཙོ་བོ་ནི་རྩོད་པའི་རིམ་པ་ཞིག་མ་ཡིན་པར་མཐའ་གཉིས་སུ་དོགས་པའི་ཕྱི་རྒོལ་གྱི་རྒྱུད་ཀྱི་ཐེ་ཚོམ་བསལ་བའི་ཆེད་དུ་བསྟན་པའི་ངག་ཅིག་ཡིན་པས་སོ།།

  མཆན། 

  [1] 《བུ་སྟོན་ཆོས་འབྱུང》བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས༡༩༩༦ལོའི་ཟླ་བ༦པར་པར་དུ་བསྐྲུན།  ཤ ༡༥༩

  [2] 《རྒྱ་གར་ཆོས་འབྱུང》ཇོ་ནང་ཏཱ་ར་ན་ཐས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༥ལོའི་ཟླ་བ༧པར་པར་དུ་བསྐྲུན།  ཤ ༡༦༦

  [3] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༢༧

  [4] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན།  ཤ ༢༠༩

  [5] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༢༠༩

  [6] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན། ཤ ༢༠༢

  [7] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན།  ཤ ༢༠༠

  [8]  商商羯罗主造 玄奘法师译 :《因明入正理论  一卷》 讲稿

  [9]   大域龙菩萨造 玄奘法师译 :《因明正理门论》

  [10] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན།  ཤ ༢༠༣

  [11] 舍尔巴茨基 著《佛教逻辑》 ,商务印书馆 1997年出版, 第332页

  [12] 梶山雄以 著 张春波 译《印度逻辑学的基本内容》 ,商务印书馆 1980年出版,第29页

  [13]《因明正理门论》讲记网址: http://wenku.baidu.com/view/a8059c3a87c24028915fc384.html

  [14] 诸有说言。宗因相违名宗违者。此非宗过。以于此中立声为常。一切皆是无常故者。是喻方便恶立异法。由合喻显非一切故。此因非有。以声摄在一切中故。或是所立一分义故。此义不成名因过失。喻亦有过。由异法喻先显宗无后说因无。应如是言。无常一切。是谓非非一切义故。然此倒说一切无常。是故此中喻亦有过 。

  [15] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན།  ཤ ༨༦~༨༧

  [16] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན།  ཤ ༡༣༤

  [17] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན།  ཤ ༢༠༡~༢༠༢

  [18] 《ཚད་མའི་ལམ་བསྒྲིགས་གསུངས་འབུམ་པོད“མ”》 རྗེ་ཙོང་ཁ་པས་མཛད། མཚོ་སྔོན་མི་རིགས་དཔེ་སྤྲུན་ཁང་།  ཤ ༩༡༤

  [19] 《རྒྱ་གཞུང་རྩ་འགྲེལ་པོད་དང་པོ》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༨ལོའི་ཟླ་བ༣ པར་པར་དུ་བསྐྲུན།  ཤ ༡༡

  

  • 顶