ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ། དཀའ་ཐུབ་རྒྱལ་གྱིས་བརྩམས།
བརྡ་ཆད་གཙོ་བོ། དགེ་འདུན་ཆོས་འཕེལ། སྒྱུ་རྩལ་རིན་ཐང་། ཁྱད་ཆོས།
༡.དཔེ་དོན་སྦྱོར་བ་གསོན་ཉམས་གྱི་ཁྱད་ཆོས་ལྡན་པ།
མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་མཆོག་གིས་མཛད་པའི་སྙན་རྩོམ་དག་གི་དཔེ་རྒྱན་དང་གཟུགས་རྒྱན་སྦྱོར་ཚུལ་ཐད། དཔེ་དོན་སྦྱོར་བ་འོས་ཤིང་འཚམ་ལ་གཟུགས་སྣང་ཅན་གྱི་དཔེ་ཡིས་དཔེ་ཅན་རྣམས་མཚོན་པར་བྱས་པས།སྙན་རྩོམ་དེ་དག་ལ་འགུལ་སྐྱོད་དམ་གསོན་ཉམས་ཤིག་རང་ཤུགས་ཀྱིས་བྱིན་ཡོད།བརྗོད་བྱའི་དོན་གྱི་དཔེ་ཅན་དེ་དག་ལ་དཔེ་སྦྱོར་བ་འཚམ་པོ་བྱུང་བ་མ་ཟད་དཔེ་ཅན་དེ་དག་གཟུགས་སྣང་ཅན་གྱི་དཔེའི་འཇལ་བས།ད་གཟོད་སྙན་རྩོམ་དེ་དག་ལ་རང་རང་གི་ཁྱད་ཆོས་གཟེངས་སུ་ཐོན་འདུག སྤྱིར་དཔེ་དོན་སྦྱོར་རྒྱུ་འཚམ་པོ་བྱུང་མིན་ནི་རྩོམ་པ་པོ་ཞིག་གི་རྩོམ་འབྲིའི་ཆུ་ཚད་བཟང་མིན་སོགས་ལ་རག་ལས་བས་ང་ཚོས་སྙན་རྩོམ་དང་ལྷུག་རྩོམ་གང་ཞིག་བྲིས་ན་ཡང་གཙོ་བོ་རང་གིས་་བརྗོད་དོན་དེ་དཔེ་འདྲ་ཆགས་པ་གང་ཞིག་གིས་མཚོན་ཐུབ་མིན་ནི་ལས་ལ་བྱང་བ་ཡོད་མེད་གྱི་རྩོམ་པ་པོ་རྣམས་ལ་མཚོན་ནས་བཤད་ན་ཧ་ཅང་གི་འབྱོར་འོས་ལས་ཀ་ཞིག་ཡིན། བརྗོད་བྱའི་དོན་དེ་རྗོད་བྱེད་ཚིག་གིས་ཇི་ལྟར་མཚོན་རྒྱུ་དང་བརྗོད་བྱའི་དོན་དེ་ལ་རྗོད་བྱེད་ཚིག་གང་ཞིག་བཀོད་ན་འཚམས་པོ་འབྱུང་མིན་སོགས་ནི་སྙན་ངག་འབྲི་བའི་རྩོམ་པ་པོ་རྣམས་ཀྱི་བློ་དང་རིག་པའི་ཉམས་མྱོང་ལས་བྱུང་དགོས་བའི་བྱ་བ་ཞིག་ཡིན་ནོ།། སྒྲིག་གཞི་བཀོད་སྒྲིག་གི་ཆ་ནས་སྙན་ངག་གི་དབུར་“སྲིད་པའི་འབྱོར་བ་ལ་ཁའི་ན་བུན། འདུས་པའི་གཉེན་གྲོགས་ཚོང་འདུས་མགྲོནཔོ།།”ཞེས་པ་དང་། མཇུག་ཏུ། “དགེ་བའི་དངོས་པོ་ཅུང་ཟད་བསྒྲུབས་པ། ཕྱི་མའི་ཡུལ་དུ་གྲོགས་ལ་བསྲིངས་སོ།།”ཞེས་པ་སོགས་ཚིག་རྐང་གང་ཞིག་ཡིན་ཡང་འཆི་བ་མི་རྟག་ནམ་མཁའི་གློག་དམར་དང་རྒྱུ་ནོར་མི་རྟག་རྩྭ་མགོའི་ཟིལ་བའི་ཆོས་ཉིད་དེ་ནམ་ལངས་ན་ཉི་མ་ཤར་ཤར་དུ་མཚོན་ཡོད། ཐ་སྙད་ཀྱི་བཀོད་སྒྲིག་ཀྱང་སྙན་ངག་གི་རྣམ་པ་མཚོན་བྱེད་ཀྱི་ཐབས་ཀྱི་མཆོག་ཏུ་གྱུར་པ་ཞིག་ཡིན་ཏེ།②འཇར་མན་གྱི་མཚན་ཉིད་རིག་པ་ཧེ་ཀེལ་གྱིས“སྙན་ངག་ནི་རྣམ་པ་མཚོན་བྱེད་ཕུན་སུམ་ཚོགས་ཤོས་ནི་ཐ་སྙན་ཀྱི་བཀོད་སྒྲིག་ཡིན”ཞེས་གསུངས་པ་ལྟར། གོང་གི་སྙན་ངག་འདིར་མཚོན་ན་ལ་ཁའི་ན་བུན་དང་། “ཚོང་འདུས་མགྲོན་པོ།”“མདང་གི་རྨི་ལམ”“དུང་སེམས་ཉི་མ”“ལང་ཚོའི་མེ་ཏོག”སོགས་ཐ་སྙད་ཀྱི་བཀོད་སྒྲིག་དེ་སྙན་རྩོམ་ཧྲིལ་བོའི་བརྗོད་བྱ་གའུ་ཁ་སྦྱོར་ཚུལ་དུ་འཕྲོད་ཡོད་པས་སྒྱུ་རྩལ་གྱི་ཚད་མཐོན་པོར་སོན་ཡོད། དོན་རེ་ལ་དཔེ་རེ་བཀོད་པ་གསོན་ཉམས་ལྡན་ཞིང་ཡིད་ལ་འབབ་པ་ཞིག་ཡིན། དཔེར་ན་སྲིད་པའི་འབྱོར་བ་དེ་ལ་ཁའི་ན་བུན་གྱི་གཟུགས་སུ་བཀོད་དེ་ངོ་མ་འཇིག་རྟེན་འཁོར་བའི་ཕུན་ཚོགས་ནི་རྟག་བརྟན་འགྱུར་མེད་ཞིག་མ་ཡིན་པར་རི་མགོའི་སྨུག་པ་བཞིན་དུ་རེ་ཞིག་མིག་ལ་སྣང་དུ་ཡོད་ལ་འཛིན་དུ་མེད་བར་མི་རྟག་པའི་ཆོས་ཉིད་ཅན་དུ་སྤྲོས་བརྗོད་འདུག་པ་ནི་བརྗོད་དོན་དེ་ཉིད་གཏིང་ཟབ་སྒོས་མངོན་པར་མཚོན་སྟངས་ཤིག་ཡིན། འདི་ལས་རྩོམ་པ་པོས་དཔེ་དོན་རེ་རེའི་བར་གསེང་ནས་འཇིག་རྟེན་གྱི་འདུ་བ་དང་འབྲལ་བ་མང་བའི་འགྱུར་བ་དེ་སེམས་ཀྱི་མཐོ་ས་ཞིག་ནས་འགོག་མེད་དུ་བརྗོད་ཡོད།འདི་ལྟ་བུའི་སྒྱུ་རྩལ་གྱི་ཕན་ནུས་ཐོན་པ་འདི་དགེ་ཆོས་མཆོག་གི་རྩོམ་གཤིས་ལས་དཔེ་དོན་གྱི་ཉམས་འདོན་སྟངས་དང་དོན་གྱི་ཉམས་དངོས་དེ་ཡིན།
༢.ཡིད་བརྙན་དང་ཚོར་འདུའི་ཕྱུག་པ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་དག་ལ་རང་རེའི་སྔོན་བྱོན་མཁན་དབང་དང་སྙན་ངག་པ་གཞན་དང་མི་འདྲ་བའི་ཡིད་བརྙན་དང་ཚོར་འདུ་ཡིས་ཕྱུག་པའི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་སྟེ། ཨུ་རུ་སུའི་རྩོམ་རིག་དཔྱད་བརྗོད་པ་པེ་ལིན་སི་ཞེ་ཡིས③“བརྩེ་དུང་མེད་ན་སྙན་ངག་མཁན་པོ་ཡོད་མི་སྲིད་ལ་སྙན་ངག་ཀྱང་ཡོད་མི་སྲིད”་ཅེས་གསུངས་པ་དེས་གོང་གི་བརྩེ་དུང་དེ་ལྟ་བུ་ནི་སྙན་ངག་བཟང་ཤོས་ཡོང་བྱེད་ཀྱི་སྒུལ་ཤུགས་ཤིན་ཏུ་མཐོང་། ④“གང་ཟག་སོ་སོ་བ་ལ་ཡིད་ཀྱི་རྟོག་པའམ་ཚོར་བ་དང་། ཕྱི་ཡུལ་གྱི་གཟུགས་བརྙན་ནམ་རི་མོ་གཉིས་གཞི་གཅིག་དུ་འདྲེས་བྱེད་ཀྱི་ཡི་གེའི་སྦྱོར་བའི་ལམ་ནས་མངོན་པར་བྱ་བ་ཞིག་ལ་གོ།”དེ་ཡང་ཡུལ་བརྙན་ཡིན་ནའང་ཆོག་ཡང་ན་ཡིད་གཟུགས་ཡིན་ནའང་ཆོག་དེ་ལས་གཟུགས་དང་བརྙན་གང་ཞིག་བཀོད་ན་ཡང་གཙོ་བོ་བརྩམས་ཆོས་ལས་མཚོན་པའི་བརྙན་གཟུགས་གང་ཡིན་ཡང་བརྩེ་དུང་གི་ཆ་དེ་འདྲེས་ཡོད་པ་དེ་ཡིན་ལ། དེ་ལ་ཚོར་འདུ་ཡི་ཕྱུག་ཡོད་པ་དང་ཚོར་འདུ་དེའི་ཤུགས་ནས་རྩོམ་པ་པོས་རི་ཆུ་ནགས་གསུམ་ལ་བཅིངས་བའི་བརྩེ་དུང་དང་དེ་ལས་བྱུང་བའི་མི་དང་དངོས་པོ་གང་ཞིག་ཡིན་ཡང་ལྗོངས་རྣམ་དང་དངོས་རྣམ་བྲིས་པ་བརྒྱུད་ནས་རྩོམ་པ་པོའི་བརྩེ་དུང་ཤུགས་ནས་མཚོན་རྒྱུ་དེ་ཡིན། དཔེར་ན“སྔོན་སྨོན་ལས་ཀྱི་ཆར་ཟིན་བབས་ཚེ།། ཡོད་ཡོད་འདྲ་བའི་དགུང་གི་མཇའ་མཚོན། དུང་སེམས་ཉི་མས་གསལ་དུ་སོང་ཚེ། མིམཐོང་ནམ་མཁའི་དབྱིངས་སུ་ཡལ་སོང” ཞེས་པ་ལས་མཚོན་ཐུབ་པ་ནི་རྩོམ་པ་པོ་དང་ཆུང་གྲོགས་གཉིས་ཕན་ཚུན་བར་གཞན་དང་མི་འདྲ་བའི་བརྩེ་སེམས་དང་དུང་སེམས་ཡོད་པས་ཡིན། ཕྱི་ཡུལ་གྱི་དངོས་པོ་ལ་དཔེ་བཀོད་ནས་རྩོམ་པ་པོའི་ནང་སེམས་ཀྱི་འགྱུར་བ་དག་གསལ་བོར་མཚོན་ཡོད། འདི་ཡང་རྩོམ་པ་པོས་ཡུལ་བརྙན་དང་ཡིད་གཟུགས་སོགས་ཀྱི་ལེགས་པར་མཚོན་ཆེད་དུ་བྲི་བྱ་མི་དང་ཡང་ན་དངོས་བོ་གང་ཡིན་ཡང་ལྗོངས་དངོས་ལས་རྩོམ་པ་པོའི་བརྩེ་དུང་དེ་མཚོན་ཆེད་དུ་རབ་བཏགས་དང་བསྡུས་བརྗོད། མཚོན་དོན་ཅན་གྱི་སྒོ་ནས་དྲང་བརྗོད་ལྷུག་བརྗོད་གང་ཡིན་ཡང་བརྩེ་དུང་གིས་ཕྱུག་པ་དེ་ཆེས་མཐོ་བའི་ཚོར་འདུ་ཡི་མཚོན་ཐབས་དང་སྒྱུ་རྩལ་གྱི་མཛེས་པའི་རིན་ཐང་གི་ཆ་དེ་ཡིན། དགེ་ཆོས་ལགས་ཀྱི་ཡིད་བརྙན་མང་པོ་ཞིག་བཞེངས་སྐྲུན་བྱས་མཐར་དེ་དག་ལས་ཁོང་ཉིད་ཀྱི་ཚོར་འདུ་ཤུགས་དྲག་ལ་འཕྱུར་བའི་ཡིད་ཀྱི་དྲན་པ་དང་སེམས་ཀྱི་སྡུག་བསྔལ་དེ་ཡིད་བརྙན་དང་དེ་དག་གི་ཤུགས་ནས་ཀློག་པ་པོར་སྦྱིན་ཐུབ། བརྩེ་དུང་ནི་སྙན་རྩོམ་དང་སྙན་ངག་པ་ཞིག་ལ་མཚོན་ན་ཡིད་ཀྱི་ཟབ་ས་ནས་འབུས་བའི་ཚོར་འདུ་དང་དེར་བཟུང་བའི་དྲན་པ་དེ་ཡིན། དེ་བས་ཚོང་འདུས་མགྲོན་པོ་དང་གཤིན་རྗེའི་གྲོང་། ཕྱི་མའི་ཡུལ། བར་དོའི་ཁམས་སོགས་ཀྱི་ཡུལ་བརྙན་ནི་སྙན་ངག་པའི་དོན་གྱི་བརྗོད་བྱ་ལ་འཚམ་པའི་དཔེ་དེ་ཡིན། དེ་ནི་དོན་དམ་པར་བརྙན་དང་གཟུགས་སུ་སྣང་བའི་འདུ་ཤེས་ལ་སྤྲད་པའི་སྣང་བརྙན་དེ་ཡིན། དེ་མིན་སྙན་ངག་པས་བྲིས་པའི་སྙན་རྩོམ་ནི་ཐོག་མཐའ་བར་གསུམ་དུ་བརྩེ་དུང་གིས་ཕྱུག་ཅིང་དེར་དཔེ་འཇོག་གཟུགས་བཀོད་ཀྱི་ཆའམ་རྒྱན་སྣ་ཚོགས་ཀྱི་ཕྱུག་པ་ནི་སྙན་རྩོམ་སྤུས་ལེགས་འབྱུང་བའི་དངོས་རྒྱུ་ཡིན་པས་སྙན་རྩོམ་ལ་ཚེག་བར་དང་ཆ་ཡའི་སྡེབ་སྟངས། སྙན་རྩོམ་འབྲི་བ་བོའི་བློས་སློང་གི་བློ་བཀོད་ལ་རག་ལས་པས་འདིར་ཚེག་བར་དགུ་མ་སྟེ། སྤྱི་སྦྱོད་དང་རྒྱུག་ཆེ་པའི་ཚེག་བར་གཏན་ཁེལ་འདིར་གཞིགས་ནས་ཡིད་བརྙན་གྱི་ཚོར་འདུ་རེ་རེའི་ཤུགས་ན་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་རང་ཤུགས་སུ་བསྟུམས་པའི་ཁྱད་ཆོས་དེ་ལྡན་འདུག། དཔེར་ན“ལུས་ཟུང་ཟད་པའི་ཀེང་རུས་གཟུགས་བརྙན།། གསོན་དུ་རེ་བའི་ཁོ་ཐག་ཆད་དེ།། འཆི་བའི་མིག་གིས་ཅེ་རེ་བལྟ་བའི།། གཏམ་དེ་བདེན་ན་སྙིང་ལ་གཟན་པ།།”ལྟར།ཆུང་གྲོགས་ནད་བྱུང་བའི་གནས་ཚུལ་དེ་གོ་བ་ནས་བཟུང་རྩོམ་པ་པོའི་སེམས་ཁམས་ལ་སྡུག་བསྔལ་གྱི་གདུང་སེམས་དྲག་པོས་ཁོངས་བ་གསལ་བོར་མཚོན་ཡོད། སྙན་རྩོམ་དང་སྙན་ཚོམས་གང་ཡིན་ཡང་དེའི་རྩོམ་པ་པོའི་ཚོར་འདུ་འདི་རེད་ཅེས་ཐད་ཀར་མཛུབ་མོས་རི་སྟོན་བྱེད་རྒྱུ་མེད་པར་དེ་ནི་དཔེ་འཇོག་པ་དང་། གཟུགས་བཀོད་ཀྱི་ཐབས་འཕྲུལ་ཁྲོད་ནས་མངོན་པའི་སྙན་ངག་པའི་བསམ་བློའི་འཕེལ་འགྲེལ་དང་དགའ་སྐྱོ་དགོད་གསུམ་དེ་ཡིན། དོན་དུ་དེ་ནི་ཚིག་དང་ཐ་སྙད་བཀོད་སྒྲིག་ལས་མངོན་པའི་ཡིད་འགྱུར་ཀྱི་ཚིག་དང་སྐད་ཆ་དེ་ཡིན། འདིར་སྙན་རྩོམ་གྱི་སྙིང་ལ་གཟན་པ་སོགས་བྱ་ཚིག་གིས་སྟོན་བཞིན་ཡོད་ལ་དེས་རྩོམ་པ་པོའི་ཚོར་འདུ་ཡང་ཞོར་ནས་མཚོན་ཡོད།
༣.ཚིག་དོན་ཉམས་འགྱུར་གྱི་ཕྱུག་པ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྩོམ་གཤིས་ཀྱང་མཁས་པ་གཞན་དག་གི་རྩོམ་གཤིས་དང་བསྡུར་ན་ཐུན་མིན་ཁྱད་ཆོད་མངོན་པར་གསལ་བའི་ཁྱད་ཆོས་ལྡན་ཏེ། འདིར་རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་གཉིས་ཀར་ཉམས་འགྱུར་ཕུན་སུམ་ཚོགས་པ།⑤“ཚིགས་བཅད་སྙན་ངག་ལ་མཚོན་ན་ཐོག་མར་རྐང་བ་སོ་སོའི་ཡིག་གྲངས་དོ་མཉམ་པ། སྒྲ་གདངས་དྲག་ཞན་བར་མའི་སྡེབ་ལེགས་པ། དབྱངས་ཀྱི་འདོགས་འཇོག་གི་འགྲོས་འཚམས་གསལ་བ། མི་རགས་རང་གི་སྐད་ཆའི་ཆོས་ཉིད་དང་མཐུན་པ་ཞིག་བྱུང་ན་ད་གཟོད་ཚིགས་བཅད་སྙན་ངག་གི་རྩོམ་ཉམས་གྱི་སྒྱུ་རྩལ་བྲོ་བ་ཞིག་འབྱུང་ངེས་”ཞེས་གསུང་བ་ནང་བཞིན་དགེ་ཆོས་ཀྱི་སྙན་རྩོམ་ལ་ཚེག་བར་གྱི་ཡིག་གྲངས་ཚིག་རྐང་དགུ་མའི་ཚིགས་བཅད་དེ་ཡིན་ལ་བོད་རང་གི་སྙན་ངག་ལས་འདི་ནི་སྤྱི་སྤྱོད་དང་རྒྱུག་ཆེ་བ་ཡིན་པས་ཁོང་གིས་ཀྱང་ཚེག་བར་དགུ་མའི་ཚིགས་བཅད་རྩོམ་ཡིག་འབྲི་སྟངས་འདི་བེད་སྤྱད་ནས་བརྩམས་པ་ཡིན་པས་ཁ་ནས་གྱེར་ན་ངག་དུ་བདེ་ཞིང་ཡིད་ལ་འབབ་པའི་སྙན་ངག་དང་མགུར་གླུའི་ཁྱད་ཆོས་ལྡན་པ་ཚིག་ངོས་ནས་རྟོགས་ཐུབ་ལ་ཚིག་ཤུགས་ནས་ཀྱང་ཐུན་མིན་གྱི་བྲོ་བ་གཞན་ཞིག་སྤྱིན་པས་ཚིག་དོན་ཉམས་འགྱུར་གྱི་མཛེས་བས་ལེགས་པར་རྒྱན་ཡོད་པ་ཡིན། དཔེར། རྗོད་བྱེད་ཚིག“སྲིད་པའི་འབྱོར་བ།”“འདུས་པའི་གཉེན་གྲོགས།”“མ་ངེས་སྐྱིད་སྡུག”སོགས་བརྗོད་བྱ་འདི་དག་ལ་ཉམས་འགྱུར་གྱི་ཕྱུག་པ་དང་ཟབ་དོན་སྒོས་མཚོནཔར་བྱ་ཆེདདཔེ་ན“ལ་ཁའི་ན་བུན”“ཚོང་འདུས་མགྲོནཔོ”“མདང་གི་རྨི་ལམ”སོགས་དཔེ་ལས་དཔེ་ཅན་ནམ་དོན་དེ་ཡིད་བརྙན་གྱི་རྣམ་པ་དང་ཡིད་གཟུགས་ཀྱི་རྣམ་པས་རང་བཞིན་དུ་ཀློག་པ་པོའི་སེམས་ཀྱི་སྣང་ངོར་བསྐུན་ཡོད་པའོ།། དེ་ལྟ་བའི་རང་གི་ཡིད་ལ་དེ་བལྟ་བྱེད་ཀྱི་གཟུགས་སམ་དངོས་གང་རུང་ཞིག་ཡོད་པ་དང་དེ་ནི་མིའི་ཀླད་པ་དང་སེམས་ངོར་ཡིད་བརྙན་དང་ཡིད་གཟུགས་ཀྱི་འབྲི་ཐབས་ཟེར་རོ། འདིའི་ཚིག་དོན་གཉིས་གཅིག་ལ་གཅིག་བརྟེན་གྱི《གུང་ཐང་བསྟན་པའི་སྒྲོན་མེ》སློབ་གཉེར་བསླབ་བྱ་རུ།⑥“དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།། བརྟེན་ཕྱིར་གཞུང་ཚིག་བློར་འཛིན་མི་བྱེད་པ།།”ཞེས་བས་ཀྱང་དོན་རྒན་པོའམ་བརྗོད་བྱ་དེ་སྟོན་དགོས་བའམ་འགྲོ་དགོས་ན་ཚིག་འཁར་བ་ལ་བརྟེན་དགོས་བས་རྗོད་བྱེད་ཚིག་གི་ལེགས་པར་སྦྲས་ཏེ། དཔེ་འཇོག་གཟུགས་བཀོད་རང་བྱུང་ལྷུན་གྱིས་གྲུབ་པ་འདི་ལས་བརྗོད་བྱའི་དོན་བཟང་པོ་ཞོར་ནས་ཐོན་ཅིང་ཉམས་འགྱུར་ཡང་ཕུན་ཚོགས་པ་ཐོན་ངེས་བས་དོན་དུ་ཚིག་གི་རྒྱན་མེད་ན་དོན་གྱི་གཞི་འབབ་ས་འམ་སྟོན་འདོད་པ་དེ་ལེགས་པར་སྟོན་དཀའ་བས་ང་ཚོས་གཏམ་དཔེ་དང་གབ་ཚིག་ནང་བཞིན་དཔེ་ཅན་སྟོན་པར་བྱེད་ཕྱིར་དཔེ་ཡག་པོ་བཀོལ་ན་ལྷག་ཏུ་མཛེས་བས་ཉམས་འགྱུར་དང་མཛེས་བ་ཡང་དེ་བཞིན་ནོ།།
༤.གོ་སླ་བའི་རང་བཞིན།
མཁས་དབང་དམ་པ་འདིའི་རྩོམ་གཤིས་རྗེ་རྡོ་གྲུབ་བསྟན་པའི་ཉི་མ་དང་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་བོ་ལ་སོགས་པའི་རྩོམ་གཤིས་དང་འདྲ་བར་རྩོམ་ཕལ་ཆེ་བ་རང་བྱུང་ལྷུན་གྱིས་གྲུབ་པའི་ཆོས་ཉིད་གཞི་བྱས་ཏེ་རིག་པའི་གཏན་ཚིགས་ཀྱི་བསླབ་བྱ་བཞིན་དུ་བརྩམས་པས་ཀུན་གྱིས་གོ་སླ་ཞིང་མང་ཚོགས་ཡིག་ངོ་ཆོད་པ་ཞིག་ཡིན་ཚེ། ཡག་པོ་འདུག་ཅེས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད།⑦དགེ་ཆོས་ཁོང་རང་ཉིད་ཀྱིས་གསུངས་པ་ལྟར། “རྩོམ་དང་སྙན་ངག་ཕུན་སུམ་ཚོགས་པ་ཞིག་འབྲི་བ་ལ། རང་གི་ལུང་པའི་སྐད་དེ་ལ་བསྟུན་ནས་གོམས་འདྲིས་མཐིལ་ཕྱིན་ཞིག་མེད་ན། ཚིག་དོན་དང་སྒྲ་དོན་སྦྱོར་ཚུལ་སྙན་པོ་དང་ཟབ་པོ་ཡོང་རྒྱུ་ཁག་པོ་རེད།”ཅེས་གོ་སླ་བའི་ཁ་སྐད་དང་སྦྱར་ན་ལེགས། དཔེར་ན་སྙན་ངག་འདིའི་ནང་གི“མདང་གི་སྨི་ལམ”དང“དགུང་གི་འཇལ་ཚོན”ལྟ་བུ། ཡང་ན“ལུས་སེམས་རྒུད་པ”དང“སྙིང་ལ་གཟན་པ”སོགས་ལས་སླ་བའི་ངང་ནས་གོ་བ་ལེན་ཐུབ་པའི་ཐ་སྙད་གང་མང་ཞིག་བཀོད་ཡོད། ལྷག་པར་དུ་དེང་དུས་སློབ་གྲྭ་བ་དང་སློབ་ཆེན་པ་སོགས་རིག་གནས་དང་ཐ་སྙད་རིག་པའི་གོ་དོན་དང་གཞུང་ལུགས་ལ་རྨོངས་བའི་གསར་སྐྱེས་ན་གཞོན་མང་པོ་ཞིག་དགེ་ཆོས་དང་ཧོར་གཙང་འཇིགས་མེད། དོན་གྲུབ་རྒྱལ་སོགས་གྱི་རྩོམ་ཡིག་དང་དཔེ་ཆ་ཉོ་རྒྱུར་དགའ་བ། དེ་ཡང་མི་སྒེར་དད་བཀུར་རིང་ལུགས་རྐྱང་རྐྱང་མ་ཡིན་པར་ཁོ་ཚོའི་བརྩམས་ཆོས་ལ་གོ་སླ་བ་དང་བསམ་གཞིགས་གནས་ལུགས་ཀྱི་བསླབ་བྱའི་སློབ་གསོའི་ཁ་དབུགས་མཐུག་དྲག་པས་དེ་འདྲར་དགའ་མཁན་དང་དུང་ཞེན་མཁན་ཧ་ཅང་མང་བ་ང་ཚོའི་མིགགི་མཐོང་ཆོས་སུ་གྱུར་པ་འདི་བཞིན་ལགས་སོ།དེ་བས་ཁོང་གི་ཀ་རྩོམ་དང《མི་རྟག་དྲན་མགུར》《བཙོན་མགུར》དང《བླ་བྲང་ལ་སྐུར་བའི་ཀ་རྩོམ》སོགས་ཀྱི་རྩོམ་ཡིག་མང་ཆེ་བར་གོ་སླ་བའི་ཁྱད་ཆོས་འཛོམས་པས་བློ་འགུགས་པ་དང་དགའ་མཁན་ཡང་དེ་བཞིན་གྱི་མང་བའོ།།
༥.དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོད་འབུར་དུ་དོད་པ།
དངོས་ཡོད་རིང་ལུགས༼现实主义༽དངོས་ཡོད་ཀྱི་འཇིག་རྟེན་འཚོ་བ་དང་སྤྱི་ཚོགས་འཚོ་བའི་སྣང་ཚུལ་དམར་རྗེན་དུ་མཚོན་པ་དང་སྒྲོ་འདོགས་དང་དཔེ་རྒྱན་དང་གཟུགས་རྒྱན་གྱིས་བརྒྱན་པ། ཡང་ན་བསྡུས་བརྗོད་ཀྱི་ལམ་ནས་དོན་སྟོན་པ་སོགས་མ་ཡིན་པར་ཚོར་བ་བདེ་སྡུག་བཏང་སྙོམས་སོགས་ཚིག་དང་ཡིག་འབྲུ་རེ་རེའི་བར་གསེང་ནས་མཐོན་པོར་སྒྲོག་པ་དང་། དེ་བཞིན་རྩོམ་པ་པོའི་ཡིད་འགྱུར་ཡང་གླུ་དབྱངས་ཀྱི་དབྱངས་རྟ་བཞིན་ངག་ནས་བླངས་ཚེ་ལེན་མཁན་གྱི་སེམས་ཚོར་དང་བརྗོད་བྱ་འོ་ཆུ་འདྲེས་བ་ལྟར་གསལ་ལྷང་ངེར་མངོན་སུམ་དུ་ཡིད་དང་ཡིད་དུ་སིམ་པས་དངོས་ཡོད་འཚོ་བ་ལས་ཆེ་ཆེར་མ་བརྒལ་བར་རྟོག་འགྱུ་དང་དྲན་བཟོ་འཆར་ཡན་སོགས་ཀྱི་ཆ་ཅི་ཡང་མེད་པར་འཇིག་རྟེན་འཁོར་བ་ན་གནས་བའི་རང་བཞིན་ནམ་སྣང་ཚུལ་ཡང་ན་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ན་མངོན་པའི་རང་བཞིན་ནམ་ཁྱད་ཆོས་དེ་རང་བྱུང་ལྷུན་གྱིས་གྲུབ་པར་བྱས་ཤིང་ཕན་ཚུན་རྡོ་ཆག་བཙན་སྒྲིག་བྱས་པ་ལྟ་བུ་མིན་པར་ཤར་མར་ཐོན་པ་དང་འབུས་བའི་རང་བྱུང་དང་ཆོས་ཉིད་ཀྱི་བདེན་པའི་ཁྱད་ཆོས་དེ་དངོས་ཡོད་དང་མངོན་སུམ་གྱི་བསམ་བློ་དང་ཚིག་གིས་ལེགས་པར་མཚོན་པ། དཔེར་ན། “སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད།། བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས།།”ཞེས་གསུངས་པ་ལྟ་བུ་དང་ཡང་ན་“ལུས་ཟུང་ཟད་ལ་ཀེང་རུས་གཟུགས་བརྙན་།། གསོན་དུ་རེ་བའི་ཁོ་ཐག་ཆད་དེ། ། འཆི་བའི་མིག་གིས་ཅེ་རེ་བལྟ་བའི། ། གཏམ་དེ་བདེན་ན་སྙིང་ལ་གཟན་པ།།”སོགས་དཔེ་རྒྱན་དང་གཟུགས་རྒྱན་མ་བཀོད་ལ་དངོས་ཡོད་ཀྱི་གནས་ལུགས་དེ་དག་ཚིག་དང་ཡིག་འབྲུ་རེ་རེའི་བར་གསེང་ནས་མཐོན་པོར་སྒྲོག་པ་ཡིན། དེ་ལས་རྩོམ་ཧྲིལ་བོར་བལྟས་ན་ཡང་བབས་ཆགས་པའི་ཚིག་དང་ཐ་སྙད་ཀྱི་ལམ་ནས་ཆེས་བབས་ཆགས་པའི་འཇིག་རྟེན་གྱི་གནས་ལུགས་དང་བསླབ་བྱ་རྣམས་དངོས་ཡོད་འཚོ་བ་ལས་རིང་དུ་མ་བརྒལ་བར་མངོན་སུམ་གྱི་ཆོས་གེ་མོ་དག་གིས་ལེགས་པར་སྟོན་ཐུབ་པར་བྱས་ཡོད་པའོ།། དཔེར་ན“མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ།། བསམ་ཞིང་བསམ་ནི་སྙིང་བོ་མི་འདུག།”དང་ཡང་ན“ཡུན་རིང་འདྲིས་པའི་སེམས་ཀྱི་བགཆགས།། གོམས་པའི་ཤུགས་འདི་བཟློག་ཐབས་མི་འདུག”བཞིན། དངོས་མེད་དང་རབ་བཏགས་འཁྱོག་བརྗོད་སོགས་ལ་མ་བརྟེན་པར་མང་ཚོགས་དང་འདྲིས་ཆ་ཆེ་བ། མང་ཚོགས་དང་བསྟུན་ཆེ་བའི་སྤྱི་སྐད་ཀྱི་ལམ་ནས་མཚོན་པ་ནི་དངོས་ཡོད་རིང་ལུགས་དང་འཚོ་བའི་ཕྱི་ནང་ལ་ཆ་རྒྱུས་ཟབ་པའི་རྩོམ་པ་པོ་ཞིག་གི་མངོན་སུམ་དང་དངོས་ཡོད་ལ་བྱང་བའི་སྒྱུ་རྩལ་གྱི་ཉམས་མྱོང་ཐུན་མོང་མ་ཡིན་པ་སོགས་ཡོད་པའི་རྐྱེན་དུ་སྲིད། སྙན་རྩོམ་འདིར་ཡང་སྔོན་གྱི་རྟོག་པ་འཆར་ཡན་རིང་ལུགས་ལས་ཐོལ་བརྒལ་ཆེར་ཕྱིན་པའི་མངོན་རྟགས་ཤིག་ཡིན་པ་དང་དེ་ལས་སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་འཆར་ཡན་ནས་དངོས་ཡོད་གྱི་ཕྱོགས་སུ་འཕེལ་འགྱུར་བྱུང་བ་ནི་རྩོམ་རིག་ཐོལ་བརྒལ་གྱི་མངོན་རྟགས་བཟང་བོ་ཞིག་ཡིན་བོད་པའི་རྩམ་པ་པོ་སྐོར་ཤས་ལས་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་ལ་བྱུང་ཞིང་དེ་མཚོན་པ་ཆེས་ལེགས་པའི་རྩོམ་པ་པོ་ཞིག་ཡིན། འདི་ནི་ངོ་བསྟོད་དང་དགའ་ཁ་འཁྱེར་ཕྱོགས་དེ་མ་ཡིན་པར་མི་ཚུལ་རིང་ལུགས་དང་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་དགེ་ཆོས་ཡིས་ནུབ་ཕྱོགས་ལ་ལད་ཟློས་རྐྱང་རྐྱང་བྱས་བ་མིན་པར་ཁོ་རང་ཉིད་ལ་བོད་རང་གི་དམངས་ཁྲོད་ངག་རྩོམ་གྱི་རྩོམ་གཤིས་ཀྱིས་མཚོན་པའི་ཐུན་མོང་མ་ཡིན་པའི་དངོས་ཡོད་རིང་ལུགས་ཀྱི་རྩོམ་སྟངས་དེ་མངོན་པར་ཐོན་པ་དེའོ།།
༦.མགུར་གླུའི་ཁྱད་ཆོས།
མཁས་དབང་དམ་པ་འདིའི་རྩོམ་གཤིས་ལ་མགུར་གླུའི་ཁྱད་ཆོས་མངོན་པར་གསལ་བ་དཔེར་ན《བཙོན་མགུར།》ཡང་ན《འདུ་བྲལ་སྙིང་པོ་་མེད་པར་རྟོགས་པའི་གླུ》《དུས་གསུམ་བདུད་ཀྱི་བུ་ལ་འཇིགས་པ་ཅི།》《སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་ཚུལ་འདི་སྐྱོ་བ》སོགས་རྩོམ་ཕལ་ཆེར་བར་རྗེ་མི་ལའི་མགུར་བླངས་བ་ལྟར་མགུར་གླུའི་ཁྱད་ཆོས་ལྡན་པས་སྐྱེས་བོ་སུ་ཡིན་ཡང་ཡིད་ཀྱི་དུང་བ་འདྲེན་སླ་བ། སེམས་ཀྱི་ཚོར་བ་དང་དགའ་བ་སྐྱེས་སླ་བའོ།། སྤྱིར་མགུར་ཞེས་བ་གླུ་ཡི་ཞེ་ཚིག་ཡིན་པས་སྔོན་བཙན་པོ་དང་བློན་པོ་སོ་སོ་བར་ལ་མགུར་གླུ་བླངས་བ་ཞེས་བ་བཞིན་མགུར་དེ་དེང་དུས་ཀྱི་གླུ་བླངས་བ་དང་གཏན་ནས་མི་འདྲ་ན་ཡང་། མགུར་ལ་ཡང་དབྱངས་ཀྱི་འདེགས་འཇོགས་དང་། དོན་མཚོན་སྟངས་སོགས་གོ་སླ་བབས་ཆགས་ཀྱི་ཉམས་ཅི་ཐོན་བྱས་བས་མི་སེམས་ལ་བག་ཆགས་འཇོག་སླ་བ་དང་ཁོར་ཡུག་དང་སྤྱི་ཚོགས་གང་ཡིན་ཡང་འབྲེལ་ཆགས་པ་སོགས་ཀྱི་རྩོམ་ཉམས་ལས་དགེ་ཆོས་ཁོང་གི་རྩོམ་ཚང་མ་མགུར་གླུ་ཡིན་པའི་ངེས་པ་མེད་མོད།“ན་གཞོན་ལང་ཚོའི་མེ་ཏོག་རྒྱས་དུས།།ཡིད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པའི།།འདྲིས་འདྲིས་ཆུང་གྲོགས་སེམས་ཀྱི་འཚེར་ཡ།།ད་ལྟ་རིགས་དྲུག་གང་དུ་ཡོད་ན།།”ཞེས་པ་སོགས་ལས་རྩོམ་ཉམས་དང་ཁྱད་ཆོས་འདོན་སྟངས་ལ་མགུར་གླུའི་ཁྱད་ཆོས་ཡོངས་སུ་རྫོགས་འདུག ངག་ལ་བདེ་པའི་ཁྱད་ཆོས་ཡོད་བས་ཀློག་བདེ་ལ་ཡིད་ཀྱི་དུང་བ་འདྲེན་ཐུབ་ཅིང་གོ་དཀའ་བ་དང་འགྲེལ་མི་ཤེས་བ་ནང་དོན་མི་རྟོགས་པ་སོགས་ཀྱི་ཁྱད་ཆོསམེད་པར་དགའ་སྐྱོ་འདྲེས་མའི་གནས་ལུགས་དང་བསླབ་བྱ་ཤུགས་དྲག་པའི་ཆ་འདི་དག་ལས་མགུར་མའི་རྩོམ་ཉམས་ཀྱི་མཛེས་པ་རྫོགས་འདུག་ཅེས་བཤད་ན་མི་ཆོག་པ་ཅི་ཡང་མེད་པའོ།།
༧. སྐྱོ་གདུང་གི་རྣམ་པའི་ཡིད་འགྱུར་མཚོན་ཚུལ།
བརྩམས་ཆོས་གྱི་མགོ་ནས་མཇུག་བར་དུ་སྐྱོ་བའི་མཁའ་དབུགས་མཐུག་པོ་ཞིག་གིས་གཡོགས་ཡོད་པ་དང་རྩོམ་པ་པོས་རང་གི་ཚེ་འདས་ཀྱི་གྲོགས་པོ་ལ་སྙིང་ནས་རྗེས་དྲན་བྱེད་པ་དང་དུས་མིན་འཆི་བའི་འཇིགས་པ་དེ་སུའི་ཐོག་ལ་ཐོན་མིན་བཤད་དཀའ་བས་ང་ཚོས་འཇིག་རྟེན་གྱི་འཆི་བ་མི་རྟག་པའི་རང་བཞིན་དང་ནམ་འཆི་ཆ་མེད་སོགས་ཀྱི་གནས་ལུགས་ལེགས་པར་རྟོགས་པ་དང་། བརྩེ་ཞིང་འགྲོགས་པའི་ཕྱི་ཐག་དང་ཡུན་རིང་འདྲིས་བའི་སེམས་གྱི་གྲོགས་པོ་དེ་འདི་ལྟར་བདག་དང་ཁ་ཆད་བྱས་ཏེ་འགྲོ་དགོས་ན་ཡང“སྐྱབས་ཀྱི་དམ་པ་རྩ་གསུམ་ལྷ་ཡི། ཐུགས་རྗེ་སྤྱན་གྱི་སྐྱེལ་མ་མཛོད་ཅིག དགེ་བའི་དངོས་བོ་ཅུང་ཟད་སྒྲུབ་པ། ཕྱི་མའི་ཡུལ་དུ་གྲོགས་ལ་སྲུངས་སོ”ཞེས་རང་གི་གྲོགས་མཆོག་དམ་པ་ཁྱོད་བར་དོ་དང་ཕྱི་མའི་འཕྲང་རིང་ནས་ཕྱིར་བལྟས་མེད་པར་སོང་ཞིག་བདག་གིས་མཆོག་གསུམ་བསླུ་བ་མེད་པའི་ཞིང་དུ། དགེ་བའི་དངོས་བོ་ཅུང་ཟད་སྒྲུབ་པ། ཕྱི་མའི་ཡུལ་དུ་གྲོགས་ལ་སྒྲུབ་ཡོད་ཅེས་སྐད་གསུང་མཐོན་པོས་རྩོམ་གྱི་ཤོ་ལོ་ཀ་དང་བོ་ནས་མཇུག་བར་དུ་རང་ཉིད་ཀྱི་གྲོགས་པོ་ལ་རྗེས་དྲན་དང་སྐྱེས་བ་ནི་འཆི་བའི་མགོ་བརྩམས་པ་ཡིན་ལ། འཆི་བ་ནི་སྐྱེས་བའི་མཇུག་བསྡུས་པ་ཡིན་ཞེས་བ་ནང་བཞིན་ང་ཚོས་ནམ་ཡིན་ཡང་སྐྱེས་རྒ་ན་འཆི་ཡི་འཁོར་བའི་ཆོས་ཉིད་ལ་ངོས་ཟིན་ཟབ་མོ་བྱེད་དགོས་བ་སྟེ།འདུལ་བ་གཞི་རུ⑧“བསགས་པ་ཀུན་གྱི་མཐའ་ཟད་ཅིང་། མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར།། ཕྲད་པའི་མཐའ་མར་འབྲལ་བ་སྟེ།། གསོན་པའི་མཐའ་ནི་འཆི་བ་ཡིན།།”དེ་ཤེས་བཞིན་དུ་རང་གི་དཀར་ནག་དགེ་སྡིག་གི་ལས་ལ་བསམ་ནས་དགེ་བའི་ཚོགས་བསགས་དགོས་བ་ལས་སྡིག་པའི་ལས་སྒྲུབ་ན་ཕྱི་མ་དང་བར་དོ་གང་ནས་ཡང་བར་ཆད་དང་ཆགས་སྒོ་མང་བས་འཆི་བའི་རང་བཞིན་ལ་རྐྱེན་བྱས་ཏེ་སྐྱེས་བའི་གོ་རིམ་ཁྲོད་ནས་དཀར་བོ་དགེ་བའི་ལས་ཞིག་སྒྲུབ་པར་འབད་དགོས་བར་ཡང་དང་ཡང་དུ་བདམས་ཞིང་སྐུལ་མ་བཏབ་པའོ།།
འཕྲིན་སྟེགས། weikangba