གཅིག ལ་དོན་བཤད་པ།
༡.ལས་སུ་བྱ་བ་ལ་འཇུག་པ་བཤད་པ། ལས་སུ་བྱ་བ་ནི་བྱ་བའི་ཡུལ་ཞིག་གཞིར་བཟུང་ནས་དེ་ལ་བྱ་བ་བྱེད་པ་ཞིག་སྟོན་པ། འོན་ཀྱང་བྱ་བ་ཡོད་ཚད་ལ་ཡུལ་ཡོད་པའི་ངེས་པ་མེད་ཅིང་ཡུལ་ཡོད་ཚད་ལ་ལ་དོན་སྦྱར་དགོས་པའི་ངེས་པའང་མེད། ༼༡༽དངོས་ཡུལ་ལ་འཇུག་པ། དཔེར་ན།གྲོགས་པོ་ལ་སྒུག ཡབ་ཡུམ་གྱི་ལག་པར་འཇུས། རྣ་བས་སྒྲ་ལ་ཉན་ལྟ་བུ་ལ་དོན་གྱི་ཡི་གེ་ལས་ར་དང་ལ་མ་གཏོགས་ཕྲད་གཞན་པ་རྣམས་མི་འཐོབ་པོ།། ༼༢༽བྱ་བ་བྱེད་དུ་འཇུག་པའི་ཡུལ་ལ་འཇུག་པ། དཔེར་ན། ཨ་མའི་ལུས་ལ་གྱོ ན་ཆས་བསྐོན། སྡོང་བོ་ཆུ་ལ་བསྐུར་ལྟ་བུ་འདི་རིགས་ལ་ལ་དོན་གྱི་ཡི་གེ་ར་དང་ལ་མ་གཏོགས་ཡི་གེ་གཞན་དག་མི་འཐོབ་བོ།། ༼༣༽བྱ་བ་དང་འབྲེལ་བའི་ཡུལ་ལ་འཇུག་པ། དཔེར་ན། དགྲ་ལ་སྡང་ཞིང་གཉེན་ལ་བྱམས། ཕ་མར་བཀུར་ཞིང་འབངས་ལ་བརྩེ་ལྟ་བུ་ལ་དང་ར་གཉིས་མ་གཏོགས་ཕྲད་གཞན་དག་མི་འཐོབ་བོ།། ༼༤༽བྱ་ཡུལ་རྗེས་མཐུན་པ་ལ་འཇུག་པ། དཔེར་ན། གདན་དུ་ཉལ། གནམ་ལ་བྱ་འཕུར་ལྟ་བུ་ལ་ལ་དོན་ཐམས་ཅད་འཇུག་པ་རེད། ༼༥༽བྱ་བ་ཞིག་བྱ་བའི་ཡུལ་གཙོ་བོ་སྟེ་ལས་དངོས་ལ་འཇུག་པ། དཔེར་ན། སྡོང་བོ་འཛུགས། ས་བརྐོས་ལྟ་བུ་ལ་རྣམ་དབྱེ་འཇུག་དོན་མེད་དོ།།
༢.དགོས་ཆེད་ལ་འཇུག་པ་བཤད་པ། དགོས་ཆེད་ནི་བྱེད་པ་པོ་དང་བྱ་བའི་ཡུལ་གང་གི་དགོས་པ་བསྒྲུབ་པའི་ཆེད་དུ་བྱ་བ་བྱེད་པར་སྟོན་བྱེད་ཡིན། འདི་ལ་རིགས་རྣམ་པ་གསུམ་ཡོད། ༼༡༽ལྟོ་གོས་སུ་ཞིང་བཏབ་པ། ལྟ་བུར་མཚོན་ན། བྱེད་པ་པོས་རང་གི་དགོས་པ་ཞིག་གི་ཆེད་དུ་བྱ་བ་བྱེད་པར་སྟོན་པ་རེད། ༼༢༽དབུལ་བོ་རྣམས་ལ་སྦྱིན་པ་གཏོང་ལྟ་བུ་ནི་བྱེད་པའི་ཆ་དང་ལྡན་པའི་ཡུལ་གྱི་དགོས་པ་བསྒྲུབ་པའི་ཆེད་དུ་བྱ་བ་བྱེད་པར་སྟོན་པ་ཡིན། ༼༣༽ནད་འགོག་ཏུ་སྨན་ཁབ་བརྒྱབ་ལྟ་བུ་རྣམས་ལ་དོན་སྔོན་དུ་བྱ་བའི་ཐ་སྙད་སྦྱར་བ་ཡིན་ལ། ལ་དོན་དེ་དག་གི་ཚབ་ཏུ་ད་དུང་དགོས་ཆེད་གསལ་བྱེད་ཀྱི་སྒྲ་སྟེ། ཕྱིར། ཆེད། དོན་ཏེ་གསུམ་སྦྱར་ཆོག་གོ །
༣.དེ་ཉིད་ལ་འཇུག་པ་བཤད་པ། དེ་ཉིད་ཅེས་པ་ནི་ལས་དང་བྱ་བ་གཉིས་ངོ་བོ་གཅིག་ཏུ་གྲུབ་པའི་དེ་ཉིད་ཙམ་ལའི་དོན་ཅན་གྱི་སྒྲ་ལ་བརྟེན་ནས་ཤེས་ཆོག་པ་ཞིག་ཡིན། དེ་ལ་དངོས་པོའི་རང་བཞིན་དང་ཁྱད་པར་སྟོན་པའི་ཚིག་དང་བྱ་བའི་རང་བཞིན་དང་ཁྱད་པར་སྟོན་པའི་ཚིག་ལ་སྦྱར་བ། དང་པོ་དཔེར་ན། མེ་ནི་ཚ་ཞིང་སྲེག་པའི་རང་བཞིན་དུ་གྲུབ་ལྟ་བུ། གཉིས་པ་དཔེར་ན། གླུ་ཤགས་ཡི་གེར་འབྲི་ལྟ་བུ། འདིའི་རིགས་ལ་ཁ་སྐད་དུ་ཇེ་བཟང་ལ་གཏོང་ཞེས་ལ་ཡིག་ཐོབ་ལ་ན་ཡིག་མི་འཐོབ་བོ།།
༤.རྟེན་གནས་ལ་འཇུག་པ་བཤད་པ། རྟེན་གནས་ནི་ཆོས་གང་ཞིག་གནས་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ་རྟེན་གྱི་གནས་གཞི་དང་བརྟེན་པའི་གནས་དངོས་བར་གྱི་འབྲེལ་བ་དེ་ཆགས་ཡོད་ལ། འདི་ལ་གཙོ་བོ་གནས་དང་གནས་པའི་དོན་ཅན་དང་རྟེན་དང་བརྟེན་པའི་དོན་ཅན་ཞེས་རྣམ་པ་གཉིས་ཡོད། དང་པོ་དཔེར་ན། ཆུ་སྣོད་བརྒྱ་ལ་ཟླ་བ་བརྒྱ་ལྟ་བུ། འདིའི་རིགས་ལ་ལ་དོན་གང་རུང་འཇུག་ཆོག་པ་རེད། གཉིས་པ་དཔེར་ན།བཀྲ་ཤིས་ལ་སྨྱུ་གུ་ཡོད་ལྟ་བུ་འདིའི་རིགས་ལ་ར་སྒྲ་ཟོར་ཡང་བས་མ་གཏོགས་ལ་དོན་གཞན་རྣམས་ལའི་ཚབ་ཏུ་འཇུག་མི་རུང་ངོ་།།
༥.ཚེ་སྐབས་ལ་འཇུག་པ་བཤད་པ། ཚེ་སྐབས་ནི་བྱ་བ་གང་ཞིག་ནམ་ཚོད་བྱེད་པ་དང་། འགྱུར་ལྡོག་གང་ཞིག་ནམ་ཚོད་བྱུང་བའི་དུས་སྟོན་བྱེད་ཡིན་ལ། དང་པོ་དཔེར་ན། ཚེས་བརྒྱད་ལ་སྡོམ་པ་སྲུང་། དུས་ཚོད་བཅུ་གཉིས་ལ་དྲོས་ཇ་འཐུང་ལྟ་བུ་རྣམས་བྱ་བ་གང་ཞིག་ནམ་ཚོད་བྱེད་པའི་དུས་ཚོད་སྟོན་པ་རེད། གཉིས་པ་དཔེར་ན། མེ་ཏོག་སེར་ཆེན་སོས་ཀར་བཞད། རླུང་གཡུག་མ་ཐག་ཏུ་ཆར་བབས་ལྟ་བུ་རྣམས་འགྱུར་ལྡོག་གང་ཞིག་ནམ་ཚོད་བྱུང་བའི་དུས་སྟོན་པ་རེད།
གཉིས། འབྲེལ་སྒྲ་བཤད་པ།
༡.དངོས་པོ་གང་ལ་དབང་བའི་བདག་པོའི་ཁྱད་པར་སྟོན་པ། དཔེར་ན། མཁས་པའི་གཤོག་པ་ཡོན་ཏན་རེད། སྐྱ་མིའི་གཤོག་པ་རྟ་མཆོག་རེད་ལྟ་བུ།
༢.དངོས་པོ་གང་གི་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སྟོན་པ། དཔེར་ན། ལྗོན་ཤིང་གི་ཡལ་འདབ་རབ་ཏུ་རྒྱས། སྟག་པའི་ཤུན་པ་ལྟ་བུ།
༣.དངོས་པོ་གང་ཞིག་གང་ལ་བརྟེན་པའི་རྟེན་དང་བརྟེན་པའི་འབྲེལ་བ་སྟོན་པ།དཔེར་ན། བང་མཛོད་ཀྱི་འབྲུ། རྒྱ་མཚོའི་རྦ་རླབས་ལྟ་བུ།
༤.དངོས་པོ་གང་ཞིག་གང་ལས་བྱུང་བའི་འབྱུང་ཁུངས་ཀྱི་ཁྱད་པར་སྟོན་པ། དཔེར་ན། བལ་བོའི་སེའུ། ཁ་ཆེའི་གུར་གུམ་ལྟ་བུ།
༥.དངོས་པོ་གང་ཞིག་དུས་གང་ལ་བྱུང་བའམ་བསྟན་བྱ་གང་ལ་དུས་ཀྱི་ཁྱད་པར་ཅི་ཡོད་སྟོན་པ། དཔེར་ན། གནའ་དུས་ཀྱི་ལོ་རྒྱུས། དེང་སང་གི་མི་ལྟ་བུ།
༦.དངོས་པོ་གང་ཞིག་གང་གིས་བྱས་པའི་བྱེད་པ་པོའི་ཁྱད་པར་སྟོན་པ། དཔེར་ན། བཤེས་གཉེན་རྒན་པོའི་འབེལ་གཏམ། སི་ཏུའི་སུམ་རྟགས་ལྟ་བུ།
༧.ངོ་བོ་གཅིག་པའི་འབྲེལ་བའི་ཁྱད་པར་སྟོན་པ། འདི་ལ་ནང་གསེས་གསུམ་དུ་དབྱེ་ཡོད། གཅིག དངོས་པོ་གང་ཞིག་རྒྱུ་གང་གིས་གྲུབ་པའི་ཁྱད་པར་སྟོན་པ། དཔེར་ན།གསེར་གྱི་གདུ་བུ། གཉིས། དངོས་པོའི་བྱེད་ལས་ཀྱི་ཁྱད་པར་སྟོན་པ། དཔེར་ན། ལྟ་བའི་མིག ནད་གསོ་བྱེད་ཀྱི་སྨན་ལྟ་བུ། གསུམ། དངོས་པོ་གང་ཞིག་བསྒྲུབ་བྱ་གང་དང་གཅིག་པའི་ཁྱད་པར་སྟོན་པ། དཔེར་ན། བགྲོད་པའི་ལམ། བསྒྲུབ་པའི་བྱ་བ་ལྟ་བུ།
༨.དངོས་པོ་གང་ཞིག་ཁྱད་ཆོས་གང་ལྟར་ཡིན་པའི་ཁྱད་པར་སྟོན་པ། དཔེར་ན། མཛེས་ཤིང་སྡུག་པའི་མེ་ཏོག མཐོ་བའི་སྒང་དང་དམའ་བའི་གཤོང་ལྟ་བུ།
༩.དངོས་པོ་གང་ཞིག་གང་ལྟ་བུ་ཡིན་པའི་ཁྱད་པར་སྟོན་པ། དཔེར་ན། གདོང་གི་པད་མ་རྣམ་པར་མཛེས། མིག་གི་བུང་བ་ཀེམ་ཀེམ་གཡོ་ལྟ་བུ།
༡༠.དངོས་པོ་དབྱིབས་གཟུགས་གྲངས་ཚད་སོགས་ཀྱི་ཁྱད་པར་སྟོན་པ། དཔེར་ན། ཡངས་པའི་རྩྭ་ཐང་། འདབ་མ་སྟོང་ལྡན་གྱི་མེ་ཏོག་ལྟ་བུ།
གསུམ། བྱེད་སྒྲ་བཤད་པ།
༡.བྱེད་པའི་དོན་དུ་འཇུག་ཚུལ་བཤད་པ། ༼༡༽བྱེད་སྒྲས་བྱེད་པ་པོ་གཙོ་བོ་སྟོན་པ། དཔེར་ན། ངས་ཡི་གེ་འབྲི། ནེ་ཙོས་མི་སྐད་ལད་མོ་བྱེད་ལྟ་བུ། ༼༢༽བྱེད་སྒྲས་བྱེད་པ་ཕལ་བ་སྟོན་པ། དཔེར་ན། ཕྲག་གིས་ཁུར། ལག་པས་རེག་ལྟ་བུ། སྐད་ཆ་ཤེད་ཀྱིས་ཤོད། འབད་རྩོལ་གང་ཐུབ་ཀྱིས་བསླབ་སྦྱང་བྱེད་ལྟ་བུ་བྱེད་སྒྲས་བྱེད་པ་པོའི་བློ་དང་བྱ་བའི་ཐབས་སོགས་ཀྱིས་བྱ་བ་བྱེད་པར་སྟོན་པ་རེད། ༼༣༽བྱེད་སྒྲས་བྱེད་པ་པོ་གཙོ་བོ་དང་ཕལ་བ་གཉིས་ལ་འཇུག་པ། དཔེར་ན། ཞིང་པས་ཟོར་བས་ཞིང་འབྲེག་ལྟ་བུ་དང་། ལྕགས་ཁེམ་གྱིས་ས་རྐོ་ལྟ་བུ་ལས་བྱེད་པ་པོ་གཙོ་བོ་དངོས་སུ་མེད་པར་ཤུགས་སུ་བསྟན་ཡོད་པ་ཤེས།
༢.རྒྱུ་མཚན་གསལ་བྱེད་དུ་འཇུག་ཚུལ་བཤད་པ། ༼༡༽བྱེད་པ་པོ་གཞན་དང་འབྲེལ་བའི་བྱ་བའི་ཐ་སྙད་ཀྱི་སྔོན་དུ་སྦྱོར་བ་ལ། དཔེར་ན། ནད་བྱུང་བས་སློབ་ཁྲིད་བྱེད་མ་ཐུབ་ལྟ་བུ། ༼༢༽བྱེད་སྒྲས་རྒྱུ་མཚན་བསྟན་ཆེད་དུ་བྱེད་སྒྲ་བྱ་བའི་མིང་གི་མཐར་སྦྱར་ཚེ། རྒྱུ་མཚན་གསལ་བྱེད་ཀྱི་ཚིག་གྲོགས་དང་སྦྲགས་ནས་སྦྱར་ཆོག་སྟེ། དཔེར་ན།མི་དེ་ཕྲག་དོག་གི་དབང་གིས་གཞན་གྱི་ཡོན་ཏན་ལ་མི་དགའ་བ་ལྟ་བུ་དང་། རྟགས་ཀྱིས་ཤེས་ལྟ་བུ་དང་། དེ་ལས་གཞན་ད་དུང་། དེས་ན། དེ་བས་ན། དེ་ལྟ་བས་ན། ཞེས་པ་རྣམས་བྱེད་སྒྲ་ཡང་རྒྱུ་མཚན་གསལ་བྱེད་དུ་འཇུག་པ་སྟོན་པ་རེད།
བཞི། ནས་ལས་བཤད་པ།
༡.ནས་ལས་གཉིས་ཐུན་མོང་གི་འཇུག་ཚུལ་བཤད་པ།༼༡༽འབྱུང་ཁུངས་དངོས་བཤད་པ། འདི་ཆོས་གང་ཞིག་ཁུངས་གང་ལས་དངོས་སུ་བྱུང་བའམ་ཕྱུང་བའི་ཁུངས་སྤྱི་ཙམ་པ་ལ་ལས་སྒྲ་ཐོབ་པ་དང་བྱེ་བྲག་པ་ལ་ནས་སྒྲ་ཐོབ་པ་རེད། དཔེར་ན། ས་འོག་ནས་བྱུང་ལྟ་བུ། མེ་ཏོག་ལས་དྲི་བསུང་འཐུལ། ཉ་ཕྱིས་ལས་མུ་ཏིག་འབྱུང་ལྟ་བུ་ལས་ལས་སྒྲས་འབྱུང་ཁུངས་སྤྱི་ཙམ་པ་སྟོན་པ་རེད། ལྷ་ས་ནས་འོངས་ལྟ་བུ་ལས་ནས་སྒྲས་ཕྱོགས་མཚམས་ཤིག་སྟོན་པ་དང་། རྟ་ལས་བབས་ལྟ་བུ་ལས་སྒྲས་འབྱུང་ཁུངས་དང་འདྲ་བའི་གཞི་སྤྱི་ཙམ་ཞིག་ལས་ཆོས་ཤིག་བྱུང་བ་བསྟན་པའི་རིགས་སྟོན་པ་རེད། ངན་པ་ལས་བཟང་པོ་ཉུང་ལྟ་བུ་འགལ་ཟླར་གྱུར་པའི་དངོས་པོ་ཞིག་གམ། མཚུངས་ཆོས་ཡོད་པའི་དངོས་པོ་ཞིག་དང་བསྡུར་ཏེ་ཁྱད་པར་འབྱེད་པའི་ཚིག་ལ་ལས་སྒྲ་སྦྱར་བ་ཡིན་པ། ཤིང་གི་ནང་ནས་ཙན་དན་བཟང་ལྟ་བུ་རིགས་མཐུན་དངོས་པོ་གཞན་ལས་ཁྱད་པར་འབྱེད་པའི་ཚིག་ལ་ནས་སྒྲ་སྦྱར་བ་ཡིན་ནོ།། ༼༢༽ནས་ལས་གཉིས་རྒྱུ་རྐྱེན་སྟོན་པ་བཤད་པ། དངོས་པོ་གང་ཞིག་རྒྱུ་ཅི་ལས་གྲུབ་པ།བྱ་བ་གང་ཞིག་རྐྱེན་གང་ལས་བྱུང་བ། དོན་གང་ཞིག་རྟགས་གང་ལས་ཤེས་པ་སོགས་བར་བྱེད་པའི་ཚིག་སྟེ། དཔེར་ན།ཤིང་ལས་ཁང་བ་གྲུབ། གསེར་ལས་བུམ་པ་བྱས།ཡོན་ཏན་བསླབས་ནས་ལོབས།ཇ་བསྐོལ་ནས་འཁོལ།འདང་བརྒྱབ་ནས་བཤད་ལྟ་བུ་རེད།
༢.ཐུན་མོང་མ་ཡིན་པའི་འཇུག་ཚུལ་བཤད་པ། ༼༡༽ནས་སྒྲའི་འཇུག་ཚུལ་བཤད་པ། དཔེར་ན། ཚེས་གཅིག་ནས་གནམ་གང་གི་བར། བླ་བྲང་ནས་སྐུ་འབུམ་བར། ཞེས་པ་ནས་སྒྲས་ཡུལ་དང་དུས་སོགས་གང་ནས་བཟུང་སྟེ་གང་ལ་ཐུག་གི་བར་གྱི་མཚམས་བཤད་པ། རིམ་གྱིས་འགྱུར་ནས་སོང་ལྟ་བུ་ནས་སྒྲས་ཚུལ་ཇི་ལྟར་བྱ་བ་བྱས་པ་དང་། དོན་གྱི་རང་བཞིན་ཇི་ལྟར་གནས་པ་སོགས་གསལ་བར་བྱེད་པ་རེད། སྤྱོད་པའི་སྟེང་ནས་བལྟས་ན་ལྟ་བུ་ལས་ནས་སྒྲས་གཞི་རྩ་གང་ལ་བརྟེན་ནས་བྱས་པ་གསལ་བྱེད་ཀྱི་ཚིག་སྟོན་པ། ༼༢༽ལས་སྒྲའི་འཇུག་ཚུལ་བཤད་པ། དཔེར་ན། བདེན་རྫུན་གཉིས་ལས་བདེན་པ་མིན་ན། རྫུན་ཡིན་དགོས་ལྟ་བུ་ལས་ལས་སྒྲས་དངོས་པོ་ཐ་དད་པ་གཉིས་ལས་གཅིག་གཏན་ལ་འབེབས་པ་རེད།།
རྩོམ་པ་པོ་སྟོབས་ཚང་རིན་ཆེན་མཚོ།་ནི་དཔའ་རིས་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན༼仓玉梅༽ཡིན།
མཚོ་སྔོན་བོད་ཡིག་གསར་འགྱུར།༢༠༡༢.༠༩.༢༡།པར་ངོས༢༡།
འཕྲིན་སྟེགས། weikangba