དང་པོ། འགྱུར་ཡིག་ཁག་བཞི་ཇི་ལྟར་བྱུང་བའི་ཚུལ་ལ་དཔྱད་པ།
གཅིག ཏུན་ཧོང་ཡིག་རྙིང《རཱ་མ་ཎའི་རྟོགས་བརྗོད》ཀྱི་འགྱུར་ཡིག་ཁག་བཞིའི་ངོ་སྤྲོད།ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི《རཱ་མ་ཎའི་རྟོགས་བརྗོད》ལ་ཁག་བཞི་ཡོད་དེ། ཧྥ་རན་སེ་པཱ་ལི་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་ཡོད་པའིP:T983དང་།དབྱིན་ཇིའི་རྒྱ་གར་ལས་དོན་ཚན་ཁག་གིས་ཉར་ཚགས་བྱས་ཡོད་པའིI:O737BདངI:O737ICI:O737DལསI:O737Bནི་འགྱུར་ཡིག་གཞན་དག་དང་བསྡུར་ན་རྟོགས་བརྗོད་ཀྱི་ནང་དོན་ཅུང་ཁ་ཚང་ལ་ཚིག་སྦྱོར་ཡང་ཆེས་མང་ཤོས་ཡིན།སྐབས་འདིརP:T983གྱི་ནང་དོན་མདོ་ཙམ་ཞུ་བར།ཁྲིན་ཅན་དང་ཝང་ཡའོ་གཉིས་ནས་བསྡུ་སྒྲིག་བྱས་པའི《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》ལྟར་ན།དེའི་ནང་དོན་དུ་རྒྱལ་པོ་རཱ་མ་ཎས་རྒྱལ་སྲིད་མ་འདོད་པར་ནགས་སུ་དཀའ་ཐུབ་ལ་ཕེབས་སྐབས་ནུ་བོ་ལག་ཤ་ནས་ཅིས་ཀྱང་རྒྱལ་སྲིད་ལ་བཞུགས་དགོས་པའི་ཞུ་བ་ལྟར་རང་གི་ལྷམ་ཡ་གཅིག་ནུ་བོ་ལ་གསོལ་ནས་རྒྱལ་སྲིད་གཏད།དེ་ནས་སྐབས་ཤིག་ན་སྲིན་པོའི་རྒྱལ་པོ་མདའ་ཤ་གྲི་བར་སྲས་མོ་ཞིག་འཁྲུངས་པ་མཚན་མཁན་གྱིས་བརྟག་པར་ལྟས་དང་མཚན་མ་ངན་པར་མཐོང་ནས་ཆུ་ལ་བསྐྱུར་བ་ཞིང་པ་རྣམས་ཀྱིས་སྐྱབས།གཟུགས་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཏུ་མཐོང་བས་འདིའི་ཟླར་རུང་བའི་ཁྱོ་ག་ཞིག་བཙལ་དུ་ཕྱིན་པས་རྒྱལ་པོ་རཱ་མ་ཎའི་མཚན་གོ་ནས་བུ་མོ་རོལ་རྙེད་མ་ཕུལ་ལོ།།རྒྱལ་པོ་རཱ་མ་ཎ་དེའི་མཛེས་པ་ལ་ཆགས་ནས་དྲང་སྲོང་གི་དཀའ་ཐུབ་ལས་ལངས་ཏེ་རོལ་རྙེད་མ་དང་མཉམ་དུ་འཚོ་བ་རོལ་བའི་བྱུང་རིམ་དེ་བསྟན་ཡོད། P:T983འདིའི་བར་གྱི་ཚན་པ་ཁ་ཤས་ལ་འགྱུར་ཡིག་གཞན་དེ་དག་གི་ནང་དོན་ལས་གཅིག་ཆད་གཅིག་གསབ་བྱེད་ཐུབ་པས།དཔྱད་གཞིར་འཛིན་དུས་ཀྱང་ངེས་པར་ཤོག་དྲིལ་གཞན་དེ་དག་དང་སྦྱར་ནས་དཔྱད་དགོས་པར་འདུག
གཉིས།འགྱུར་ཡིག་དེ་དག་ཇི་ལྟར་བྱུང་བའི་ཚུལ་ལ་དཔྱད་པ། 《རཱ་མ་ཎའི་རྟོགས་བརྗོད》འདི་བོད་དུ་འགྱུར་བའི་དུས་ནི་ཕལ་ཆེར་སྤྱི་ལོ་དུས་རབས་བརྒྱད་པ་ནས་དགུ་བའི་བར་ཡིན་ཞེས་གཅིག་མཐུན་དུ་སྨྲ་ནའང་།རྒྱའི་མཁས་པ་ཆེན་པོ་ཅི་ཞན་ལིན་མཆོག་གིས《རཱ་མ་ཎའི་རྟོགས་བརྗོད》འདི་རྒྱ་གར་རིག་བྱེད་ཀྱི་རྗེས་སུ་བྱུང་ནའང་དེ་ལས་རིང་དུ་བརྒལ་ཏེ་ཕལ་ཆེར་ལོ་ངོ་ཉིས་སྟོང་ལྷག་འགོར་བའི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ཁྲོད་རྒྱ་གར་ཡུལ་གྲུ་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཞིང་།དྲང་སྲོང་གྲོག་མཁར་བས་བརྩམས་པའི《རཱ་མ་ཎའི་རྟོགས་བརྗོད》ཀྱི་བསམ་བློའི་སྲོག་ཤིང་ནི་བྲམ་ཟེའི་ཆོས་ལུགས་སྒྲོག་པ་དེ་ཡིན་ལ།ལྷག་པར་བྲམ་ཟེའི་རིགས་ལས་བྱུང་བ་རྣམས་ནི་རིགས་རྒྱུད་མཆོག་ཏུ་མཐོ་ཞིང་།ཡོན་ཏན་ཁྱད་པར་ཅན་སྣ་ཚོགས་ཤིག་མངའ་བ་ཁོ་ན་ཡིན་པ་དང་། སྤྱི་ཚོགས་ཀྱི་ལས་སྒོ་སོ་སོའི་ནང་ཁོ་ཚོའི་ཆོས་ལ་སྤྱོད་པ་ཧ་ཅང་མང་བའི་མི་ཚད།རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་ཁྲོད་དུའང་འབངས་མི་སེར་ལ་བསམ་པའི་རྒྱགས་ཕྱེ་སྩོལ་མཁན་ཤ་སྟག་ཏུ་གྱུར་ཡོད་གཤིས།རྒྱའི་མཁས་པ་ཆེན་པོ་ཅི་ཞན་ལིན་མཆོག་གིས་ཕལ་ཆེར་ཕྱོགས་གཉིས་ནས་ངོས་འཛིན་འདི་ལྟར་གནང་ཆོག་པར་འདོད་དེ།གཅིག་ནི《རཱ་མ་ཎའི་རྟོགས་བརྗོད》ཧྲིལ་བོར་བྲམ་ཟེའི་ཆོས་ལུགས་ཀྱི་དགོངས་དོན་དང་དེར་འཚམས་པའི་བཀས་བཀོད་རྒྱུད་འཛིན་གྱི་ཀུན་སྤྱོད་ཀྱིས་ཀུན་ནས་ཕྱུག་འདུག སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་དང་འདུལ་ཁྲིམས་སོགས་ནི་དེ་དག་དང་གཏན་ནས་མི་མཚུངས་པས།སངས་རྒྱས་ཆོས་ལུགས་ཀྱི་སྐོར་གླེང་བ་ཧ་ཅང་ཉུང་། གཉིས་ནི་སངས་རྒྱས་ཆོས་ལུགས་ནི་དུས་སྐབས་དེར་དར་རྒྱས་བྱུང་མེད་པས་ཞིབ་འཇུག་པ་ཁ་ཅིག་གིས་བསམ་པ་དེ་ལྟར་དུ་ཡིན་མི་སྲིད།ཅེས་གསུངས་མཐར《རཱ་མ་ཎའི་རྟོགས་བརྗོད》ཀྱི་བརྗོད་གཞི་གཙོ་བོ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་ཀྱི་དུས་སུ་བྱུང་བར་ངོས་འཛིན་གནང་འདུག་ཅིང་།རྟོགས་བརྗོད་འདི་ནི་ཆོས་ལུགས་ཀྱི་བསམ་བློ་དང་ལྟ་བ་མི་འདྲ་བ་གཉིས་ཀྱི་འཐབ་རྩོད་ལས་བྱུང་བའི་རྣམ་པ་ཞིག་ཏུ་རིགས་པས་སྒྲུབ་ཡོད།བསྟན་པ་སྔ་དར་གྱི་སྐབས་བོད་དུ་སངས་རྒྱས་ཆོས་ལུགས་དར་རྒྱས་ཀྱི་རྩེ་མོ་ནས་མར་འགྲིབ་མགོ་བརྩམས་པའི་དུས་རིམ་ནང་སྟེ།ཡང་ན་བོན་ཆོས་དང་ནང་ཆོས་གཉིས་དབར་གྱི་འགལ་བ་རིམ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་ཐོག་དེར་ངོས་འཛིན་བྱེད་པ་ཡིན། 《རཱ་མ་ཎའི་རྟོགས་བརྗོད》ནང་གི་ཆོས་ལུགས་ཀྱི་བསམ་བློ་དེ་ལས་སྲོག་གཅོད་ཆོག་པ་སོགས་ཀྱི་རང་དབང་ཅན་གྱི་ལྟ་བ་འདུས་པ་དང་།ནང་བའི་ཆོས་ལུགས་སུ་དེ་ལས་ལྡོག་སྟེ་སྲོག་གཅོད་པ་སོགས་ནི་དགེ་བའི་སྤྱོད་ཡུལ་མ་ཡིན་པར་སྤངས་པའི་གནས་སུ་བྱེད་པ་ཁོ་ན་ལགས་ཤིང་།བོན་ཆོས་ལས་ཀྱང་དེ་ལྟ་བུའི་ཆོས་ཁྲིམས་ལ་རང་དབང་བྱིན་ཡོད་པས།ནང་ཆོས་ལ་དད་པའི་ལོ་ཙཱ་པ་གཙོ་བྱས་པའི་ལོ་ཙཱ་པ་རྐྱང་རྐྱང་གིས་བསྒྱུར་བ་ལྟ་ཞིག་མིན་པར་སྙམ་སྟེ།བསྒྱུར་མཁན་གྱི་གྲས་སུའང་མི་སྣ་ཚོགས་ཤིག་བྱུང་ཡོད་པར་འདོད་དོ།།
དེ་ལ་འགྱུར་ཡིག་ཁག་བཞི་བོ་གནས་ཚུལ་ཇི་ལྟ་བུའི་འོག་ཏུ་བསྒྱུར་པ་ཡིན་ཞེ་ན།གཙོ་བོ་སྐབས་དེའི་དབང་བསྒྱུར་གྲལ་རིམ་གྱི་དགོས་མཁོར་དམིགས་ནས་བྱུང་བ་ཡིན་ཞེས་གོང་དུ་བརྗོད་ཟིན་པ་ལྟར།དུས་རབས་བརྒྱད་པ་ནས་དགུ་པའི་བར་བོད་ཀྱི་མངའ་འོག་ཏུ་གནས་པའི་ཏུན་ཧོང་ས་ཆ་ནི་བོད་ཀྱི་ཤར་མཐའ་ན་ཆགས་ཡོད་པ་དང་།བོད་བཙན་པོའི་སྲིད་ཀྱི་ལྟེ་བ་ལྷ་ས་དང་ཡང་ལེ་བར་སྟོང་ཕྲག་གིས་ཆོད་ཅིང་།མི་རིགས་གཞན་བར་རིག་གནས་བརྗེ་རེས་དང་ཉོ་ཚོང་འབྲེལ་བ་བྱེད་ས་གཙོ་བོ་ཞིག་ཡིན་པར་མ་ཟད།རིགས་སོ་སོའི་ལོ་ཙཱ་པ་རྣམས་ཀྱིས་གནས་འདིར་དམ་ཆོས་རྒྱ་བོད་སོགས་སྐད་རིགས་དུ་མར་བསྒྱུར་བའམ།རྒྱ་གར་ནག་གི་བསྟན་བཅོས་གང་མང་དེ་དག་སོ་སོའི་སྐད་དུ་བསྒྱུར་བ་ཡང་བགྲང་ལས་འདས།ཏུན་ཧོང་ས་ཆའི་ཡུལ་དུས་ཁོར་ཡུག་བཅས་ཀྱི་དམིགས་བསལ་ཁྱད་ཆོས་དེས།བརྗོད་བྱ་དང་བསམ་བློ་གང་ཅིའི་ཆ་ནས་ནང་བའི་ཆོས་ལུགས་དང་མི་མཐུན་པའི་བསྟན་བཅོས་ཁ་ཤས་བསྒྱུར་ཐུབ་པའི་ཆ་རྐྱེན་ལེགས་པོ་དེ་འདྲ་འཛོམས་ཡོད་པར་སེམས་ཏེ།འདི་ནི་ཕྱི་རྐྱེན་ཡིན།ནང་གི་རྒྱུ་ནི།བོད་བཙན་པོའི་སྲིད་དབང་རིམ་བཞིན་ཉམས་དམས་སུ་སོང་བ་དང་བསྟུན།འབངས་ཀྱི་འཚོ་ཚིས་དང་བདེ་སྐྱིད་ལ་རྒྱབ་རྟེན་གྱིས་སྟོངས་པས།འབངས་རྣམས་ནས་ནང་དགྲ་ཚར་དུ་བཅད་ཅིང་ཕྱི་ཡི་བཙན་འཛུལ་འགོག་པ་ལ་དཔའ་བའི་སྙིང་སྟོབས་ཁྱད་པར་ཅན་མངའ་བ།བློ་གྲོས་དང་མཐུ་རྩལ་ལྡན་པའི་རྒྱལ་པོ་རཱ་མ་ན་དང་སྤྲེའུ་ཧ་ནུ་མན་ཐ་ལྟ་བུའི་མི་སྣ་འབྱུང་བར་རེ་བའི་མིག་ཟུང་འབུར་ཚུགས་སུ་གཏད་ཡོད་ཅིང་།དམག་འཁྲུག་དང་ནད་ཡམས་མུ་གེའི་འཇིགས་པ་སྣ་ཚོགས་ལ་ཞེད་སྣང་གིས་དེ་དག་ལས་ཐར་འདོད་ཀྱི་འདུན་པ་ཤུགས་དྲག་ཏུ་མཆིས།མདོར་ན།ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི《རཱ་མ་ཎའི་རྟོགས་བརྗོད》ཀྱི་འགྱུར་ཡིག་ཁག་བཞི་བོ་ནི་བཀས་བཅད་དང་པོའི་རྗེས་དང་བཀས་བཅད་གཉིས་པ་མ་བྱས་པའི་སྔོན་གྱི་དུས་རིམ་ནང་།དྲང་བདེན་དང་དགེ་བའི་ཕྱོགས་སུ་གཞོལ་བ་ལ་བློ་དཔའ་བའི་ཡིག་བསྒྱུར་མཁན་པོ་དག་གིས་གཅིག་ནས་འབངས་ཀྱི་འཚོ་བའི་རེ་འདུན་ནམ་སེམས་ཀྱི་འདོད་མོས་སྐོང་བའི་ཁྱད་ནོར་ལྟ་བུར་མཐོང་བ་དང་།གཉིས་སུ་སྐབས་དེའི་མི་རིགས་གཞན་བར་སྤྱི་ཚོགས་འབྲེལ་འདྲིས་དང་འགྲིག་མཐུན་མཉམ་གནས་ཡོང་བ་སོགས་དགོས་པ་དུ་མར་དམིགས་ནས་བསྒྱུར་བར་སེམས་སོ།།
གཉིས་པ།སྐབས་དེའི་བོད་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན།
《རཱ་མ་ཎའི་རྟོགས་བརྗོད》ལས་བྲམ་ཟེའི་ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་འུད་ཆེར་སྒྲོག་པ་ལས་གཞན། བྲམ་ཟེའི་ཆོས་ལུགས་དང་འཚམས་པའི་མི་ཆོས་ཀུན་སྤྱོད་དང་ལམ་ལུགས་སྣ་ཚོགས་ཤིག་སྒྲོག་བཞིན་ཡོད།དེ་ལས་གཞན་ད་དུང་རྗེ་བློན་བར་གྱི་འབྲེལ་བ་དང་ཕུ་ནུ་བར་གྱི་འབྲེལ་བ།ཕ་བུ་བར་གྱི་འབྲེལ་བ་འཛིན་ཚུལ་སོགས་སྐབས་དེའི་དབང་བསྒྱུར་གྲལ་རིམ་གྱི་དགོས་མཁོ་དང་འཚམས་པའི་སྤྱི་ཚོགས་ལམ་ལུགས་སམ་སྲོལ་ལུགས་གང་མང་ཞིག་སྒྲོག་པ་ཤ་སྟག་ཏུ་ཟད་པས།སྐབས་དེ་དག་ལ་གཏན་འབེབས་གནང་བའི་ཁྲིམས་ལུགས་ཆེ་མ་ཆུང་གསུམ་གྱིས་བོད་འབངས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་བསྡམས་གཅུན་དང་ཚོད་འཛིན་ཐེབས་ཡོད་པ་གདོན་མི་ཟ་ཡང་།རྒོད་དང་གཡུང་གི་ཁྱད་པར་ལས་བཙན་པོའི་དམག་ལ་འགྲོ་མི་ནུས་པའི་ཞིང་བྲན་དང་ཕྱུགས་ཀྱི་ལས་ཀར་འབད་མཁན་ཚོས་བྲན་དང་གཡོག་གི་ཞྭ་མོ་གྱོན་ནས་རང་གི་འཚོ་ཚིས་ཙམ་གཉེར་རྒྱུ་མ་གཏོགས།རང་ལུས་རང་དབང་དང་རང་བདེ་རང་སྐྱིད་ཀྱི་སྐལ་བ་ནི་དབེན་པས།དེ་དག་མཐོ་རིམ་ཆེ་བློན་ཁག་དང་ནོར་གྱི་འཁོས་ཀ་གཉེར་བའི་ཞིང་བདག་རྣམས་དང་འདྲ་བར།མི་གཞི་དང་ཐོབ་ཐང་ཕྱིར་འཚོ་བ་དེ་ནི་སྨོན་པའི་ཡུལ་ཁོ་ནར་ཟད།སྐབས་དེར་བློན་རབ་འབྲིང་དང་དམག་དཔོན་ཆེ་ཆུང་།བྲན་གྱི་བདག་པོ་སོགས་འབངས་རབ་ཚན་དག་གིས་ཁྱིམ་སྲིད་ཕྱོགས་ནས་དམིགས་བསལ་དབང་ཆ་ངེས་ཅན་ཞིག་ལོངས་སྤྱོད་བཞིན་ཡོད་པ་དང་། འབངས་ཕལ་བའི་ཁྲོད་དུ་ཕུ་ནུ་བར་ཆུང་མ་གཅིག་གམ་ཁྱོ་བོ་གཅིག་ལ་ཆུང་མ་གཅིག་ལས་ལེན་མི་ཆོག་པའི་སྲོལ་ལུགས་དེ་འདྲ་དར་ཡོད་པ་བཅས།སྤྱི་ཚོགས་ཀྱི་གོ་གནས་མི་འདྲ་བ་དང་ལས་རིགས་སོ་སོ་བའི་རྐྱེན་ལས་མངོན་པའི་ཐོན་སྐྱེད་བྱེད་སྟངས་དང་ཐོན་སྐྱེད་འབྲེལ་བ་ཞིག་གྲུབ་ཡོད་པས།བཀས་བཀོད་རྒྱུད་འཛིན་ལམ་ལུགས་གཏིང་ཇེ་ཟབ་དང་དབང་བསྒྱུར་བའི་དབང་སྲིད་ཇེ་བརྟན་དུ་འགྲོ་བར་ཡང་རྨང་གཞི་བསྐྲུན་ཡོད། དེར་བརྟེན། 《རཱ་མ་ཎའི་རྟོགས་བརྗོད》ལས་མཐོང་ཐུབ་པའི་སྐབས་དེའི་སྤྱི་ཚོགས་འབྲེལ་བའམ་ཐོན་སྐྱེད་འཚོ་བའི་ཐད་ཀྱི་འབྲེལ་བ་དེ་ཡང་།རྒྱ་གར་ནས་འགྱུར་བའི་བསྟན་བཅོས་ཕལ་མོ་ཆེར་བྱུང་བ་མིའི་འཚོ་གནས་དང་གཞི་གཅིག་ཏུ་འབྲེལ་པའི་མི་ཆོས་ཀུན་སྤྱོད་དང་།རིག་གནས་བསམ་བློའི་ཆ་འདི་དག་ནས་མཐོང་ཐུབ་བོ།།
རྩོམ་པ་པོ་ཤ་བོ་དོན་གྲུབ་ནི་ཧི་ནན་རྫོང་ཉིན་མཐའ་ཤང་སློབ་ཆུང་གཉིས་པའི་དགེ་རྒན་ཡིན།
མཚོ་སྔོན་བོད་ཡིག་གསར་འགྱུུར། ༢༠༡༢.༠༩.༡༤
འཕྲིན་སྟེགས། weikangba