སྣང་ས་འོད་འབུམ་དང་འབྲེལ་ནས་བོད་རིགས་བུད་མེད་དག་གི་རང་གཤིས་ཅུང་ཟད་བརྗོད་པ།

2016-01-14
334
   ཆོས་ལུགས་རིག་གནས་ཀྱི་ཤུགས་རྐྱེན་ནམ་ཡང་ན་བོད་སྤྱི་ཚོགས་སྟེང་རྩ་བ་ཟུག་ནས་རྩ་པ་རྒྱས་པའི་གོམས་སྲོལ་ཤིག་ཡིན་ནའང་འདྲ། གང་ལྟར་བོད་ཀྱི་བུད་མེད་ཅིག་ཡིན་ན། མང་ཆེ་བ་གཞུང་རྒྱུད་དྲང་ལ་སེམས་པ་དཀར་བས། དོན་གང་ཞིག་བསྒྲུབ་ཀྱང་རང་གི་ཆེད་དུ་གཞན་གྱི་ཁེ་ཕན་ལ་ཕོག་ཐུག་མི་གཏོང་ལ་དེར་མ་ཟད་གཞན་ལས་སྙིང་རྗེ་ཆེ་བ་ཐ་ན་གྲོག་མ་ཙམ་ལ་ཡང་གནོད་མི་སྐྱེལ་བ་ལྟ་བུ། ཡང་རང་རིགས་ལ་མཚོན་ན་མང་ཆེ་བས་རོང་འབྲོག་གི་འཚོ་བ་རོལ་བཞིན་ཡོད་པ་དང་། འཚོ་བའི་ཁྲོད་ཙག་ཙིག་གི་ལས་ཀ་མང་པོ་ཡོད་པ་ཚང་མ་སྣང་ས་ལྟར་ཁོ་མོ་ཚོས་ལས་ཀྱང་ལས་བདའ་མེད་པ་ལ་སོགས་མདོར་ན་རང་རིགས་བུད་མེད་ལ་གཞན་དང་མི་མཚུངས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་པ་དང་། འདི་ནི་བུད་མེད་ཚོ་མ་ཟད་བོད་རིགས་ཀྱི་གཟི་བརྗིད་དང་ཁྱད་འཕགས་ཀྱི་རང་གཤིས་ཀྱང་ཡིན་ནོ། ཕྱོགས་གཞན་ཞིག་ནས་བལྟས་ན། རང་རིགས་བུད་མེད་ཚོས་ཆ་མི་ཚང་བ་དང་འཛོམས་པོ་མིན་པའི་གཤིས་ཀའང་རྫ་ཆུ་ནང་གི་ལྡེའུ་དཀར་ནག་བཞིན་མངོན་གསལ་ཡིན། དེར་བརྟེན་སྐྱོན་དང་དྲི་མ་འཚོལ་རྟོགས་བྱས་ནས་མ་ལུས་པར་གཙང་སེལ་བྱ་རྒྱུ་ནི་གཙོ་བོ་ནང་གི་གཙོ་བོ་རེད། འདིར་ང་ཚོས་སྣང་ས་དང་ང་ཚོ་བོད་མོ་ཡོངས་ཀྱི་ལུས་ཐོག་ན་ཡོད་པའི་མཚོན་བྱེད་རང་བཞིན་གྱི་སྐྱོན་མཚང་དག་ཕྱིར་འདོན་རྒྱུ་དང་དེ་དག་བྱུང་བའི་རྒྱུ་རྐྱེན་སོགས་ཅུང་ཟད་བཤད་པར་བྱ།སྣང་ས་ལྟ་བུ་ནི་ཕྱི་སྐྱེ་འབྲས་དང་ནང་ཡོན་ཏན་ལ་སོགས་པ་ཕུན་སུམ་ཚོགས་པ་དང་འཛོམས་པོ་ཞིག་ཡོད་ཀྱང་། རང་གི་བསྒྲུབ་འདོད་ཀྱི་བྱ་བ་དག་ལ་ཕྱི་རོལ་ཁོར་ཡུག་བཀག་རྐྱེན་དུ་གྱུར་ཚེ་དེ་ལྡོག་ཐབས་ཀྱི་བློ་མི་བཀོལ་བར་བསྟུན་ཐབས་བྱེད་པ་དང་། ཐ་ན་གཞན་རང་གི་མགོ་ཐོག་ཏུ་སྤོས་ཀྱང་བཟོད་བསྲན་བྱེད་པ་ལས་ངོ་རྒོལ་གཏན་ནས་མི་བྱེད། འདི་ནི་ང་ ཚོའི་འཚོ་བའི་ནང་རྒྱུན་དུ་བྱུང་བཞིན་པའི་སྣང་ཚུལ་ཞིག་ཡིན་ཏེ། ད་ལྟ་ཁྱོ་གས་གཅེར་རྡུང་བྱས་ན་བཟོད་བསྲན་བྱེད་པ་རྐྱང་རྐྱང་མ་ཡིན་པར། རིག་གནས་ཀྱི་དུས་རབས་འདིར་སྐྱེས་པ་མ་ཟད་བུད་མེད་རྣམས་ལ་འང་སྐད་རིགས་སྣ་འགའ་དང་གློག་ཀླད་བཀོལ་སྤྱོད་ཀྱི་ཤེས་བྱ་སོགས་འཛོམས་དགོས་ཀྱང་། བོད་སྤྱི་ཚོགས་ཀྱི་ཁོར་ཡུག་གམ་ཁྱིམ་ཚང་གི་ལྟ་ཚུལ་སྟེ་བུད་མེད་ཅིག་ཡིན་ན་དངོས་གཞི་མཐར་ཕྱིན་རྗེས། ཕ་ཡུལ་དུ་ཕྱིར་ལོག་ནས་ཁྱིམ་ཚང་སྐྱོང་བ་དང་བྱིས་པ་བཙས་པ་སོགས་བྱེད་དགོས་པ་ལས་མུ་མཐུད་དུ་ཧུར་བརྩོན་སྡུག་རེས་བྱས་ན་སྲོལ་རྒྱུན་གྱི་ལྟ་ཕྱོགས་དང་འགལ་བས་བོད་མོ་མང་ཆེ་བས་མཚམས་དེར་སླེབས་ཚེ་མཐའ་གཅིག་ཏུ་ལྟ་ཚུལ་དེ་དང་འགལ་ནས་ཧུར་བརྩོན་མི་བྱེད་པ་དང་དེའི་ཤུགས་རྐྱེན་འོག་རང་གི་མདུན་ལམ་དོག་མོ་དང་རྒྱང་ཐུང་བ་ཞིག་ཏུ་བསྒྱུར་ཏེ་མདུན་སྐྱོད་ཀྱི་གོམ་མཚམས་འཇོག་པ་དང་། སྤྱི་ཚོགས་དང་ཁྱིམ་ཚང་གི་འདོད་མོས་ལྟར་ཁྱིམ་སྐྱོང་ངེས།འདིའི་ཐད་ཀར་གྱི་མཇུག་འབྲས་ནི་ཨ་མ་ཡིན་པའི་བུད་མེད་རྣམས་ཀྱིས་ཕྲུ་གུ་ལ་སློབ་གསོ་བཟང་པོ་ཞིག་ཐོབ་ཏུ་འཇུག་མི་ནུས་ལ་ཆུང་མ་དང་ཁྱིམ་བདག་མ་ཡིན་པའི་ཆ་ནས་ཁྱིམ་ཚང་དེ་བཟང་པོ་ཞིག་སྐྱོང་མི་ཐུབ། དེ་ལས་ཀྱང་རྒྱ་ཆེ་བར་བཤད་ན་བོད་རིགས་ཀྱི་འཕེལ་རྒྱས་ལའང་བཀག་རྒྱ་ཐེབས་ཡོད། དཔེར་བརྗོད་གཅིག་པོ་འདིས་ཀྱང་ཕྱོགས་མང་པོ་ཞིག་མཚོན་ཐུབ། འདིའི་རྐྱེན་གཙོ་བོའང་བུད་མེད་མང་ཆེ་བས་རྐྱེན་སྣ་ཚོགས་དང་བསྟུན་ཐབས་བྱེད་པ་ལས་སྒོར་དབྱིབས་དེ་ལས་ཕྱིར་འབུད་མི་ནུས་བས་སོ། ད་དུང་དོན་གང་ཞིག་བསྒྲུབ་ཀྱང་རང་ལ་ནུས་པ་དང་ཆུ་ཚད་ཡོད་བཞིན་དུ་སྐྱེས་པ་ཞིག་གིས་མགོ་ཁྲིད་དེ་མ་བསྒྲུབ་ན་ཕན་ཆད་དུ་རང་འགུལ་གྱིས་བསྒྲུབ་མི་ནུས་བ་དང་། ད་དུང་རང་གི་སེམས་ཀྱི་འདོད་པ་དངོས་ཕྱི་ཚུལ་དུ་མངོན་མི་ཐུབ་པའམ་རང་བྱུང་གི་འདོད་པ་ཕྱིར་མངོན་པར་བཀག་འགོག་བྱེད་པ་གོམས་ལོབས་སུ་འགྲོ་རུ་འཇུག་པ་དཔེར་ན་གལ་ཏེ་བོད་རིགས་བུད་མེད་ཅིག་གིས་སྐྱེས་པ་ཞིག་བློར་བབས་ན། མང་ཆེ་བས་རང་གི་འདོད་པ་ཕྱིར་མངོན་མི་ནུས་པའམ། ཕྱིར་མངོན་ཀྱང་གཞན་གྱིས་འཕ་སྨོད་བྱེད་པ་དང་། གཞན་རིགས་དཔེར་ན་རྒྱ་དང་ཕྱི་ཕྱོགས་པ་ལ་སོགས་པས་གནས་ཚུལ་དེ་ལྟ་བུ་ནི་གླེང་རིན་མེད་པའི་དོན་རྒྱུན་ལྡན་ཞིག་ལ་བརྩི་བ་རེད། དེ་ཡང་ས་དེ་གའི་བུད་མེད་རྣམས་ཀྱིས་རང་གི་འདོད་པ་གང་ཡིན་པ་དེ་མི་འགོག་པས་སྤྱི་ཚོགས་ཀྱིས་ཀྱང་དང་ལེན་བྱས་པས་སོ། མདོར་ན། རང་རིགས་བུད་མེད་ལ་གཞན་ལས་ལྷག་པའི་སྐྱོན་ཡང་མང་པོ་ཞིག་ཡོད་དོ། དེ་ན་འདི་དག་བྱུང་བའི་རྐྱེན་གང་དག་ཡིན་ནམ་ཞེ་ན། བོད་རིགས་བུད་མེད་རང་ཕྱོགས་ནས་བཤད་ན། གཙོ་བོ་རང་ཉིད་བཟོད་པ་དང་བསྲན་པར་གོམས་པ་སྣང་ས་འོད་འབུམ་ལྟ་བུ་མང་བས་སོ། མིག་ཕྱོགས་གཞན་ཞིག་ལ་བལྟས་ན་ཨན་ནའི་མ་གཞིའང་སྣང་ས་ལྟར་སྡུག་ཀྱང་། རང་ཉིད་ཀྱི་གནས་བབ་དེ་ལྡོག་ཆེད་མཐའ་གཅིག་ཏུ་ཧུར་བརྩོན་དང་ངོ་རྒོད་བྱས་པས་འཚོ་བ་དེ་སྡུག་ཀྱང་དོན་དང་ལྡན་ལ་སྐྱོའང་འགྱོད་པ་མེད་པ་ཞིག་རེད། 

 

    གཅིག བོད་རིགས་བུད་མེད་ཀྱི་སྐྱོན་མཚང་དག་བྱུང་བའི་རྒྱུ་རྐྱེན་རགས་བསྡུས། 

  བོད་མི་རིགས་ཀྱིས་ད་དུང་སྔར་བཞིན་སྐྱེས་པ་ཚོ་ཁ་ཕྱི་རོལ་ལ་གཏད་ནས། ཕྱི་ཕྱོགས་ནས་དཔལ་འབྱོར་བསྐྲུན་པ་དང་། ཤེས་བྱ་ཡོན་ཏན་སྦྱངས་པ་སོགས་བུད་མེད་ལ་མཚོན་ན། ཁྱིམ་ཆུང་ཆུང་དེར་ལས་ཀ་ལས་པ་དང་། བྱིས་པ་བཙས་ནས་སྐྱོང་བས་ཁོ་མོ་ཚོའི་ལས་ཀར་ཐད་ཀར་གྱི་དཔལ་འབྱོར་ཐོབ་འབྲས་མེད་དོ།རྒྱུ་རྐྱེན་འདིར་བརྟེན་ཁོ་ཚོ་དཔལ་འབྱོར་ཐད་སྐྱེས་པར་བརྟེན་དགོས་པ་ཞིག་ཏུ་གྱུར། དེ་བས་ཁོ་མོ་ཚོས་སྐྱེས་པའི་ཁར་ཉན་པ་དང་སྐྱེས་པའི་ཡོད་ཚད་ལ་གདེང་འཇོག་མཐོན་པོ་བྱ་དགོས། ཐ་ན་ལུགས་དང་མི་མཐུན་པའི་ལུས་ངག་སྤྱོད་གསུམ་ཀྱང་ལུགས་དང་མཐུན་ལ་བཟོད་འོས་པ་ཞིག་ཡིན་པར་སྙམ་བཞིན་ཡོད།དེ་ཡང་ཧྥ་རན་སའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཞི་མིན་པོ་བ་ཡིས་ང་ཚོས་འདས་ཟིན་པའི་ནང་མཐོང་ཐུབ་པའི་བུད་མེད་ཚོའི་སྡུག་བསྔལ་ནི་ཁོ་མོ་ཚོས་སྤྱི་ཚོགས་ཁྲོད་བྱ་བ་ཅི་ཡང་མེད་པ་དང་། དེར་བརྟེན་ཁོ་མོ་ཚོས་དོན་གྱི་དབེན་པའི་བློ་དགའ་ཡིད་ཚིམ་གྱིས་སྒོ་ནས་བརྩེ་དུང་འཚོལ་བ་དང་ཡང་ན་ཆོས་ལུགས་དད་མོས་གྱི་ཐབས་ལ་བརྟེན་ནས་རང་ཉིད་སྡུག་བསྔལ་ལས་ཐར་དུ་འཇུག་བཞིན་ཡོད་ཅེས་བརྗོད་ཡོད། འདི་ལས་ཀྱང་ང་ཚོས་བུད་མེད་ཚོ་རང་ཉིད་ལ་བརྟེན་ནས་མི་འཚོ་བར་གཞན་ཞིག་ལ་བརྟེན་ནས་འཚོ་བཞིན་ཡོད་པ་ཤེས་སོ། དཔལ་འབྱོར་ཐད་སྐྱེས་པར་བརྟེན་པའི་རྨང་གཞི་སྟེང་སྐྱེས་པའི་འདོད་བློ་ལུགས་མཐུན་ཡིན་མིན་དག་སྐོང་བར་བྱེད།འདི་ལྟ་བུའི་གནས་བབ་འོག་བུད་མེད་ཚོའི་ཐད་ལས་དྲག་པའི་བཟོད་སྒོམ་གྱི་གཤིས་ཀ་དེའང་གྲུབ་པ་རེད། 

  གཉིས། གནའ་ནས་བོད་ཀྱི་སྤྱི་ཚོགས་དང་ཁྱིམ་ཚང་གི་སློབ་གསོའི་ཁྲོད་བུད་མེད་ཅིག་ཡིན་ན་ངེས་པར་སྨྲ་བ་ཉུང་ཞིང་ཕྱིར་རྒོལ་མེད་པར་ལས་ལ་བརྩོན་དགོས་པ་ཞིག་ཡིན་དགོས། 

  འདི་དང་འགལ་ནས་རང་བྱུང་གི་འདོད་པ་ཕྱིར་བཏོན་ན་ཀུན་གྱིས་དམན་སར་འཕེན་པ་དཔེར་ན་གླིང་སྒྲུང་ལས《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》རུ་ཨ་ཁུ་ཁྲོ་ཐུང་གིས་རང་གི་ཆུང་མ་ལྡན་བཟའ་ལ་སྡུག་དམོད་བྱས་པ་མ་ཤེས་མེད་ལྡན་བཟའ་སེར་གྲོད་ཁྱོད། ཞོ་ལྔའི་ཐུག་པས་མ་བརྒྱགས། ཁལ་གཅིག་རྩམ་པས་མ་འགྲངས། རང་སྐལ་གྱིས་ལོང་ཁ་མ་གང་། ཚེ་རོགས་ཀྱི་འདོད་པ་མ་སོད། སྣང་བ་ཨ་སྔོན་དགུང་ལས་མཐོ། རང་སྣ་ཆེ་ཆེ་ར་ལས་ཆེ། གྱོང་ཆེ་ན་ཀླད་པའི་རྒྱ་སྲུབ་ཐོར། རྒྱ་བྱིན་ནས་བླངས་པའི་ཆུང་མ་དེ། གཅེར་སྐུལ་བྱེད་ཅིང་མ་བཅུམས་ན། མཐོ་ཆེ་ན་ཚེ་རོགས་མགོ་ལྕག་བྱེད། ཟེར་བ་བདེན་པར་འདུག་ཟེར་ནས་དཔུང་བ་གླང་སྣ་རྫེ་རྫེ། ལག་མགོ་སུ་ལུ་སྤྲུག་སྤྲུག ཁ་ཕོ་སྒྲོ་སྡེབ་སྒྲིལ་སྒྲིལ། སྟོད་གསིག་སེང་གེ་རྩེ་རྩེ་བྱས་ནས་ངས་གྲོག་ཁ་ན་ཡོད་དུས་ལྕེ་ཡིས་མི་འཕུད། ནོར་བུ་ལོན་ཁ་ཉྭ་ཡུ་མི་འདར། དངོས་སུ་ཐོབ་ཁ་ཐེ་ཚོམ་མི་ཟ་ཞེས་ཁྲོ་ཐུང་གིས་རང་གིས་རང་གིས་ཆུང་མ་ལྡན་བཟའ་ལ་སྡིག་དམོད་དཔེ་མེད་པ་བྱས་ཀྱང་ཉམ་ཆུང་ཚུལ་ལྡན་གྱི་བུ་མོ་ལྡན་བཟའ་ཡིས་ཁ་ལན་སློག་མི་ཐུབ་པར་ཁྲོ་ཐུང་གིས་བཀའ་བསྒོས་བཞིན་མི་བསྒྲུབ་ག་མེད་བྱུང་བ་འདི་དག་ལས་ང་ཚོས་གནས་ཚུལ་གསལ་བོར་རྟོགས་ཐུབ། 

 མདོར་ན།ང་ཚོས་སྣང་ས་འོད་འབུམ་དང་ཨན་ན་ཁེ་ལེ་ཉི་ན་གཉིས་བསྡུར་ནས་བལྟས་ན་སྣང་སའི་སྣང་བརྙན་འབུར་ཐོན་མངོན་གསལ་གྱིས་རྟོགས་ཐུབ་བོ། དེ་ཡང་སྣང་ སའི་སྣང་བརྙན་དེ་རང་རིགས་བུད་མེད་ཡོངས་ལ་སྦྱར་ནས་ཅུང་ཟད་བརྗོད་པ་དང་མཉམ་དུ་དཔེ་མཚོན་རང་བཞིན་གྱི་སྐྱོན་ཡོན་འགའ་དང་དེ་དག་བྱུང་བའི་རྐྱེན་དག་ཅུང་བརྗོད་ཡོད་དོ།སྤྱིར་བུད་མེད་སུ་ཡིན་རུང་ཁྱིམ་ཚང་རེ་རེ་དང་བོད་མི་རིགས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས་ཀུན་གྱིས་མཐོང་ཆེན་བྱ་དགོས་ལ། དེ་ལས་ཀྱང་གལ་འགངས་ཆེ་བ་ནི་བུད་མེད་རང་གིས་ཧུར་བརྩོན་བྱས་ནས་རང་ཉིད་ཀྱི་ལས་དག་བཟང་པོར་བསྒྲུབ་རྒྱུ་དེ་རེད་དོ།། 

                              རྩོམ་པ་པོ་་མགོན་པོ་སྐྱབས།་ནི་གཅན་ཚ་རྫོང་སྟེང་སོ་སློབ་ཁུལ་གྱི་དགེ་རྒན་ཡིན། 

                                  མཚོ་སྔོན་བོད་ཡིག་གསར་འགྱུར།༢༠༡༢.༡༡.༠༢།པར་ངོས༢༡།

  • 顶