གཞི་བདག་གི་མཆོད་ཐབས་གཙོ་བོ་ལབ་ཙེ་བརྩིགས་པ་ནི་བོད་ཀྱི་གནའ་སྲོལ་ཞིག་སྟེ། དེ་ནི་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་བྱུང་ཡོད་པ་ལབ་ཙེའི་མཆོད་ཆོག་དག་ན་གསལ་བོར་བཀོད་ཡོད། བོད་ཀྱི་ལབ་ཙེ་ཞེས་བྱ་བའི་དོན་ལ། དག་ཡིག་གསར་བསྒྲིགས་སུ། ལབ་རྩེ་ནི་རི་རྩེ་དང་ཉག་གར་ཤིང་གི་མདའ་མདུང་སོགས་བསླངས་པའི་ཆོས་ལུགས་ཀྱི་ལྷ་ཐོ་ཞིག་གི་མིང་ཞེས་གསལ་བར་བསྟན་པ་ལྟར་ལགས་ཏེ། གལ་ཏེ་སྐུ་ཉིད་བོད་ཡུལ་དུ་ཕེབས་མཁན་ཞིག་ཡིན་ཚེ། འགྲུལ་བཞུད་ཀྱི་དུས་སུ་སྐབས་རེར་ཁྱོད་ཀྱི་མིག་ལམ་དུ་རི་བོའི་སྤོ་དང་ཉག་ག་སོགས་ན་རྡོ་སྤུང་ཟླུམ་པོར་བརྩིགས་པའམ་གྲུ་བཞིར་བྱས་པའི་ཁྲོད་ཤིང་ཕྲན་ལ་བལ་སྒྲོག་པ་དང་མདའ་མདུང་མང་བོ་གྱེན་དུ་བཙུགས་ནས་དམུ་ཐག་གིས་ཡོངས་སུ་དཀྲིས་ཡོད་པའི་ཐོ་ཆེན་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་ལ་བོད་མིས་ལབ་ཙེ་ཞེས་བྱ་བར་འབོད་ཅིང་། དེར་ཡུལ་ཕྱོགས་དེ་ལ་མགོན་སྐྱབས་བྱེད་པའི་ཡུལ་ལྷ་གཞི་བདག་ཅིག་གནས་ཡོད་པར་འདོད་ཡོད། བོད་ཀྱི་མི་སྡེ་ཞིག་ཡིན་ཕྱིན་ཡུལ་ལྷ་གཞི་བདག་མི་མཆོད་པ་ནི་ཤིན་ཏུ་ཉུང་བས། དེ་ཡང་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གྱི་བོད་རིགས་ཡོད་པའི་ས་ན་རྣམ་པ་མི་འདྲ་བ་ཙམ་ལས་ལབ་ཙེ་མེད་པའི་ས་ཆ་ཞིག་ཕལ་ཆེར་མི་སྲིད་ལ། ལོ་རྒྱུས་ཐོག་བོད་རིགས་དང་འདྲེས་སྡོད་བྱས་པ་དང་བོད་ཀྱི་རིག་གནས་ཀྱིས་ཤན་ཤུགས་ཆེས་ཆེར་ཐེབས་པའི་མི་རིགས་གཞན་གྱི་ནང་ན་ཡང་ལབ་ཙེ་བརྩིགས་སྲོལ་རྒྱ་ཆེར་དར་ཡོད། །སྤྱི་ཚོགས་ཀྱི་དར་རྒུད་དང་རིག་གནས་ཀྱི་འཕེལ་འགྲིབ་ཁྲོད་ལབ་ཙེ་ལའང་འབོད་སྲོལ་སྣ་ཚོགས་ཤིག་བྱུང་ཡོད་དེ། གསེར་མཁར་དང་དཔའ་མཁར། དེ་བཞིན་དུ་གསས་མཁར་དང་ཀྱེ་ཏུ་དང་ལྷ་ཐོར་འབོད་པ་སོགས་གང་མང་བྱུང་འདུག དེ་དག་གི་དོན་རིམ་གྱིས་འཆད་ན། གསེར་མཁར་ཞེས་པའི་ཐ་སྙད་དེ་བྱ་ཁྱུང་མཁན་ཟུར་རྗེ་སྐ་ཕུགས་པའི་ལབ་ཙེ་བརྩིགས་ཆོག་ཏུ་དེ་ལྟར་བྱུང་ཡོད་ལ། དེར་གསེར་མཁར་དང་དཔའ་མཁར་ནི་བོན་གྱི་ལུགས་ཏེ། དེའི་དོན་ནི་གཞལ་ཡས་ཁང་ཡིན་གསུངས། ཇི་སྐད་དུ། མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་ལས་ཀྱང་། ། ཕོ་ལྷ་དུང་མཁར་ནང་ལ་བཞུགས། ། མོ་ལྷ་མཆོང་མཁར་ནང་ལ་བཞུགས། ། ཞང་ལྷ་གསེར་མཁར་ནང་ལ་བཞུགས། ། སྤྱི་ལྷ་དངུལ་མཁར་ནང་ལ་བཞུགས། ། དགྲ་ལྷ་ལྕགས་མཁར་ནང་ལ་བཞུགས། ། ཞེས་གསེར་མཁར་ཞེས་པའི་ཐ་སྙད་དེ་ཇི་བཞིན་ཡོད་པ་མཐོང་ལ། ཞང་ལྷའི་གོ་དོན་ལ་དབྱི་ཏ་ལིའི་བོད་རིག་པའི་མཁས་དབང་ཏུའུ་ཆི་ནས་ཁྱེར་བའི་བོན་དཔེ་རྙིང་བ་སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ཀྱི་ནང་ཕུགས་ཀྱི་ལྷ་བསང་། གཞི་ལ་ཁ་འཛིན་གྱིས། སྒྲ་ཡི་བླ་བསང་། བྱེས་ལ་ལམ་ཡག་གྱིས། ཞང་གི་བླ༼ལྷ༽བསང་། སྒས་པོ་ཚེ་རིང་གྱིས། ཅེས་གསལ་བར་བསྟན་པ་ལྟར། འདིར་གསས་མཁར་ཞེས་པ་ལ་བྲིས་ནོར་བྱུང་བ་མིན་གཤིས། གསེར་མཁར་ཞེས་པ་ཞང་ལྷ་བཞུགས་སའི་གཞལ་ཡས་ཁང་དུ་གོ་དགོས་སམ་སྙམ། དཔའ་མཁར་ཞེས་པའང་དེ་ལས་ཁང་བཟང་གི་དོན་ཞེས་བཤད་ལ། ཨ་མདོའི་དམངས་གླུར་ཡང་། ཁལ་ག་གསུམ་ན་དཔའ་མཁར་གསུམ། བུ་དཔའ་བོ་གསུམ་གྱིས་བསྟད་ན་ཡག། ཅེས་ཀུན་ལ་གྲགས་ཆེ་བས་དེ་ནི་བོན་ལུགས་ལ་གྲགས་པའི་དགྲ་ལྷའི་རྟེན་མཁར་ལ་གོ་དགོས་པ་མཐོང་། གསས་ཞེས་པ་ལྷའི་དོན་ཡིན་པ་ལ་གཙུག་ལག་མང་བོ་དགོངས་པ་གཅིག་མཐུན་བྱུང་ཡོད་གཤིས། དེས་ན་གསས་མཁར་དང་གསས་ཁང་ནི་ལྷ་མཁར་དང་ལྷ་ཁང་གི་དོན་ཡིན་པ་གོ་སླའོ། ། ཀྱེ་ཏུ་ལ་འགྲེལ་བཤད་གསལ་བོ་ཡོད་པ་མ་མཐོང་ཞིང་། ཕལ་ཆེར་ཀུན་ལ་གྲགས་མི་ཆེ་པའི་ཡུལ་སྐད་ཀྱི་ཁྱད་པར་ཞིག་ཏུ་མཐོང་ངོ་། ། ཁ་ཅིག་གྲོང་མིས་བརྩིགས་པའི་འཇིག་རྟེན་པའི་ལྷའི་རྟེན་མཁར་རི་མགོ་སོགས་ན་ཡོད་པ་ལ་ལབ་ཙེ་དང་། དགོན་པའི་ལྕགས་རིའི་ནང་ཁུལ་དུ་བརྩིགས་པའི་འཇིག་རྟེན་པའི་ལྷ་དགེ་བསྙེན་བསྒྲུབས་པ་རྣམས་ཀྱི་ལྷ་རྟེན་ལ་ལྷ་ཐོ་སྟེ། དེ་གཉིས་ཀྱི་བརྡ་སྦྱོར་ལུགས་ལ་ཁྱད་པར་ཡོད་པར་འདོད་མོད། དེ་གཉིས་དོན་གཅིག་ཡིན་ཚུལ་ལྷ་ཐོ་བརྩིགས་ཚུལ་དངོས་གྲུབ་གཏེར་མཛོད་དང་དེའི་ལྷན་ཐབས་གཉིས་ཀ་ནས་ཤིན་ཏུ་གསལ་བོར་བསྟན་འདུག་ལ། ཕྱི་གླིང་པའི་བོད་རིག་པའི་ཞིབ་འཇུག་པ Pascale DollfusདངIsabelle Riaboffགཉིས་ཀྱིས་སོ་སོར་བྲིས་པའི་ལ་དྭགས་ཡུལ་དབུས་སུ་གནས་རི་ཡོད་མེད་ལ་དཔྱད་པ་དང་ཡུལ་ཟངས་དཀར་གྱི་ལྷ་གཉན་གཞོན་ནུ་མདུང་ལག་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ①གཉིས་ཀྱི་མཆན་དུའང་། ལྷ་ཐོ་ཞེས་པ་ཐོ་ཡོར་ཏེ། ཉག་ག་སོགས་ན་རྡོ་དང་ཤིང་རིགས་ཀྱིས་བརྩིགས་པའི་ཕུང་བོ་ལ་གོ་དགོས་ཞེས་དང་། ཡང་དེ་ལས་ཡུལ་ལ་དྭགས་ཀྱི་ཕྱོགས་ན་ལྷ་ཐོ་ཞེས་པའི་འབོད་སྲོལ་ཁོ་ན་མཆིས་ཀྱི། བོད་ཀྱི་ཡུལ་ཁམས་གཞན་དག་ལྟར་ལབ་བཙས་སོགས་ཀྱི་ཐ་སྙད་ནི་འབོད་མི་དར། ལྷ་ཐོ་ཞེས་པ་སྐབས་མང་ཆེ་བར་ལྷ་མཐོར་འབྲི་ཞེས་བརྗོད་འདུག དེ་དང་ཀུན་ནས་མཚུངས་པར་དམིགས་བརྩེ་མའི་ལས་ཚོགས་ལས་ཆར་འབེབ་དང་སད་སྲུང་། བཙའ་འདོན་བཅས་ཀྱི་སྐོར②ཞེས་པར་ཡང་ཕྱོགས་བཞིར་མཐོ་བཞི་བརྩིགས་སོགས་ཐོ་ལ་མཐོ་ཞེས་ལན་གྲངས་མང་དུ་བྲིས་འདུག་གོ ། གཞན་ཡང་དབའ་བཞེད་དུ་བཀོད་པའི་བློན་པོ་ཞང་མཆིམས་བཙན་བཞེར་ལེགས་གཟིགས་དང་ལོ་ཙཱ་བ་བེ་རོ་ཙ་ན་གཉིས་ཤགས་འགྱེད་པའི་ལོ་རྒྱུས་ཡིག་རྙིང་དུ། ཞང་ཞུང་གི་མཁར་རྩེ་མཐོ་དང་རྒོད་ལྡིང་ལ་སོགས་པ་སྤུ་རྒྱལ་གྱི་མངའ་རིས་སུ་འདུས་པ་ཞེས་འབྱུང་བ་དང་། བསྟན་པ་ཕྱི་དར་དུས་ཀྱི་དགོན་པ་གྲགས་ཅན་མངའ་རིས་གུ་གེའི་མཐོ་ལྡིང་ལྷ་ཁང་ལའང་མཐོ་བྱ་བའི་ཐ་སྙད་མཛད་ཡོད་པ་སོགས་ཀྱིས་མཚོན་གནས་མཐོ་ས་དང་ལྷའི་བཞུགས་གནས་དང་། མཁར་སོགས་ལ་ལྷ་མཐོའམ་ལྷ་ཐོར་འབོད་པ་མཐོང་ངོ་། ། ཡང་མ་ཎི་རྡོ་འབུམ་དང་ལབ་ཙེའི་བྱུང་བ་ལ་དཔྱད་པ་ཞེས་པའི་རྒྱ་ཡིག་གི་རྩོམ་ཡིག་ཏུ། ལབ་ཙེ་ནི་མ་ཎི་རྡོ་འབུམ་ལས་བྱུང་བ་དང་། ལབ་ཙེ་དང་ལྷ་ཐོ་དང་མ་ཎི་རྡོ་འབུམ་རྣམས་དོན་གཅིག་གོ་ཞེས་སོགས་སུ་དམ་བཅས་པ་དེ་ནི་ཧ་ཅང་མ་གོ་བ་ཆེན་པོ་སྟེ། ལབ་ཙེ་ནི་གཞི་བདག་གི་རྟེན་མཁར་ཞིག་ལ་ཟེར་ཞིང་། མ་ཎི་རྡོ་འབུམ་ནི་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་རྡོ་སྟེང་དུ་བྲིས་པའི་ཕུང་བོ་ལ་གོ་དགོས་པ་གང་ཞིག དེ་གཉིས་ཀྱི་མཆོད་ཡུལ་སོ་སོ་ཡིན་པའི་ཕྱིར་རོ། །ཨ་མདོ་ས་ཆ་ལ་མཚོན་ན། འབོད་སྲོལ་དེ་དག་ལས་ལབ་ཙེ་དང་ལྷ་ཐོ་དང་དཔའ་མཁར་གསུམ་ནི་སྤྱོད་རྒྱ་ཆེ་བ་ཡིན། ལབ་ཙེ་ཞེས་པའི་ཡི་གེར་ཡང་འབྲི་ལུགས་སྣ་ཚོགས་ཤིག་བྱུང་ཡོད་དེ། དེ་ལ་ལབ་ཙེ། ལབ་བཙས། ལབ་རྩེ། ལབ་རྩས། ལ་ཙེ། ལ་རྩེ། ལ་བཙས། ལ་རྩས་ལ་སོགས་སུ་བྲིས་ཡོད། དེ་དག་གི་ནང་རྩེ་དང་ཙེ་གཉིས་ལ་ཁུངས་ངེས་ཅན་ཞིག་ལོས་ཡོད་འདོད་དེ། དེ་གཉིས་སྐབས་འགར་རྩེ་དང་རྩས་དང་བཙས་རྣམས་སུ་རེས་མོས་སུ་བྲིས་འདུག་སྟེ། ཐོག་མར་རྩེ་ཡི་དོན་འཆད་པར་བྱས་ན། དེ་ཡང་བོན་དཔེ་རྙིང་བ་ཡི་གེ་ལྷ་གྱེས་ཅན་དུ་མཐོ་ལ་རྩས་ཀྱི་ལྷ་ཞེས་འབྱུང་བ་དང་། མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་དུ་ལབ་རྩས་ཞེས་དང་། ཇོ་ནང་ཏཱ་ར་ན་ཐའི་མྱང་ཆོས་འབྱུང་དང་དབལ་མང་པཎྜི་ཏས་ལབ་རྩེ་དང་ལ་བཙས་སོགས་སུ་བྲིས་ཡོད། ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ལབ་རྩེ་ནི་ལ་རྩེ་ཡིན་པར་འདོད་པ་དང་། དགེ་བཤེས་ཆོས་གྲགས་ཚིག་མཛོད་དུའང་ལའི་རྩེ་ལ་ལབ་རྩེ་ཞེས་སྣང་སོགས་གསུངས་པ་ལྟར། མང་པོ་ཞིག་གིས་ལ་རྩས་དང་ལ་རྩེ་ཞེས་པ་རིའི་རྩེ་མོ་ཞེས་པའི་དོན་ཡིན་པར་བཤད་ཡོད་མོད། མཁས་དབང་ཆབ་སྤེལ་ལགས་ནས་གང་གི་དཔྱད་རྩོམ་དུ་མཐོ་ལ་རྩས་ཀྱི་ལྷ་ཞེས་པ་བརྗོད་སྐབས། དེ་ནི་བོད་མི་རྣམས་ལ་ལུང་བརྒལ་སྐབས། རི་ལམ་དེའི་གྱེན་སྣེ་རྫོགས་མཚམས་དེར་ལ་བཙས་ཞེས་གནའ་ནས་བསགས་པའི་རྡོ་ཕུང་གཅིག་གམ་འགའ་ཤས་སྤུངས་པའི་ཐོག་ཏུ་དར་ལྕོག་དང་། དར་ལྡི་ལ་ཅོད་པན་དང་བལ་སོགས་སྒྲོག་ཡོད་པར་འགྲུལ་བ་དྲག་ཞན་ལ་མ་བལྟོས་པར་དེ་གར་འབྱོར་སྐབས་རྟ་ལས་བབས་པ་དང་གོས་ཀྱི་ཕུ་ཐུང་ཕུད་ཡོད་ན་ཡར་གྱོན་དགོས་པ་དེ་ནི་ལ་བཙས་ཀྱི་ལྷ་ལ་གུས་ཞབས་བྱེད་པ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྔར་འོངས་པའི་ཡུལ་ཕྱོགས་དེ་ནས་གདོན་འདྲེ་སོགས་རང་གི་རྗེས་སུ་འབྲང་བ་ལ་རྩས་ཀྱི་ལྷས་བཀག་ནས་མི་གཏོང་བར་བྱེད་པ་ཞིག་ལ་གོ་དགོས་པར་གསུངས་ཡོད། ལ་རྩས་དང་ལ་རྩེ་ཞེས་པ་འདི་ལ་ཡི་རྩེ་མོའི་དོན་ཁོ་ན་ཙམ་ཞིག་ནི་མ་ཡིན་པར་ལྷའི་བཞུགས་གནས་ལ་གོ་དགོས་པའི་ཤེས་བྱེད་ཕྱོགས་མང་བོ་ནས་རྙེད་ཐུབ་སྟེ། གོང་ནས་སོང་བ་ལྟར། ཞང་ཞུང་ན་མཁར་མིང་ལ་རྩེ་མཐོ་དང་རྒོད་ལྡིང་བྱ་བ་ཡོད་པ་མཐོང་ཞིང་། བོད་ཀྱི་བཙན་པོའི་བཞུགས་མཁར་ལ་སའི་ལེགས་དྲུག་སྐབས་སུ་བྱུང་བའི་སྐུ་མཁར་དྲུག་ཏུ་ཡོངས་ལ་གྲགས་པའི་ནང་ཕྱིང་བ་སྟག་རྩེ་དང་གཡུ་རྩེ། དབུ་རྩེ། མཐོ་རྩེ་སོགས་རྩེ་དང་དམ་དུ་འབྲེལ་བ་ཅན་མང་བ་དང་། དེ་རྗེས་སུའང་སྲོང་བཙན་རིང་གི་ཕོ་བྲང་པོ་ཏ་ལ་བྱ་བ་ཡོད་ལ། གེ་སེར་རྒྱལ་བའི་སྒྲུང་དཔེར་མཁར་སེང་འབྲུག་སྟག་རྩེ་ལྟ་བུ་འབྱུང་ཞིང་། ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཀྱི་ནང་། ③ མཁས་དབང་ནམ་མཁའ་ནོར་བུས་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་དུ་བཞེངས་པའི་གསས་མཁར་གྱི་གྲངས་དེབ་ཐེར་རྣམས་སུ་བྱུང་ངོ་ཅོག་བསྡོམས་རྩིས་བྱས་པར། ཞིབ་ཏུ་ལྟ་དུས་བོད་ཀྱི་བཙན་པོའི་དུས་སུ་ཁྱོན་བསྡོམས་གསས་མཁར་སོ་བདུན་བྱུང་འདུག་པའི་ནང་མིང་མཐར་རྩེ་སྦྱར་ཡོད་པའི་གསས་མཁར་ལ་བཅོ་ལྔ་བྱུང་འདུག དེབ་སྔོན་དུའང་བླ་ཆེན་པོ་དགོངས་པ་རབ་གསལ་ཉིད་ལྷ་རྩེ་བྷིག་ཏིག་ཅེས་བྱ་བ། སྔོན་གྱི་ལྷ་རྟེན་མང་དུ་བཞུགས་པའི་དགེ་འདུན་གྱི་གནས་ཤིག་ཏུ་ཀྭ་འོད་མཆོག་གྲགས་པ་དང་མཇལ་ཚུལ་གསུངས་ཡོད་པར་དགོན་པའམ་ལྷ་ཁང་ལ་ལྷ་རྩེ་ཞེས་བོས་ཡོད་པ་མཐོང་། ལབ་ཙེ་ལ་སྐབས་རེར་བླ་ཙེར་བྲིས་འདུག་པ་ལའང་རྒྱུ་མཚན་ཡོད་འདོད་དེ། དཔེ་རྙིང་མང་བོར་བླ་དང་ལྷ་གཉིས་བརྗེས་ནས་བྲིས་པ་འདུག་སྟེ། ཡབ་ལྷ་བདག་དྲུག་ལ་ཡབ་བླ་བདག་དྲུག་ཅེས་དང་། སྟེང་གི་ལྷ་བསང་ལ་སྟེང་གི་བླ་བསང་། དགྲ་ལྷ་ལ་དགྲ་བླ་ཞེས་སོགས་བྱུང་བའི་རྒྱུ་མཚན་རྣམས་ལ་ཕྱོགས་ཡོངས་ནས་བརྟགས་ཚེ་ལབ་ཙེ་ལ་ལ་རྩེ་དང་བླ་ཙེ་བྱ་བར་བྲིས་བྱུང་བ་ཡང་། ལྷ་རྩེ་ཞེས་པའི་སྒྲ་ཟུར་ཆགས་པར་བྱས་ཏེ་ལྷ་ཁང་དུ་གོ་ནའང་མི་འགྲིག་པ་མེད་པར་མཐོང་སྟེ། གཉའ་ཁྲི་བཙན་པོའི་ཕོ་བྲང་ལ་སྐབས་རེར་ཡུམ་བུ་བླ་སྒང་དང་མཚམས་རེར་ཡུམ་བུ་བླ་མཁར་དུ་བརྗོད་ཡོད་དེ་། དེའི་རྒྱུ་མཚན་བོད་ཀྱི་བཙན་པོའི་ཐོག་མ་དེ་གནམ་གྱི་ལྷ་མི་ཡུལ་དུ་བྱོན་པར་བཤད་ནས་བཙན་པོའི་མཚན་ལའང་འཕྲུལ་གྱི་ལྷ་བཙན་པོ་ཞེས་ཏུན་ཧོང་ཡིག་རྙིང་དུ་དེ་འདྲར་ཇི་ལྟ་བ་བཞིན་གསལ་བས་དེའི་བཞུགས་གནས་ལ་བླ་མཁར་ཏེ་ལྷ་མཁར་དུ་བརྗོད་པར་བྱས་ཀྱང་། ལུང་དང་རིགས་པའི་འགལ་བ་མེད་སྙམ། རྒྱུ་མཚན་དེ་ལྟ་བུས་ཕྱིར་ན་རྩེ་དང་རྩས་བྱ་བ་ཡང་གོང་བསྟན་མཐོ་ཡི་དོན་དང་ཀུན་ནས་མཚུངས་པར་རིའི་རྩེ་མོ་ཁོ་ན་ཙམ་ཞིག་གི་དོན་མ་ཡིན་པར། གནས་མཐོ་སར་ཆགས་པའི་ཕོ་བྲང་ངམ་ལྷ་ཁང་གི་གནའ་བོའི་བརྡ་རྙིང་ཞིག་རེད་འདོད་དོ། ། ལབ་ཙེ་ཞེས་པའི་འབོད་སྲོལ་འདི་བལ་ཡུལ་དང་མངའ་རིས། དབུས་གཙང་། ཁམས་ཕྱོགས་སུ་དེ་འདྲའི་རྒྱུགས་མི་ཆེ། ཐ་སྙད་འདི་གཙོ་བོ་ཨ་མདོའི་ཡུལ་ན་ཤིན་ཏུ་དར་ཆེ་བ་སྟེ། ཨ་མདོ་མཚོ་སྔོན་གྱི་ཡུལ་སྡེ་མང་བོའི་ལབ་ཙེ་བརྩིགས་ཆོག་གི་ཁུངས་དང་ཕྱི་མོར་བྱེད་པ་ལ་ཡིག་ཆ་འགའ་བྱུང་ཡོད་པའི་ནང་། གྲགས་ཆེ་བའི་དཔེ་ཆ་ནི་ལྷ་རྟེན་བརྩིགས་ཚུལ་གྱི་ཆོ་ག་དགེ་ལེགས་དཔལ་སྟེར་བྱ་བ་དང་། དཔའ་མཁར་གཞི་བསྟོད་ཀྱི་རིམ་པ་དངོས་གྲུབ་འབྱུང་གནས་དང་ལབ་ཙེའི་མཆོད་ཆོག་མདོར་བསྡུས་གཡས་འཁྱིལ་དུང་སྒྲ་དང་ལྷ་ཐོ་བརྩིགས་ཚུལ་དངོས་གྲུབ་གཏེར་མཛོད། ལྷ་ཐོ་བརྩིགས་ཚུལ་དངོས་གྲུབ་གཏེར་མཛོད་ཀྱི་ལྷན་ཐབས། ལབ་ཙེ་བརྩིགས་བསྟོད་བྱ་ཚུལ་བསོད་ནམས་དཔལ་བསྐྱེད་བྱ་བ④སོགས་ཡོད་པ་ལས། བྱ་ཁྱུང་མཁན་ཟུར་སྐ་ཕུགས་བློ་བཟང་དོན་འགྲུབ་ཚང་གིས་ཕྱག་རྩོམ་བགྱིས་པའི་ལྷ་རྟེན་བརྩིགས་ཚུལ་གྱི་ཆོ་ག་དགེ་ལེགས་དཔལ་སྟེར་བྱ་བ⑤ནི་བརྩིགས་ཆོག་འདི་དག་ཀུན་ལས་དུས་སྔ་ཤོས་དང་ཁུངས་བཙུན་པར་འདུག་པ་མཐོང་ཞིང་། དེར་ལབ་ཙེ་བརྩིགས་སྲོལ་ནི་བོན་ལུགས་ཀྱི་གསེས་མཁར་དང་དཔའ་མཁར་ལས་རིམ་གྱིས་བྱུང་བ་ཞལ་གྱིས་བཞེས་ཡོད་པ་མ་ཟད། ཁོང་གི་ལྷ་རྟེན་བརྩིགས་ཆོག་ཏུའང་ལབ་ཙེ་ཞེས་པའི་བྲིས་མངོན་སུམ་དུ་བགྱིས་ནས་དེ་ཉིད་སྔོན་གྱི་ཡིག་རྙིང་ལ་གཞིར་བྱས་ཚུལ་ཡང་གསལ་བོར་བསྟན་འདུགགཞན་ཡང་མྱང་སྐྱེས་སྣང་མཛད་རྡོ་རྗེའི་ལབ་ཙེ་བརྩིགས་ཆོག་དང་རྗེ་ཞྭ་དམར་བ་སྐུ་ཕྲེང་བཞི་བ་དགེ་འདུན་རྒྱ་མཚོའི་ལབ་ཙེ་མཆོད་ཆོག་སོགས་མཁས་པ་ཆེན་པོ་དག་གི་གསུང་ཆོས་རྣམས་སུ་ཡང་ལབ་ཙེ་ཞེས་པའི་བྲིས་འདི་གཙིགས་སུ་བཟུང་ཡོད་པ་དང་། ཞང་ཞུང་སྐད་དུ་སེམས་ཡིད་ཚེ་གསུམ་བཅས་པ་རིམ་བཞིན་ཁྲི་ཙེ་ནི་སེམས་དང་ཁྲི་ཡུད་ནི་ཡིད། ཁྲི་ཙུ་ནི་ཚེ་ཡིན་པར་བཤད་ཅིང་། ཕྱི་རྒྱལ་དུ་ཁྱེར་བའི་ཏུན་ཧོང་གཏེར་ཡིག་ཏུའང་། ཁྱུང་བོ་སྤུང་ཟད་ཟུ་ཙེ། ཐོ་ཐོར་ཡོན་ཙེ་ལ་སོགས་བྱ་བ་འབྱུང་བ་དང་། གཞན་ཡང་གཙུག་ལག་རྣམས་སུ་གབ་ཙེ་དང་ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་ཞེས་ཀྱང་ལན་མང་འབྱུང་བས། བལྟས་ཚོད་དུ་བོད་ལ་ཙེ་ཞེས་པའི་ཐ་སྙད་འདི་དུས་སྔ་མོ་ནས་བྱུང་ཡོད་པ་ཤེས་ཐུབ་ལ། ཁ་ཅིག་ཙེ་ནི་བོན་གཞུང་དུ་ཞང་ཞུང་སྐད་དེ་སྣོད་ལ་འཇུག་པ་ཡང་བརྗོད་ཡོད་པ་བཅས་གང་ལྟར་ཙེ་ཞེས་པ་བརྡ་རྙིང་བར་མཐོང་སྟེ་འོལ་ཚོད་ཀྱིས་འགྲེལ་མ་ཕོད་པར་མཁས་པའི་གསུང་རྒྱུན་ལྟར་དཔྱད་རྩོམ་འདིར་ལབ་ཙེ་ཞེས་པའི་འབྲི་ལུགས་འཐད་ལྡན་དུ་བཟུང་ཡོད། གཞན་ཡང་བོད་རིགས་དང་འདབས་འབྲེལ་དུ་ཡོད་པའི་མི་རིགས་དཔེར་ན་ཡུས་ཀོའུ་རིགས་དང་ཧོར་རིགས་ལྟ་བུ་དང་། བོད་ཀྱི་རིག་གནས་ཀྱིས་ཤན་ཐེབས་ཆེ་བའི་མི་རིགས་ཏེ་ཕྱི་སོག་ནང་སོག་གི་ས་ཆ་དག་ན་ལབ་ཙེ་ལ་ཨོ་པོ་ཞེས་འབོད་སྲོལ་ཆགས་ཡོད་དེ། རྒན་ལྦང་ཤིན་ཞན་ལགས་ཀྱི་དཔའ་རིས་ས་ཁུལ་གྱི་བོད་རིགས་འཚོ་བ་ཞིག་ལ་རྟོག་ཞིབ་བྱས་པའི་སྙན་ཞུ་ཞེས་པའི་དཔྱད་རྩོམ་དུ། ཧོར་དང་ཡུས་ཀུའུ། སོག་པོ་བཅས་ཀྱི་མང་ཚོགས་ཀྱིས་གཞི་བདག་མཆོད་པར་ཨོ་པོ་མཆོད་ཟེར་ཞེས་འབྱུང་བ་དང་། སོག་ཡུལ་གྱི་ལབ་ཙེ་རིགས་ལ་དཔྱད་པ⑥ཞེས་པའི་དཔྱད་རྩོམ་ནང་དུའང་། སོག་པོ་རྣམས་མཆོད་པའི་རྟེན་དུ་ཐོ་སྤུངས་པ་ལ་ཨོ་པོ་ཞེས་འབོད་ལ། སོག་པའི་ཡུལ་སྐད་སོ་སོའི་ནང་དེའི་སྒྲ་ཀློག་སྟངས་ནི་གཅིག་མཚུངས་མིན། ཀྲུང་གོའི་བས་མཐའི་ས་ཆ་སྟེ། ཀན་སུའུ་དང་མཚོ་སྔོན་གྱི་སོག་པོ་རྣམས་ཀྱིས་དེ་ལ་ལབ་ཙེ་རུ་བོས་ཏེ་བོད་སྐད་བེད་སྤྱོད་བྱས་ཡོད། ཅེས་པས་ཤེས་ཐུབ། དེའི་ཨོ་པོ་ཞེས་པ་སོག་སྐད་ཡིན་པར་མཁས་པ་ཁ་ཅིག་གསུངས་ཤིང་། སོག་སྐད་དེའི་གོ་དོན་འགྲེལ་ལུགས་ལ་སྔ་ཕྱིར་བཞེད་པ་མི་མཐུན་ཏེ། ཅུང་ཙམ་སྔ་ཤས་སུ་སྤེལ་བའི་དཔྱད་རྩོམ་ནང་། ཨོ་པོ་ཞེས་པའི་སོག་སྐད་དེའི་དོན་ནི་ཕུང་བོ། རྡོ་ཕུང་། ས་ཕུང་ངམ་དུར་ལ་འཇུག་ཚུལ་བརྗོད་ཡོད། ཉེ་ཆར་སྤེལ་བའི་དཔྱད་རྩོམ་རེ་འགར། ཨོ་པོ་ཞེས་པ་ཡབ་མེས་གོང་མ་སྟེebgeཞེས་པའི་སོག་སྐད་ཀྱི་སྒྲ་ཟུར་ཆགས་པར་འདོད་ཅིང་། ཨོ་པོ་དང་། ཐུན་མོང་གི་མེས་པོ་གཅིག་གི་རྒྱུད་ལས་བྱུང་བའི་ཚོ་བ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཤད་ཡོད། ཡང་དཔྱད་རྩོམ་ལ་ལར་སོག་པོའི་ས་མན་ཆོས་ལུགས་ཀྱི་ཆོ་ག་སྤེལ་མཁན་ལྷ་བ་ལ་པོ་ཞེས་འབོད་ཅེས་ཀྱང་བྲིས་འདུག་པས། ཨོ་པོ་ཞེས་པ་བོད་སྐད་ཀྱི་བོན་པོ་ཞེས་པའི་སྒྲ་ཕར་ལ་ཟུར་ཆགས་པའང་བཤད་དཀའ་བས་གནས་དེར་ད་དུང་བརྟག་དགོས་འདུག དེ་ལྟར་ལབ་ཙེ་ལ་ཡུལ་ཐ་དད་པ་དང་མི་རིགས་མི་འདྲ་བའི་རིག་གནས་ཁྲོད་གོང་མཚུངས་ཐ་སྙད་མང་བོ་སྦྱར་ཡོད་ན་ཡང་དེའི་མཐར་ཐུག་གི་འཇུག་དོན་ནི་དེང་སང་ཕོ་བྲང་ངམ་བཞུགས་མཁར་བསྟན་ཡོད་པ་ལྟར། ཁོ་བོས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལབ་ཙེ་བརྒྱ་དང་ཉི་ཤུའི་ལོ་རྒྱུས་ལ⑦བརྟག་མཐར་དེར་ཚིག་ཟིན་དུ་གཞི་བདག་གི་རྟེན་མཁར་ཡིན་པར་གསལ་ཁ་ཐོན་མེད་པ་བཞི་བཅུ་ཞེ་བདུན་ཙམ་ཡོད་པ་མ་གཏོགས། དེ་བྱིངས་ལབ་ཙེ་བདུན་བཅུ་དོན་གསུམ་ཚང་མ་ཡུལ་ལྷ་གཞི་བདག་གི་གནས་ཁང་དུ་བརྩིགས་ཡོད་པ་མཐོང་བས་ལབ་ཙེ་ལ་འབོད་སྟངས་འགའ་བྱུང་བ་རྣམས་ཀྱི་དོན་དང་ད་ལྟའི་གནས་ཚུལ་གང་ནས་དཔྱད་ཀྱང་ལབ་ཙེ་ནི་གཞི་བདག་གི་ཕོ་བྲང་དུ་བྱས་ཡོད་པ་ལ་ཐེ་ཚོམ་ཅི་ཡང་མེད་དོ། །
མཆན་འགྲེལ།
①༡༩༩༦ལོར་ཧྥ་རན་སི་ནས་པར་དུ་བསྐྲུན་པའི་བོད་དང་ཧི་མ་ལ་ཡའི་མཐའ་འཁོར་གྱིས་གཞི་བདག་མཆོད་པའི་ལོ་རྒྱུས་དང་སྤྱི་ཚོགས་དོན་སྙིང་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དབྱིན་ཡིག་པར་མའི་ཤོག་ངོས་༥-༢༦ན་གསལ།
②༡༩༩༧ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དགེ་ལུགས་པའི་ཞལ་འདོན་ཕྱོགས་བསྒྲིགས་ཤོག་ངོས་༥༡༩སོགས་སུ་གཟིགས་པར་འཚལ།
③མཁས་དབང་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཀྱི་ཤོག་ངོས༢༠༩དང༢༢༠ན་གསལ་ཤིང་། ༡༩༩༦ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བཏབ།
④དཔེ་ཆ་འདི་ནི་ཁོ་བོས་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་སྟག་རིག་སྡེ་བའི་དགོན་པ་ཐིས་པ་བཀྲ་ཤིས་ཆོས་རྫོང་གི་གྲྭ་བ་ཨ་ཁུ་ཀུན་བཟང་དགེ་སློང་གཉིས་ཀྱི་ཕྱག་ནས་གཡར་གནང་བྱུང་བ་བསྐྱར་དཔར་བྱས་པ་ཡིན་ཞིང་། ཁོང་རྣམ་གཉིས་ནས་གདན་ས་འདིའི་དགོན་བདག་བླ་མ་ཐིས་པ་སྐུ་ཕྲེང་དྲུག་པ༧དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཕྱག་བྲིས་མ་བུ་ཡིག་ཏུ་བཅད་པ་ཞིག་རེད། དེར་ཐུགས་གནང་བྱེད་རིན་ཡོད་པ་ཞིག་ནི་དཔེ་ཆ་དེའི་ཤོག་ངོས་ཉི་ཤུའི་མཚམས་ན་ལབ་ཙེ་བརྩིགས་བསྟོད་སློབ་དཔོན་ཆེན་མོས་གསུངས་པ་དང་ཀོང་ཙེའི་ལབ་ཙེའི་ཆོ་ག་གཞིར་བྱས་ཞེས་གསུངས་འདུག དགོན་འདི་ལ་ལྷ་སྡེ་ཤོག་ཁ་བཞི་ཡོད་པར་ཁྱོན་བསྡོམས་ལབ་ཙེ་ཉི་ཤུ་ལྷག་ཡོད་པ་ཐམས་ཅད་བརྩིགས་ཆོག་འདིའི་སྟེང་ནས་ཉམས་གསོ་བྱས་པར་བཤད། ⑤འདིར་བསྟན་བྱ་ཁྱུང་མཁན་ཟུར་སྐ་ཕུགས་མ་རི་བྷ་དྲ་ཨརྒ་སིད་རྡེས་མཛད་པའི་ལབ་ཙེ་བརྩིགས་ཆོག་གི་དཔེ་ཆ་འདི་ནི་ཁོ་བོས་རང་གི་དགེ་གྲོགས་མགོན་པོ་ཚེ་རིང་གི་ཕྱག་ནས་བསྐྱར་དཔར་བྱས་པ་ཞིག་ཡིན་ཞིང་། ཁོ་ཆེད་དམིགས་ཀྱིས་སྤྱི་ལོ༢༠༠༣ལོར་སྐུ་འབུམ་དགོན་པའི་ལྷ་སྡེ་ཁྱུང་རྒྱ་སྡེ་བར་བསྐྱོད་དེ་དགོན་དེའི་གྲྭ་བ་བགྲེས་པོ་ཨ་ཁུ་དགེ་ལེགས་སྐུ་དངོས་ནས་ཡུལ་དེར་ལབ་ཙེ་རྩིག་སྒྲུབ་བྱེད་སྐབས་དེའི་མ་དཔེ་གཡར་བ་བསྐྱར་དཔར་བྱས་པ་ཡིན་ཟེར། ཨ་ཁུ་དགེ་ལེགས་ནི་སྐབས་དེར་དགུང་གྲངས་གྱ་གསུམ་ལ་སོན་ཡོད་པ་དང་ཁོས་རང་གི་སྐུ་ཚེར་ལབ་ཙེ་བརྩིགས་ཆོག་གི་དཔེ་རྙིང་དེའི་སྟེང་ནས་སྐུ་འབུམ་ཉེ་འཁོར་གྱི་སྡེ་བ་བཅུ་ཕྲག་ལྷག་གི་ལབ་ཙེ་ཞིག་གསོ་བྱས་མྱོང་སྐད། མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས་ལབ་ཙེ་སྐོར་གྱི་དཔེ་ཆ་ཕྱོགས་བསྒྲིགས་སུ་ཡང་གོང་གི་བརྩིགས་ཆོག་འདི་ཉིད་བསྡུ་སྒྲིག་གནང་ཡོད་པར་སྤྲུལ་སྐུ་བློ་བཟང་བརྩོན་འགྲུས་ནས་འདོན་སྤྲོད་གནང་ཞེས་གསལ་བཤད་བྱས་ཡོད། ལབ་ཙེ་བརྩིགས་བསྟོད་བྱ་ཚུལ་བསོད་ནམས་དཔལ་བསྐྱེད་བྱ་བར་ཡང་དཔེ་ཆ་འདིའི་ནང་དོན་མང་ཆེ་བ་སོར་བཞག་བྱས་འདུག་པ་མཐོང་བས། དཔེ་ཆ་འདིའི་མཇུག་ཏུ་སྔོན་གྱི་ཡིག་རྙིང་ལ་གཞིར་བྱས། རབ་བྱུང་བཅུ་བཞི་བའི་ས་སྦྲུལ་ལོར་བྲིས་པ་ཞེས་གསལ་བ་ནང་བཞིན་དཔེ་ཆ་འདི་ཉིད་གོང་བསྟན་བརྩིགས་ཆོག་གི་དཔེ་ཆ་གཞན་དག་ལས་ཁུངས་བཙུན་པར་ཡོད་པ་མ་ཟད། བྱ་ཁྱུང་མཁན་ཟུར་སྐ་ཕུགས་ཚང་ནས་བཟུང་བོན་ལུགས་ཀྱི་ལབ་ཙེ་བརྩིགས་བསྟོད་གསར་ཁར་བསྒྱུར་བར་བཤད་པའང་ཐོས་པས་དཔེ་ཆ་འདི་མདོ་སྨད་བོད་ཡུལ་གྱི་ས་ཆ་མང་ཆེ་བ་ཞིག་གི་ལབ་ཙེ་བརྩིགས་བསྟོད་ཀྱི་ཕྱི་མོའི་དཔེ་རྙིང་བྱས་འདུག་པའང་གསལ་ལོ། །
⑥༡༩༩༥ལོརGrazནས་བསྡུས་པའི་སྐབས་བདུན་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཚན་སྐོར་དཔྱད་རྩོམ་ཕྱོགས་བསྒྲིགས་ཏེ་བོད་ཀྱི་གཞི་བདག་དང་དེའི་གསོལ་མཆོད། མཚོན་དོན་སྐོར་ཞེས་པའི་ཤོག་ངོས༡༩༩ན་གསལ།
⑦ཁོ་བོས་དཔྱད་གཞིར་འཛིན་སྐབས་དཔེ་ཚོགས་འདིའི་ནང་གི་ལབ་ཙེ་གྲངས་མི་ཉུང་བ་ཞིག་ཁུངས་མི་གསལ་བའི་གྲས་སུ་མི་འཇོག་ཐབས་མེད་དུ་གྱུར། རྒྱུ་མཚན་ཡང་འདིར་ཕྱོགས་བསྡུས་གནང་བའི་ལབ་ཙེ་ཐམས་ཅད་ནི་རང་རང་ས་གནས་ཀྱི་རྩོམ་པ་པོ་རིགས་མང་བོས་སྔོན་གྱི་བསང་མཆོད་དང་མང་ཆེ་བ་ད་ཡོད་བཤད་སྒྲོས་ལ་གཞི་བཅོལ་ཏེ་བྲིས་ཡོད་ལ། ལབ་ཙེ་ལ་ལ་ཞིག་བལྟས་ཚོད་དུ་རི་གཉན་པོར་མཆོད་པ་ལྟར་དུ་བྲིས་པའི་སྣང་བ་སྟེར་ཡང་ཚིག་ཟིན་དུ་གཞི་བདག་གང་ཡིན་གྱི་མཚན་གསལ་བོ་གླེང་མེད་པ་དང་། འགའ་ཞིག་ལབ་ཙེ་བརྩིགས་བསྟོད་ཇི་ལྟར་བྱེད་ཚུལ་གྱི་རིམ་པ་ཙམ་ལས་བྲིས་མི་འདུག་པས་གང་དེར་འོལ་ཚོད་མ་བྱས་པར་ཁུངས་མི་གསལ་བའི་གྲས་སུ་བཞག་ནས་གཞི་བདག་ཏུ་གྲངས་ཀ་མ་བླངས་པ་ཡིན་གྱི། དེ་དག་གིས་མཐའ་གཅིག་ཏུ་གཞི་བདག་ལ་མཆོད་བཀུར་གཏན་ནས་བྱེད་མེད་པར་གོ་མི་རུང་ངོ་། །
སྟག་རིག་རྟ་མགྲིན་རྒྱལ་གྱིས།
འཕྲིན་སྟེགས། weikangba