གུར་མགོན་སྐྱབས།
མི་རིགས་རང་གི་ཆ་ལུགས་དང་སྤྱོད་ལམ་སོགས་ཕྱི་མིས་བྲིས་པ་མང་ལ་རང་མིས་བྲིས་པ་ཉུང་ཟེར་བའི་རྡོ་བྲག་ཚང་གི་གཏམ་འདི་ཤིན་ཏུ་བདེན་པར་སྣང་སྟེ། ཐང་གུར་གྱི་དུས་ལ་བྲིས་པའི་བོད་ཀྱི་ལོ་རྒྱུས་སུ“གཞོན་པ་རྣམས་སྔོན་དུ་འགྲོ། རྒན་པ་རྣམས་རྗེས་སུ་འགྲོ། སྤྱིར་རྒན་པ་ལས་གཞོན་པ་ལ་བརྩི་བཀུར་ཆེ་་་་་་་་་་”སོགས་མཐོང་དུས་འདི་རང་རེའི་མེས་པོ་དག་གི་སྤྱོད་ལམ་ཡིན་ནམ་སྙམ་སྟེ་ཅུང་ཟད་མཚར་དུ་འགྱུར།
དེ་ལྟ་ནའང་། གལ་སྲིད་ཐང་གུར་དུས་ཀྱི་རྩོམ་པ་པོ་ཁོ་རང་ཚེ་མ་འཕོས་པའི་ངང་ལ་ད་ལྟའི་བོད་ཡུལ་འདིར་འབྱོན་པའི་དབང་དུ་བཏང་ན། འདི་ལྟར་བྲི་རྒྱུར་ཐེ་ཚོམ་མེད་དེ། “ནུབ་ཕྱོགས་ན་བོད་ཅེས་པའི་མི་རིགས་ཤིག་ཡོད། མི་རྒྱུད་དྲང་ལ་གཞན་གྱིས་གཡོག་ཏུ་ཁོལ་སླ་བ་ཡིན། རིགས་རང་གི་ནང་དུ་ནི་དེ་ཙམ་དྲང་པོར་མི་བྱེད་ཅིང་སེམས་ཀྱང་མི་བསླན། དེའི་རྒྱལ་པོ་སེར་མོ་བ་ཞིག་གིས་བྱེད་དེ། ལུང་པ་ཤོར་ནས་ཁོ་རང་བྱེས་སུ་ཐོན། གཞིས་སུ་ལུས་པ་རྣམས་ཀྱིས་ད་དུང་ཡང་དེ་ལ་དད་པ་ཟོལ་མེད་བྱེད། ཡི་གེ་ཡོད་ཀྱང་སྤྱོད་དུ་མ་བཏུབ། གྲུབ་མཐའ་མང་བས་རྩོད་པའང་རྒྱུན་མར་འབྱུང་། གསེར་དངུལ་དང་རྡོ་རིགས་ལ་གཅེས་སྤྲས་ཆེ། རང་གི་ཡུལ་ནས་གསེར་མང་དུ་འཐོན་ཡང་། ལུས་ཀྱི་རྒྱན་ནི་གཞན་གྱི་ལག་ནས་རིན་གོང་མཐོན་པོས་ཉོ། རང་ལ་ཕྱུགས་ཡོད་ཀྱང་འཚོང་པ་དང་བཤའ་བ་སོགས་མི་རུང་། དེ་བས་ཤ་བཟའ་བ་ངན་པར་བྱེད་དེ། ལྐོག་ཏུ་བཟས་ནས་ཁྲིམས་དང་འགལ་བ་ཡང་རེ་གཉིས་མཆིས། ཁྲིམས་ནི་ཡུལ་ལུང་གི་ཁྲིམས་སྣ་ཚོགས་པར་མཆིས་ཏེ། སྐྱེས་པ་ཚོ་ཁྲིམས་དང་འགལ་ན་མོ་ཆས་སྤྲས་ཏེ་ཐག་རིང་པོར་ཕྱག་འཚལ་ཏེ་གཏོང་བ་སོགས་བྱེད།
འཚོ་ཐབས་ཀྱི་ལག་རྩལ་སོགས་སྦྱོང་བར་མི་བྱེད་དེ། རྫ་ཅུང་མཐོ་སར་རྩྭའི་རིགས་དང་འབུའི་རིགས་གཉིས་ཀར་གཏོགས་པའི་ཕུང་པོ་གསུམ་པ་ཞིག་འབྱུང་སྟེ། དེ་གོང་ཆེ་བས་ཟླ་གཅིག་ལ་བརྐོས་ན་ལོ་གཅིག་གི་ལོངས་སྤྱོད་འདང་ཙམ་ཡོད།
ཆུང་དུས་ནས་ཁྱིམ་དང་བྲལ་ཏེ་དགོན་པར་རིག་གནས་སྦྱོང་བ་རྣམས་ལ་གྲྭ་བ་ཟེར་ཏེ། ཆུང་མ་ལེན་པ་སོགས་ཁྱིམ་ཚང་གི་ལས་གཉེར་མི་ཆོག དེ་དག་གི་འགོ་པ་ནི་བླ་མ་ཞིག་གིས་བྱེད་དེ། བླ་མ་ཁོ་རང་གིས་ཆུང་མ་ལེན་པའམ་དགའ་རོགས་འཚོལ་བ་སོགས་རང་འདོད་ཡིན་ལ། དེ་ལ་རིག་མའམ་གསང་ཡུམ་ཞེས་ཀུན་གྱིས་མཐོང་གཟོས་ཆེ་བར་བྱེད། བླ་མའི་གོ་ས་ནི་ཚེ་གང་ལ་འགྱུར་དུ་མེད་པ་མ་ཟད། ཚེ་ཚེ་རབས་རབས་སུ་འགྱུར་དུ་མེད་དེ། ཁོ་རང་ནམ་ཡང་དགོན་པ་དེའི་བླ་མ་ཡིན་ནོ།། དེ་བས་གྲྭ་བ་དག་གིས་མི་དགའ་བ་ཅུང་ཟད་བྱས་ན་ཁོ་རང་དགོན་པ་དང་ཕྲལ་ནས་རྗེས་ལ་དམོད་མོ་འདེབས་པ་སོགས་བྱེད།
མི་མང་པོ་ལས་རྒྱུ་འབྲས་ཟེར་རྒྱུར་དགའ། དེ་ནི་གོམས་ལོབས་ཙམ་ལས་གླགས་བྱུང་ན་མཐོ་དམའ་སུས་ཀྱང་བརྩི་བ་མེད། མི་རབས་སྔ་མ་ནི་མནའ་ལ་བརྩི་ཟེར་ཡང་། ད་ལྟ་ནི་མནའ་ཡང་རྩམ་པ་བཟའ་བ་ཙམ་གྱི་རྩིས་ལའང་མི་གཏོང་། ན་གཞོན་པ་དག་གིས་སྐད་ཆ་ཚིག་རེའི་རྗེས་ལ་མནའ་རེ་སྐྱེལ་བར་བྱེད།
མི་དཔའ་བོ་རེ་གཉིས་འབྱུང་ཡང་། དེ་དག་ལ་སྡར་མ་རྣམས་ཀྱིས་ཟུར་ཟ་བར་བྱེད་ཅིང་། གླེང་འགེལ་མང་དུ་བྱས་ཏེ་ནམ་ཞིག་ཁོ་རང་ཡང་གྲགས་མེད་དུ་འགྲོ་བར་བྱེད། གཞོན་པ་རྣམས་སེམས་སྟོབས་ཆེ་ཡང་། རྒན་པ་རྣམས་ཀྱིས་སྐྲག་བསླངས་ཏེ་དུལ་བར་བྱེད།
… …འབྲོག་པ་རྣམས་རོང་ལ་བབས། རོང་པ་རྣམས་མཁར་གྲོང་ལ་བབས། གྲོང་དུ་ལོ་ཤས་བསྡད་པ་རྣམས་ཙི་ནའི་རིགས་སུ་འགྱུར་བ་སོགས་རྟག་པར་འོང་།
… …ཁོང་ཅག་གི་རིགས་འདི་མཐའ་མི་ལ་བྱམས་པས་ཁོང་ཅག་འདུ་སར་སྤྲང་པོ་ཡུལ་གཞན་ནས་འོང་པ་དག་གིས་བོད་སྐད་སྨྲ་ཞིང་མ་ཎི་འདོན་པ་སོགས་ཀྱིས་སློང་མོ་མང་དུ་བྱེད། བརྒྱ་ལ་མ་ཎི་འདོན་མ་ཤེས་ན་མཐེ་བོང་བསྟན་པས་ཀྱང་ཆོག
ལར་ཡིད་འཛིན་བཟང་ཡང་བརྗེད་ངེས་ཆེ་བས་… …”ཞེས་སོགས་མང་དུ་བྲིས་ཏེ་དེབ་ཐེར་ལ་འགོད་ངེས་ཤིང་། ལོ་ངོ་ཆིག་སྟོང་གི་ཕྱིས་སུ་རང་རེའི་མི་རབས་ཕྱི་མ་དག་གིས་བལྟ་ཀློག་བྱས་ན་བསམས་བསམས་རྗེས“གནའ་མྱི་འདི་ཚོ་མཚར་བོ་རེད”ཟེར་རམ།
དགེ་བཤེས་རྩེ་སྐྱེས་དང་གསེར་ཆེན་རྣམ་གཉིས་འགོལ་བཞུགས་ཀྱིས་དཔེ་གཟིགས་གནང་དུས་ཐུགས་ངལ་གསོ་ཕྱིར་རྩེད་མཚར་ལ་ཕུལ།
འཕྲིན་སྟེགས། weikangba