སྒྲ་སྦྱོར་བམ་གཉིས་ནི་དུས་རབས་དགུ་པའི་དུས་སྟོད་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཕོ་བྲང་འོན་ཅང་དོ་ན་རྒྱལ་བློན་ལོ་པཎ་མང་པོ་གདན་འཛོམས་པའི་གྲྭར། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་ངྷི་དང་། ཤཱི་ལེནྡྲ་བོངྷི་དང་། དཱ་ན་ཤཱི་ལ་དང་། བོངྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རིན་ཆེན་སྲུང་དང་། ཆོས་ཀྱི་ངང་ཚུལ་དང་། ལོ་ཙཱ་བ་མཁས་པ་ཡེ་ཤེས་དབང་པོ་དང་། རྒྱལ་བའི་སྲུང་དང་། འཇམ་དཔལ་གོ་ཆ་དང་། ཚུལ་ཁྲིམས་རིན་ཆེན་དབང་པོ་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་པའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཙན་པོས་བཀས་བཅད་པའི་
ཡིག་ཆ་ཡིན་ཞིང་། དེ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡན་ཆད་ནས། སྲོང་བཙན་སྒམ་པོའི་མན་ཆད་ཀྱི་བར་ལ། ལོ་ཙཱ་བ་ཐོན་མི་ནས། བཻ་རོ་ཙ་ནའི་བར་གྱི་ལོ་ཙཱ་པས་བསྒྱུར་པའི་ལུང་སྡེ་བཞི་དང་། ཕལ་པོ་ཆེ་དང་། དཀོན་རྩེགས་སོགས་དང་། ཤེར་ཕྱིན་མདོ་ཁ་ཅིག་སོགས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་བཀས་བཅད་དང་པོའི་འཕྲོར། ནང་བསྟན་དར་སྤེལ་ཁྱབ་བརྡལ་དུ་གཏོང་པའི་དགོས་མཁོ་ལྟར་ཡང་བསྐྱར་བྱས་པའི་བཀས་བཅད་ཀྱི་རིམ་པ་ཞིག་གོ། ལོ་རྒྱུས་ཡོངས་གྲགས་ལ་བསྟན་བཅོས་འདི་ཉིད་མངའ་བདག་ཁྲི་རལ་གྱི་དུས་སུ་བྱུང་བར་གྲགས་ཀྱང་། འདི་ཉིད་ལས་རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་འོན་ཅང་དོ་ན་བཞུགསེ། ཞེས་རྒྱལ་པོའི་མཚན་གསལ་པོར་བཀོད་ཡོད་པར་མ་ཟད། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་སློབ་དཔོན་ཞི་བ་འཚོ་ལ་སོགས་པས་དམ་པའི་ཆོས་རྒྱ་ཆེར་བསྒྱུར་པའི་ཚུལ་ཀྱང་བཀོད་ཡོད་པས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་ཡབ་སྲས་ཀྱི་འབྲེལ་བ་སུ་ལ་གྲུབ་ཡོད་པ་ཤིན་ཏུ་གསལ་ཞིང་། གཞན་དུ་བཙན་པོའི་མིང་བྲིས་ནོར་དུ་སོང་ཞེས་པ་དང་། མངའ་བདག་ཁྲི་རལ་དང་རྒྱལ་པོ་འདི་གཉིས་མི་གཅིག་ཡིན་པར་གསུངས་པ་སོགས་ཐམས་ཅད་ཀྱང་པཎྜིཏས་ཐུགས་ཉམས་མ་བཞག་པའི་སྐྱོན་དུ་མཐོང་ངོ་། །
གཞུང་འདིའི་བསྟན་དོན་གཙོ་བོ་ལ་དྷརྨ་སྟེ་དམ་པའི་ཆོས་བསྒྱུར་པའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་སྐད་གསར་བཅད་ཀྱིས་གཅིག་གྱུར་བྱས་པ་གཉིས་ལས། དོན་ཚན་དང་པོ་ཆོས་བསྒྱུར་པའི་ཐབས་ལ་ཡང་བསྒྱུར་ཐབས་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པ། དེའི་གདེང་འཇོག་གི་ཚད་གཞི་བཅས་གསུམ་ཡོད་པ་ལས།
འཕྲིན་སྟེགས། weikangba