དང་པོ། བསྒྱུར་ཐབས་སྤྱིར་བསྟན་པ།
༡. རང་སོར་བཞག་པ། རྒྱ་གར་སྐད་རང་སོར་འཇོག་པ་ལ། མིང་གཅིག་དོན་མང་ལ་འཇུག་པ་རྣམས་ཐ་སྙད་གཅིག་གི་ནང་དུ་བརྗོད་བྱའི་དོན་ཐམས་ཅད་འདུ་བར་བྱེད་མི་ཐུབ་པས། དོན་གཅིག་ཁོ་ན་ལ་བསམ་ནས་མི་བསྒྱུར་བར་རྒྱ་གར་སྐད་རང་སོར་འཇོག་པ་དང་གཅིག རྒྱ་གར་གྱི་ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པ་བོད་ལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་སྐད་རང་སོར་འཇོག་པ་དང་གཉིས། སྤྱིར་གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་པས། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་མི་རུང་ལ། གལ་ཏེ་དེ་དག་བོད་ལ་བསྒྱུར་ཅིང་བསྟན་ན་ཕྱིན་ཅི་ལོག་ཏུ་སྤྱོད་པའི་མི་ཡང་འབྱུང་སྲིད་པས་མི་བསྒྱུར་པར་རྒྱ་གར་སྐད་རང་སོར་འཇོག་པ་དང་གསུམ། གྲགས་པ་བཙན་ཕྱིར་རང་སོར་འཇོག་པ་བཅས་རིགས་བཞི་ཡོད་པ་དང་། འདི་ཉིད་ལས་རྒྱ་གར་སྐད་སོ་ན་ཞོག་ཅིག་ཅེས་པའི་ཚིག་ལན་དུ་མར་བྱུང་ཞིང་། དེ་ལས་དེང་སང་ཡོངས་སུ་གྲགས་པའི་སྒྲ་བསྒྱུར་དང་ཡིག་བསྒྱུར་གྱི་ཐབས་གཉིས་ཀ་མཉམ་པོར་བསྟན་ཡོད་པར་སྣང་སྟེ། རང་རེའི་ལོ་རྒྱུས་སྟེང་། བཛ་ལ་འབའ་འཛར་དང་། པྲཛྙ་ལ་པར་འགྱའ་སོགས་རྒྱ་གར་སྐད་ཀྱི་སྒྲ་གདངས་ཇི་ལྟར་འཐོན་པ་ཙམ་འབྲི་པའི་སྒྲ་བསྒྱུར་དངོས་གནས་པ་དར་མྱོང་བར་མ་ཟད། རྒྱ་གར་གྱི་དབྱངས་གསལ་རྣམས་སློབ་དཔོན་ཐོན་མིས་ཐང་ཡིག་ཏུ་ཕབ་པ་སྟེ་བོད་ཡིག་གི་གཟུགས་དོད་ཀྱིས་མཚོན་པར་བྱས་པའི་ཡི་གེའི་སྦྱོར་སྟངས་ལེགས་སྦྱར་གཙང་སང་ཇི་ལྟ་བ་བཞིན་འབྲི་བའི་ཡིག་བསྒྱུར་གྱི་ཐབས་དམ་པའང་བྱུང་ཡོད་པའི་ཕྱིར་རོ། །རྒྱ་གར་སྐད་རང་སོར་འཇོག་དགོས་པའི་རིགས་བཞི་པོ་དེའི་སྟེང་དུ། བོད་ཀྱི་ལོ་ཙཱ་བྱ་བར་མ་གྲགས་པ་ཞིག་སྟེ། དགེ་བ་འཕེལ་ཕྱིར་རང་སོར་འཇོག་དགོས་པ་དེ་ཉིད་བསྣན་ན། སྡེ་སྣོད་འཛིན་པ་ཐང་སིན་བླ་མས་རྒྱ་གར་སྐད་རང་སོར་འཇོག་དགོས་པ་རིགས་ལྔ་བསྟན་པ་དང་ཀུན་ནས་མཚུངས་པས། གནའ་རབས་རྒྱ་བོད་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་ཐུན་མོང་གི་ངེས་ཤེས་འདི་ལྟ་བུ་རྙེད་པ་ཤིན་ཏུ་ངོ་མཚར་ཆེ་ཞིང་། དེ་ལ་ཚན་རིག་གི་རང་བཞིན་ཅི་ཙམ་ཡོད་ཚུལ་དང་། ལོ་ཙཱ་བྱ་བ་སྤྱི་ལ་ཡོད་པའི་ཆོས་ཉིད་ཅིག་ཡིན་ཚུལ་ཡང་ཤིན་ཏུ་གསལ་ལོ། །ཡིག་བསྒྱུར་ཞེས་པའི་ཐ་སྙད་འདི་ཡང་བློ་ཆུང་བྱིས་པའི་རང་བཟོ་མིན་ཏེ། ཀན་ལྷོ་རྩོམ་རིག་སྒྱུ་རྩལ་ཚོགས་པས་བསྡུས་པའི་སློབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་འབེལ་གཏམ་གནང་བ་ལས། བོད་ཀྱི་རིག་གཞུང་ནང་གི་མིང་དང་ཐ་སྙད། བརྡ་ཆད་དང་ཚིག་སྦྱོར་ཐམས་ཅད་སྔོན་བྱོན་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ནས་ཤོང་དཔང་ཡབ་སྲས་ལ་ཐུག་གི་བར་གྱིས་ལ་ལ་ཐད་བསྒྱུར། ལ་ལ་དོན་བསྒྱུར། ལ་ལ་སྒྲ་བསྒྱུར། ལ་ལ་ཡིག་བསྒྱུར། ལ་ལ་འདོད་རྒྱལ་གྱི་སྒྲ། ལ་ལ་རྗེས་གྲུབ་ཀྱི་སྒྲ་ཅི་རིགས་ཀྱིས་དོན་སྟོན་པར་མཛད། ཅེས་ཡིག་བསྒྱུར་དངོས་སུ་བསྟན་ཡོད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ཡིག་བསྒྱུར་ཞེ་ན་ཡིག་སྒྱུར་ཏེ་ལོ་ཙཱའི་བྱ་བ་སྤྱི་ལ་འཁྲུལ་ཉེན་ཆེ་བར་མ་ཟད། སྦྱོར་བ་དེར་བསྒྱུར་པའི་དོན་ཡང་མི་འཇུག་གོ་ཟེར་ན་མ་ཡིན་ཏེ། བསྒྱུར་བས་འཕུལ་ཅན་གྱིས་བྱ་བ་དང་། བས་འཕུལ་བསུབས་ན་དངོས་པོའི་མིང་ཙམ་མཚོན་པས་དེ་གཉིས་ཁྱད་ཆེ་བར་མ་ཟད། རང་རེའི་ལོ་རྒྱུས་སྟེང་སྒྲ་སྒྱུར་བཻརོ་ཙ་ན་དང་རྒྱ་གར་སྒྲ་སྒྱུར་གླིང་ཞེས་པ་སོགས་མང་དུ་བྱུང་བས། ཁྱོད་ལྟར་ན་དེ་དང་སྒྲ་བསྒྱུར་གྱི་ཐབས་གཉིས་ཀྱང་གཅིག་ཏུ་འཁྲུལ་ཉེན་ཆེ་བར་ཐལ་ལོ། །སྤྱིར་རང་རེའི་བོད་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་དུ་ཕྱེ་བའི་གཟུགས་དང་། གཟུགས་སྒྲ་དྲི་རོ་སོགས་སུ་ཕྱེ་བའི་གཟུགས་ལྟ་བུ་སོགས་མིང་གཅིག་སྤྱི་དང་བྱེ་བྲག་གི་དོན་གཉིས་ཀ་ལ་འཇུག་པའང་མང་དུ་ཡོད་དོ། །དེ་ལ་བསྒྱུར་དོན་འཇུག་ཚུལ་ཡང་ཡོད་དེ། རྒྱ་གར་གྱི་དབྱངས་གསལ་རྣམས་ཐང་ཡིག་ཏུ་ཕབ་པའམ་བོད་དུ་བསྒྱུར་ཟིན་པའི་ཕྱིར་དང་། གཞན་དུ་གངཱ་དང་བུཛྙ་སོགས་སུ་བྲིས་པས་ཀྱང་བོད་པ་རྣམས་ཀྱིས་སྒྲ་དོན་ཇི་བཞིན་དུ་རྟོགས་ཐུབ་པ་དང་། སྤྱིར་བསྒྱུར་རམ་ལོ་ཙཱའི་བྱ་བ་དེ་ཡི་གེ་ཞིག་ཡིག་རིགས་གཞན་ཞིག་ཏུ་ཕབ་པའམ། སྐད་ཆ་ཞིག་སྐད་རིགས་གཞན་ཞིག་གིས་ཤོད་པ་ཙམ་ལ་གོ་ན་ཤིན་ཏུ་ཁྱབ་ཆུང་བར་སེམས་ཏེ། རང་གི་ཕ་སྐད་མ་ཡིན་པའི་སྐད་ཡིག་གང་ཞིག་མཐོང་ཐོས་སུ་གྱུར་ཀྱང་རུང་དེ་ཡི་བརྗོད་དོན་ཇི་བཞིན་རྟོགས་ཙ་ན་ལོ་ཙཱའི་བརྒྱུད་རིམ་སོང་ཟིན་པའི་ཕྱིར་རོ། །
རྒྱ་གར་སྐད་རང་སོར་བཞག་པ་ལ་སྒྲ་དོན་གཟུགས་(འདིའི་གཟུགས་ནི་ཡི་གེའི་གོང་འོག་བརྩེགས་མ་སོགས་སྦྱོར་ཚུལ་ལེགས་སྦྱར་བཞིན་མ་འགྱུར་པ་ཙམ་ལ་བྱ་ཡི) དབྱངས་གསལ་རེ་རེ་བའི་གཟུགས་ལ་མི་གོའོ))གསུམ་རང་སོར་བཞག་པའི་ཡིག་བསྒྱུར་དང་སྒྲ་དོན་རང་སོར་བཞག་པའི་སྒྲ་བསྒྱུར་གཉིས་ཡོད་པར་མ་ཟད། མིང་གི་ཆ་ཕྱེད་ཡིག་བསྒྱུར་དང་ཆ་ཕྱེད་དོན་བསྒྱུར་བྱས་པའི་ཡིག་དོན་ཟུང་འབྲེལ་དང་། ཆ་ཕྱེད་སྒྲ་བསྒྱུར་དང་ཆ་ཕྱེད་དོན་བསྒྱུར་བྱས་པའི་སྒྲ་དོན་ཟུང་འབྲེལ་གྱི་ཐབས་གཉིས་ཀྱང་ཡོད་པ་ལས། དང་པོ་ཡིག་དོན་ཟུང་འབྲེལ་ལ་ཡང་ཆ་ཕྱེད་དོན་བསྒྱུར་བྱས་པའི་ཡིག་དོན་ཟུང་འབྲེལ་དང་སྣོན་བསྒྱུར་བྱས་པའི་ཡིག་དོན་ཟུང་འབྲེལ་གཉིས་ཡོད་པ་ལས། རྒྱ་གར་སྐད་ལངྐ་པཱུ་རི་ལ། །པཱུ་རིའི་སྒྲ་ནི་གྲོང་ཁྱེར་ཡིན།། བོད་སྐད་ལཇའི་གྲོང་ཁྱེར་ཏེ། །ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་ཡོད། །ཅེས་ས་པཎ་མཁས་འཇུག་ལས་འབྱུང་བ་ལྟར་ལདའི་གྲོང་ཁྱེར་ལྟ་བུ་ནི་སྔ་མ་དང་། ཤིང་ནྱ་གྲོ་ཏ། རི་དྭགས་ཨེ་ཎ་ཡ་ལྟ་བུ་མགོ་ལ་ཤིང་དང་རི་དྭགས་ཞེས་པ་སོགས་བསྣན་པ་རྣམས་ནི་ཕྱི་མའོ། །གཉིས་པ་སྒྲ་དོན་ཟུང་འབྲེལ་ནི་ཡིག་གཟུགས་ཅུང་ཟད་རེ་འགྱུར་པ་ལྟར་གླེགས་བམ་གྱི་གཞུང་རྣམས་སུ་བཀོད་པའི་སྐོར་ཏེ། ཛམྦུ་དཱི་བ་ཞེས་བྱ་བ་འཛམ་བུའི་གླིང་དུ་འབོད་པ་ནི་དཱི་པ་གླིང་དུ་བསྒྱུར། ཛམྦུ་ཁ་ལ་བདེ་ཆེད་སྔོན་འཇུག་འ་སྦྱར། བརྩེགས་མ་ཕྲལ། རྣམ་དབྱེ་འབྲེལ་སྒྲ་སྦྱར་ནས་བོད་ཡིག་གི་འགྲོ་སྟངས་ལྟར་འཛུམ་བུའི་གླིང་ཞེས་སུ་གྲུབ་པ་ལྟ་བུ་རྣམས་སོ།།