སྒྲ་སྦྱོར་བམ་གཉིས་ལ་རགས་ཙམ་དཔྱད་པ། ༼ ༣ ༽

2015-12-03
447

༢. ཐད་བསྒྱུར། ཐད་བསྒྱུར་ནི་ལེགས་སྦྱར་གྱི་སྐད་དོད་རེ་རེ་བཞིན་བོད་ལ་ཐད་ཀ་ཐད་སོར་བསྒྱུར་བ་ལ་བྱ་སྟེ། རིན་པོ་ཆེ་ཨིནྡྲ་ནཱི་ལ་ཞེས་པ་དབང་སྔོན་ཏེ་ཨིནྡྲ་ནི་དབང་པོ་དང་ནཱི་ལ་ནི་སྔོན་པོ་ཡིན་པས་དབང་སྔོན་དུ་བསྒྱུར་པ་དང་། བུམྱཀཱཾ་བུདྡྷ་ཞེས་བྱ་བ་སམྱཀ་ནི་ཡང་དག་པ། སམ་ནི་ས་མནྟའམ། སམ་པུརྞྞ་སྟེ་མ་ལུས་པའམ་རྫོགས་པ། སུངྔྷ་ནི་སངས་རྒྱས་ལ་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བསྒྱུར་པ་དང་། ཨ་པ་ར་གོ་དཱི་ན་ཡ་ཞེས་བྱ་བ་ཨ་པ་ར་ནི་ནུབ་ཕྱོགས། གོ་ནི་བ་གླང་དཱི་ནི་སྦྱིན་ཞིང་སྤྱོད་པ་སྟེ། ནུབ་བ་ལང་སྤྱོད་དུ་བསྒྱུར་པ་སོགས་མཐའ་ཡས་པ་དང་། དེ་ལ་གཞུང་འདི་ཉིད་ལས། སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས་ཞེས་གསུངས་པ་སོགས་ཀྱིས་བསྟན་ཅིང་། སྐད་རྐྱང་བ་བཤད་མི་འཚལ་བ་ནི་འདོད་རྒྱལ་གྱི་མིང་སྟེ་ཉི་མ་དང་ཟླ་བ་ལ་སོགས་པ་རྣམས་ནི་མིང་དེ་ལྟར་འདོགས་པའི་རྒྱུ་མཚན་ནམ་གཏན་ཚིགས་བཤད་དུ་མེད་པས་སོ་སོའི་སྐད་དོད་བཞིན་ཐད་ཀ་ཐད་སོརྩང་བསྒྱུར་དགོས་པའི་དོན་ནོ། །ལུང་ཚིག་འདིས་སྒྲ་བསྒྱུར་གྱི་ཐབས་བསྟན་པར་བཞེད་མཁན་མང་ཡང་། བློ་དམན་ངས་འདི་སྙམ་དུ་བསམ་སྟེ། སྤྱིར་བསྟན་བཅོས་འདི་ཉིད་ལས་སྒྲ་བཞིན་དུ་བསྒྱུར་པར་རིགས་ཞེས་དང་། སྒྲ་བཞིན་དུ་སྒྱུར་ཅིག་ཅེས་སྒྲ་བསྒྱུར་ཞེས་པ་ལན་དུ་མར་བྱུང་ཡང་། དཔེར་ན་འཕྲལ་བ་ཞེས་པ་བརྡ་གསར་ལ་སོ་སོར་ཕྱེ་པའི་དོན་ལ་འཇུག་ན་ཡང་བརྡ་རྙིང་ལ་དཔྲལ་པའི་སྐད་དོད་ཡིན་པ་ལྟར། དུས་ཀྱི་འགྱུར་བའི་དབང་གིས་དེང་སང་སྒྲ་བཞིན་དུ་བསྒྱུར་རིགས་ཞེས་པ་སྒྲ་བསྒྱུར་བྱ་རིགས་ཞེས་པར་གོ་སྲིད་ཀྱང་། གནའ་དུས་སུ་སྒྲའམ་སྐད་དོད་ཇི་བཞིན་ཏེ་ཐད་ཀར་བསྒྱུར་རིགས་ཞེས་པའི་དོན་ལ་འཇུག་པ་དང་། དེ་བཞིན་པ་རི་དང་། སམ་དང་། ཨུ་བ་རྣམས་རིམ་པ་བཞིན་ཡོངས་སུ་ཞེའམ། ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་བཞིན་དུ་སྒྱུར་ཅིག་ཅེས་པ་ཡང་སྒྲ་བསྒྱུར་དུ་འགྲོ་དགོས་པ་ལ། ཡོངས་སུའམ། ཡང་དག་པའམ། ཉེ་བ་ཞེས་པ་གང་ཡང་སྒྲ་བསྒྱུར་ཏེ་སྒྲ་རང་སོར་བཞག་པ་མ་ཡིན་པ་ཤིན་ཏུ་གསལ་བས་སོ། །དེར་མ་ཟད་སྐད་རང་སོར་ཞོག་ཅེས་པས་ཡིག་བསྒྱུར་དང་སྒྲ་བསྒྱུར་གྱི་ཐབས་གཉིས་ཀ་སྤྱིར་བསྟན་ཟིན་པས། སྒྲ་བསྒྱུར་སྐད་རང་སོར་བཞག་པའི་ཐབས་ལས་ལོགས་སུ་བསྐྱར་བཟླས་བྱས་པ་ལ་དགེ་བ་ཅང་ཡོད་དམ། གཞན་བསྟན་བཅོས་འདིའི་རྒྱས་འགྲེལ་དུ་མཛད་པའི་དག་ཡིག་མཁས་པའི་འབྱུང་གནས་དང་། དགེ་ཆོས་ཀྱི་གཞུང་རྣམས་སུའང་སྐད་རང་སོར་བཞག་པ་ལས་ཟུར་དུ་སྒྲ་བསྒྱུར་ཞེས་པའི་མིང་འདོགས་མཛད་པ་མ་མཐོང་ཞིང་། ས་པཎ་མཁས་འཇུག་ལས་སྒྲ་འགྱུར་དང་དོན་འགྱུར་ཞེས་བྱ་བའི་ཐ་སྙད་བྱུང་ཡང་། སྒྲ་འགྱུར་དུ་སྐལ་ལྡན་ཤིང་རྟ་ཞེས་བསྒྱུར་ཞེས་བྱ་བ་སོགས་ལ་ཞིབ་ཏུ་བརྟགས་ན་དེ་ཉིད་ཐད་བསྒྱུར་ལས་སྒྲ་བསྒྱུར་གྱི་དོན་ལ་མི་འཇུག་གོ ། 

  • 顶