སྒྲ་སྦྱོར་བམ་གཉིས་ལ་རགས་ཙམ་དཔྱད་པ། ༼ ༥ ༽

2015-12-03
418

གཉིས་པ། བྱེ་བྲག་ཏུ་བཤད་པ། 

 ༡. མིང་གཅིག་དོན་མང་ལ་འཇུག་པའི་སྐོར། བསྟན་བཅོས་འདི་ཉིད་ལས། སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག་ཅེས་པས་སྐབས་དོན་དང་འཚམ་པར་བསྒྱུར་དགོས་པ་དང་། གར་ཡང་དྲང་དུ་རུང་པའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་འཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག་ཅེས་པས་ཕྱོགས་གཉིས་སམ་དུ་མ་ལ་འཇུག་པ་ཡོད་ན་དེ་དང་མཐུན་པར་ཕྱོགས་ཀུན་ལ་གོ་རུང་བའི་སྦྱར་ཚིག་ཅན་དུ་བསྒྱུར་དགོས་པ་དང་། ཡང་གོ་ཏ་མ་ལྟ་བུ་གོ་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀོ་ཤི་ཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། པརྨོ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག་ཅེས་པས་མིང་གཅིག་དོན་གྱི་རྣམ་གྲངས་མང་པོ་ལ་སྦྱར་བར་འཇུག་པ་དང་། སྒྱུར་བྱེད་ཚིག་གཅིག་གི་ནང་དུ་རྣམ་གྲངས་དེ་ཀུན་བསྡུ་མི་ཐུབ་པ་རྣམས་བསྒྱུར་བྱའི་སྐད་རང་སོར་འཇོག་དགོས་པ་དང་བཅས་བསྡོམས་པས་བསྒྱུར་ཐབས་གསུམ་ཙམ་བསྟན་ཡོད་དོ། ། 

༢. གྲངས་ཀའི་མིང་བསྒྱུར་ཚུལ། གྲངས་ཀྱི་མིང་ནི་གྲངས་ཀ་མང་ཉུང་ཇི་ཙམ་པ་དང་། རིམ་པ་དུ་བ་སོགས་མཚོན་བྱེད་ཀྱི་ཐ་སྙད་ཡོད་དོ་ཅོག་སྟེ། ཉི་མ་གཅིག ཟླ་བཞི་པ། ཕྱེད་དང་བརྒྱད་སྡེ་ལྟ་བུ་སོགས་མང་ཉུང་བརྩི་བའི་བགྲང་གྲངས་དང་། རིམ་པ་བརྩི་བའི་རིམ་གྲངས། དགར་གྲངས།སྤྱི་གྲངས། ཆ་གྲངས། ལྡབ་གྲངས། ཚོད་གྲངས་ཀྱི་མིང་སོགས་མཐའ་ཡས་པ་ཡོད་པ་དང་། སྐད་རིགས་སོ་སོའི་གྲངས་ཀ་འདྲེན་ལུགས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། འདི་ཉིད་ལས། གྲངས་ལ་རྒྱ་གར་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག་ཅེས་བོད་དང་རྒྱ་གར་གྱི་གྲངས་ཀའི་འདྲེན་ལུགས་ཀྱི་ཁྱད་པར་དང་། དེ་ཡི་དོན་ཇི་ལྟ་བུ་བཞིན་བོད་སྐད་ཀྱི་འདྲེན་ལུགས་ལྟར་བསྒྱུར་ན་གོ་བདེ་བར་མ་ཟད། ལོ་ཙཱའི་ཚད་གཞི་དང་མི་འགལ་བར་ཡང་བསྟན་མོད་ཀྱི། ད་ལྟ་བོད་ཀྱི་ཡིག་སྐད་རྙས་ཀའི་བརྩི་ཚུལ་ལ་ཁྱད་པར་ཆེན་པོ་བྱུང་ཡོད་པ་འདི་ནི་ཕྱི་རབས་ལོ་ཙཱ་བ་རྣམས་ཀྱིས་ཐད་བསྒྱུར་བྱས་དྲགས་པའི་རྐྱེན་གྱིས་སོ། ། 

ཨང་ཀི་འབྲི་བའི་དུས་ན་ཡང་བོད་ཀྱིས་འབྲི་བགྲང་སྣོན་པ་གཡས་ནས་རྩིས། །བསྒྱུར་བགོ་འབྲུད་པ་གཡོན་ནས་བརྩི། །ཞེས་པ་ལྟར་གཡས་ཕྱོགས་ནས་གཡོན་ཕྱོགས་དང་། དམའ་གྲངས་ནས་མཐོ་གྲངས་ཀྱི་བར་ལ་རིམ་པ་བཞིན་འབྲི་བ་ཡིན་པས། ཨ་ལ་པའོ་ཡི་ཨང་ཀི་འབྲི་ལུགས་དང་ཁྱད་པར་ཆེ་བ་དང་། མེ་མཁའ་རྒྱ་མཚོ་ལྟ་བུ་ཡང་འབྲི་བའི་དུས་ན་༤༠༣ཡིན་དགོས་པ་ལ། ཨ་ལ་པའོ་ཡི་ལུགས་ལྟར་བྲིས་ན་༣༠༤རུ་བགྱུར་ངེས་པ་གདོན་མི་ཟ་བས་ལོ་ཙཱ་བྱེད་པར་སྐད་རིགས་སོ་སོའི་གྲངས་ཀ་འདྲེན་ལུགས་ལ་བྱང་ཆུབ་པར་བྱ་དགོས་པ་ཡིན་ནོ།། 

༣. མི་ཟད་པའི་ཚིག་རྒྱན་བསྒྱུར་ཚུལ། མི་ཟད་པའི་ཚིག་རྒྱན་ཡོངས་སུ་ཞེས་པ་དང་། ཡང་དག་པ་ཞེས་པ་དང་། ཉེ་བ་ཞེས་པ་ལ་སོགས་པ་རྣམས་སོ་སོའི་སྐད་དོད་བཞིན་ཐད་བསྒྱུར་བྱས་ན་དོན་དང་མཐུན་ཞིང་འབྱོར་བར་གསུངས་སོ། ། 

༤. སྒྲ་གཅིག་ལ་སྦྱོར་ཡུལ་མཆོག་དམན་གྱི་དབང་གིས་རྣམ་པ་མང་དུ་ཡོང་པ། ཆོས་རྗེ་ས་པཎ་གྱིས། རྒྱ་གར་ལ་ཞེས་སའི་སྒྲ་དང་ཕལ་བའི་སྒྲ་ཕལ་ཆེར་ཁྱད་མེད་ཀྱང་། སངས་རྒྱས་ཀྱིས་གཞན་ལ་སྨྲས་པ་ལ་བཀའ་བསྩལ། གཞན་གྱིས་སངས་རྒྱས་ལ་ཞུས་པ་ལ་གསོལ་བ། མཉམ་པོ་ཕན་ཚུན་འབྲི་བ་ལ་སྨྲས་པ་ཞེས་བྱ་བར་བསྒྱུར་ཞེས་གསུངས་པ་བཞིན། འདི་ཉིད་ལས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་ཞེས་དང་སྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱས་ཏེ། ཞེས་ཡུལ་མཆོག་དམན་གྱི། དབཕྱྭ་གིས་ཞེ་ས་སོགས་ཀྱི་ཁྱད་འབྱེད་དགོས་པ་དང་། སྟོན་པ་བཅོམ་ལྡན་འདས་གུས་འདུད་མཚོན་ཕྱིར་ཕྱི་རོལ་པའི་སྐོ་ལོང་གི་ཚིག་སྟེ་མ་གུས་པའམ་ 

འཁྲུག་པ་སློང་པའི་ཚིག་རྣམས་ཀྱང་ཞེ་སའི་ཚིག་ཏུ་བསྒྱུར་དགོས་པར་བཀས་བཅད་དོ། ། 

  • 顶