སྒྲ་སྦྱོར་བམ་གཉིས་ལ་རགས་ཙམ་དཔྱད་པ། ༼ ༨ ༽

2015-12-03
413

གཉིས་པ། སྒྲ་སྦྱོར་བམ་གཉིས་ལས་ཐ་སྙད་རྣམས་གཅིག་གྱུར་བྱས་ཚུལ་སྐོར། 

   འདི་ཉིད་ལས། སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་པ་དང་འཆད་པའི་གྲ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲ་གྲར་མིང་འཆད་པར་མི་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་དུ་གདགས་པར་དཔྱོད་དེ། ཕོ་བྲང་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་དང་། དྷརྨྨ་ཞུ་ཆེན་འཚལ་བའི་གྲར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི། དཀར་ཆག་གི་དཀྱུས་སུ་བསྣན་ནོ། །ཞེས་དང་། ཕྱིན་ཆད་གཟུང་སྔགས་དང་རྒྱུད་བླ་ནས་བཀའ་བསྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །ཞེས་བསྒྱུར་རུང་བ་མདོ་ཕྱོགས་ཀྱི་མིང་དང་བླ་ནས་བཀའ་བསྩལ་པ་མ་གཏོགས་བསྒྱུར་དུ་མི་རུང་བ་གསང་སྔགས་ཀྱི་རྒྱུད། མིང་གསར་འདོགས་པའི་རིམ་པ་སོགས་ཕྲ་ཞིབ་འཐུས་ཚང་དུ་བཀས་བཅད་པ་དང་། མདོ་ཕྱོགས་ཀྱི་ཆོས་ཀྱི་ཐ་སྙད་ཀྱང་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དང་། དེ་བཞིན་གཤེགས་པ་སོ་སོའི་མཚན་མི་མཉམ་པ་དང་མཉམ་པའི་ཕུང་བོ་དང་། ཡེ་ཤེས་དང་སྐུ་གསུམ་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་མིང་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། སོ་སོ་ཡང་དག་པར་རིགས་པ་བཞི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་སའི་རིམ་པའི་མིང་། ཕར་ཕྱིན་བཅུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། སྟོང་ཉིད་བཅོ་བརྒྱད། འཕགས་པའི་བདེན་པ་བཞི་རྣམས་བཅུ་དྲུག་ཏུ་ཕྱེ་བའི་མིང་དང་། དེ་བཞིན་བདེན་པ་གཉིས། མཚན་ཉིད་གསུམ། དགོངས་པ་བཞི། ལྡེམ་དགོངས་བཞི། ཕུང་བོ་ལྔ། མཚུངས་ལྡན་རྣམ་པ་ལྔ་མཚུངས། ལུང་དུ་བསྟན་པའི་རྣམ་གྲངས་ཀྱི་མིང་། སེམས་ཀྱི་སྐད་ཅིག་མ་བཅུ་དྲུག ཞི་གནས་དང་ལྷག་མཐོང་། མངོན་མཐོ་དང་ངེས་ལེགས། ལྷག་བཅར་ལྷག་མེད། ཟག་བཅས་ཟག་མེད། འདུས་བྱས་དང་འདུས་མ་བྱས། སོ་སོར་བརྟགས་འགོག་དང་སོ་ཐོར་བརྟགས་མིན་གྱིས་འགོག་པ་སོགས་བསྡུས་ཡོད་པར་མ་ཟད། སྔགས་དང་འདུལ་བ་ལས་འབྱུང་བའི་ཤེང་དུ་མ་དང་། མུ་སྟེགས་ཅན་གྱིས་བདག་ཏུ་བརྗོད་པའི་རྣམ་གྲངས་དང་། གནོད་སྦྱིན་ལ་སོགས་པ་འཇིག་རྟེན་གྱི་ལྷ་རྣམས་དང་། རི་རབ་གླིང་བཞི་དང་བཅས་པ། ཡུལ་དང་མཐོ་རིས་ཀྱི་ཤིང་གི་རྣམ་གྲངས། ཁམས་གསུམ་ཀྱི་རིམ་པ་སོགས་བསྡོམས་པས་བརྡ་ཆད་བཞི་བརྒྱ་དང་སུམ་ཅུ་ལྷག་སོ་སོའི་སྐད་དོད་དང་བསྒྱུར་ཚུལ། དེ་དག་གི་མཚན་ཉིད་སྒྲ་བཤད་དང་བཅས་པ་བཀོད་པ་སྟེ། ཆོས་དང་བརྡ་ཆད་རེ་རེའི་ཁུངས་སྟོན་པདང་ཕྱི་རབས་ལོ་ཙཱ་བ་རྣམས་ལོ་ཙཱ་བྱ་བར་འཇུག་བདེ་བའི་ཆེད་དུ་སྐད་གཉིས་ཤན་སྦྱར་བྱས་པ་དང་། བསྒྱུར་བསྐྲུན་བྱས་པའི་བརྡ་ཆད་རྣམས་དོན་ལ་གནས་ཤིང་ཚད་མར་གཟུང་ཆོག་པར་སྟོན་ཕྱིར་མཚན་ཉིད་སྒྲ་བཤད་དང་བཅས་པ་རྒྱས་པར་བཀོད་པ་དང་། གཞུང་དོན་གཞན་ལ་མི་འཁྲུལ་པའི་ཆེད་དུ་མིང་གཅིག་དོན་མང་ལ་འཇུག་པའི་རིགས་མེད་པ་དང་། བརྡ་ཆད་ཕན་ཚུན་གྱི་འབྲེལ་པ་ངེས་ཕྱིར་སྤྱི་བྱེ་བྲག་གི་རིམ་པ་ལྟར་བཀོད་པ་དང་། སྦྱོར་ཡུལ་ངེས་ཕྱིར་གཞུང་ཚན་ཞིབ་ཏུ་དབྱེ་བ་སོགས་མདོར་ན་ཚན་རིག་གི་རང་བཞིན་མང་དུ་ཡོད་དོ། ། 

  • 顶