ཚད་མ་རིག་པའི་རྒྱུན་ཤེས།།

2015-12-03
412

ཚད་མ་རིག་པའི་རྒྱུན་ཤེས།།  

  ༡༽ དྲི་བ།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚད་མ་རིག་པ་སྡེ་སྣོད་གང་དག་ཏུ་བསྟན་ཡོད། ༢༽  དྲི་བ། ནང་པའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་སུས་གསུངས། ༣༽  དྲི་བ།  ནང་པའི་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་སུ་ཡིན།༤༽  དྲི་བ།  དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་གང་དག་ཡིན། དེ་སུའི་དགོངས་འགྲེལ་ཡིན།༥༽  དྲི་བ།  ཕྱོགས་གླང་དང་ཆོས་གྲགས་གཉིས་དུས་རབས་ནམ་ཞིག་ལ་འཁྲུངས།༦༽  དྲི་བ།  བོད་འདིར་ཚད་མ་རིག་པ་དུས་ནམ་ཞིག་ལ་བསྒྱུར་བ་དང་ནམ་འཆད་ཉན་དར།༧༽  དྲི་བ།  བོད་རང་གི་བསྡུས་གྲྭའི་སྲོལ་ཐོག་མར་བཏོད་མཁན་སུ་ཡིན། 

 

    ལན།  དཔེར་ན།  ཆོས་བཅུ་པའི་མདོ་ལས།  དུ་བ་ལས་ནི་མེར་ཤེས་དང་།།  ཆུ་སྐྱུར་ལས་ནི་ཆུར་ཤེས་ལྟར།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།  རིགས་ནི་ཚད་མ་དག་ལས་ཤེས།།  ཞེས་པས་འབྲས་རྟགས་དང་།  གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་དག་ནི་འགག་པའི་ཆོས་ཅན་ནོ།།  ཞེས་པས་རང་བཞིན་གྱི་རྟགས་དང་།  མདོ་སྡེ་དཀོན་མཆོག་བརྩེགས་པ་ལས།  ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་བཟུང་བར་བྱ་ཡི་ཞེས་པས་སྣང་རུང་མ་དམིགས་པའི་རྟགས་དང་།  གང་ཟག་གིས་གང་ཟག་དང་ཆོས་ཀྱི་ཚད་བཟུང་བར་མི་བྱའོ་ཞེས་པས་མི་སྣང་བ་མ་དམིགས་པའི་རྟགས་བསྟན་པ་སོགས་སངས་རྒྱས་ཀྱིས་གསུངས་བའི་སྡེ་སྣོད་གང་མང་ཞིག་ཏུ་ཚད་མའི་རིག་པ་བསྟན་ཡོད་དོ།།

 

   ལན།  སློབ་དཔོན་དབྱིག་གཉེན་གྱི་རྩོད་པ་གྲུབ་པ་དང་།  དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོན་མེ་མཛད་པ་སོགས་ཐོག་མ་ཡིན།

 

   ལན།  སློབ་དཔོན་དབྱུག་གཉེན་གྱི་རང་མཁས་སློབ་མ་བཞི་ལས་ཚད་མ་རང་ལས་མཁས་པ།  སློབ་དཔོན་ཕྱོགས་ཀྱི་གླང་པོས་གཏན་ཚིགས་རིགས་པའི་གནད་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཚད་མ་ཀུན་བཏུས་སམ་ཚད་མ་མདོ་ལེའུ་དྲུག་གི་བདག་ཉིད་ཅན་ཞིག་མཛད་པ་དེ་ཡིན།

 

   ལན།  རྒྱས་རྣམ་འགྲེལ།  འབྲིང་རྣམ་ངེས།  བསྡུས་རིགས་ཐིགས་གསུམ་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་།  གཏན་ཚིགས་ཐིགས་པ།  རྩོད་པའི་རིགས་པ།  འབྲེལ་བ་བརྟག་པ།  རྒྱུད་གཞན་སྒྲུབ་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་བདུན་ལ་ཚད་མ་སྡེ་བདུན་ཟེར།  དེ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་དགོངས་འགྲེལ་ཡིན།

 

   ལན།  དེབ་ཐེར་དཀར་པོ་ལས་སློབ་དཔོན་ཕྱོགས་གླང་བོད་རྒྱལ་སྲོང་བཙན་དང་དུས་མཉམ་པར་གསུངས་པ་ལྟར་ན།  དུས་རབས་བདུན་པའི་སྟོད་དུ་འཁྲུངས་བར་མངོན་ཏེ།  སྲོང་བཙན ༦༡༧ ལ་འཁྲུངས།  རྒྱའི་ལོ་རྒྱུས་སུ་ཕྱོགས་གླང ༤༤༥ ནས ༥༢༠ བར་ཙམ་ལ་འཁྲུངས་བར་བཤད་པ་དང་།  ཆོས་གྲགས ༦༢༠ནས ༦༨༠ བར་ལ་འཁྲུངས་བར་བཤད་ཅེས་གསུངས་པའང་ཡོད།

 

   ལན།  ལོ་རྒྱུས་འགའ་ཞིག་ན།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར་བར་བཤད།  ཡོངས་གྲགས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་ཚད་གཞུང་མང་དུ་བསྒྱུར་ནའང་འཆད་ཉན་གྱི་སྲོལ་ཆེར་དར་མ་ཐུབ།  དེའི་རྗེས་བསྟན་པ་ཕྱི་དར་གྱི་སྐབས་སུ།  ཕྱི་ལོ ༡༠༧༣ ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་དགོན་པ་བཏབ་ནས་བཤད་གྲྭ་གསར་འཛུགས་མཛད།  དེའི་རྗེས ༡༠༩༢  ལོར་རྔོག་བློ་ལྡན་ཤེས་རབ་བོད་དུ་ཕེབས་ནས་གསང་ཕུའི་མཁན་པོར་བཞུགས་རྗེས།  གཙོ་བོ་ཚད་མ་རིག་པའི་བཤད་གྲྭ་གསར་བཟོ་བྱས་ཏེ་ཚད་མའི་འཆད་ཉན་ཤིན་ཏུ་དར་རྒྱས་སུ་གྱུར།

 

   ལན།  དེ་ནི ༡༡༠༩ ལ་འཁྲུངས་པའི་ཆ་པ་ཆོས་ཀྱི་སེངྒེས་མདོ་སྡེ་བའི་རིག་པའི་འགྲོས་དང་སྦྱར་ནས་ཚད་མ་རིག་པ་རྣམས་ཕྱོགས་སུ་བསྡུས་པའི་བསྡུས་གྲྭའི་སྲོལ་བཏོད་ཅིང་།  ཚད་གཞུང་ཡིད་ཀྱི་མུན་སེལ་སོགས་བསྡུས་གཞུང་མང་དུ་མཛད།  རྟགས་གསལ་རྩོད་གཞི་གསུམ་དང་སྦྱར་ནས་རྒོལ་སྔ་རྒོལ་དཔང་པོ་སོགས་ཀྱི་རྩོད་པའི་རིགས་ལམ་ཐོག་མར་འདི་ནས་དར།  

༨༽ དྲི་བ།  ཆ་པ་ཆོས་ཀྱི་སེངྒེའི་སློབ་མ་རིག་པའི་སེང་ཆེན་བརྒྱད་གང་དག་ཡིན།   

   ལན།  དེ་ནི་གཙང་ནག་པ་བརྩོན་འགྲུས་སེངྒེ། དར་བག་སྨྲ་བའི་སེངྒེ།  བྲུ་ཤ་བསོད་ནམས་སེངྒེ།  རྨ་བྱ་རྩོད་པའི་སེངྒེ།  རྩེགས་དབང་ཕྱུག་སེངྒེ།  ཉང་བྲན་ཆོས་ཀྱི་སེངྒེ།  འདན་མ་དཀོན་མཆོག་སེངྒེ།  གཉལ་པ་ཡོན་ཏན་སེངྒེ་བཅས་སོ། །    

༩༽ དྲི་བ།  བོད་རང་གི་མཁས་པས་བརྩམས་པའི་ཚད་གཞུང་ཐོག་མ་གང་ཡིན།   

   ལན།  དེ་ནི་རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་རྣམ་ངེས་ཊཱིཀ་ཆེན་ཡིན།   

༡༠༽ དྲི་བ། ཅི་ཞིག་ལ་ཚད་མ་རིག་པ་ཟེར།   

  ལན།  གཟུང་བ་ཡུལ་དུ་གྱུར་པའི་དངོས་ཡོད་སོགས་དོན་གང་དང་གང་མཆིས་པ་དེ་དག་འཛིན་པ་བློས་མངོན་སུམ་མམ་རྗེས་དཔག་ཚད་མས་ཡོངས་སུ་གཞལ་ནས་ནོར་འཁྲུལ་མེད་པར་ངོ་བོ་གཏན་ལ་འབེབ་བྱེད་ཀྱི་རིག་པ་ཁྱད་པར་བ་ཞིག་ལ་ཟེར།   

༡༡༽ དྲི་བ། ཚད་མ་རིག་པ་སྦྱངས་བའི་དགོས་པ་གང་དག་ཡོད།   

  ལན།  རྒྱལ་ཚབ་རིན་པོ་ཆེས། ཚད་མར་གྱུར་པའི་སྟོན་དང་བསྟན་པ་མཆོག།  དངོས་པོའི་སྟོབས་ཤུགས་རིགས་པས་སྒྲུབ་པའི་ཚུལ།།  གསུང་རབ་རྒྱ་མཚོར་ལྟ་བའི་མིག་གཅིག་པུ།  ཚད་མ་ཞེས་གསུངས་པ་ལྟར།  སྟོན་དང་བསྟན་པ་ཚད་མར་རྟོགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་དང་།  རིག་གཞུང་ཡང་དག་པར་མ་རྟོགས་པ་ཕྱིན་ཅི་ལོག་རྣམས་ཚར་གཅོད་པའི་ཕྱིར་དང་།  གསུང་རབ་རྒྱ་མཚོ་ལྟ་བུ་ལ་རིག་པའི་བརྡར་ཤ་ཆོད་ཅིང་།  ཕྱིའི་དངོས་པོ་དང་ནང་སེམས་ཀྱི་རང་བཞིན་སོགས་རིག་པའི་རྩལ་གྱིས་ཇི་བཞིན་རྟོགས་ཐུབ་པ་དེ་དགོས་པ་ཡིན།   

༡༢༽ དྲི་བ། ཚད་མ་རིག་པའི་བརྗོད་བྱ་གཙོ་བོ་གང་དག་ཡིན།   

   ལན།  ཚད་མ་རིགས་སྒོ་ལས། མངོན་གསུམ་དང་ནི་རྗེས་སུ་དཔག ལྟར་སྣང་བཅས་པ་བདག་རིག་ཕྱིར།།  སྒྲུབ་པ་དང་ནི་སུན་འབྱིན་དང་།།  ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར།།  ཞེས་གསུངས་པ་ལྟར། རྟོག་གེའི་ཚིགས་དོན་བརྒྱད་པོ་དེ་དག་ཡིན།

༡༣༽ དྲི་བ། ནང་རིག་པའི་བསྟན་བཅོས་དང་ཚད་མ་རིག་པའི་བསྟན་བཅོས་ཡིན་མིན་ལ་མུ་བཞི་ཡོད་དམ།   

   ལན།  ནང་རིག་པའི་བསྟན་བཅོས་ཡིན་ལ་ཚད་མའི་བསྟན་བཅོས་མ་ཡིན་པ།  འདུལ་བ་མདོ་ལྟ་བུ།  ཚད་མའི་བསྟན་བཅོས་ཡིན་ལ་ནང་རིག་པའི་བསྟན་བཅོས་མ་ཡིན་པ།  བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་སྟོན་པའི་གཞུང་ལྟ་བུ། གཉིས་ཀ་ཡིན་པ། ཚད་མ་སྡེ་བདུན་ལྟ་བུ། གཉིས་ཀ་མ་ཡིན་པ།གསོ་དཔྱད་ཀྱི་གཞུང་ལྟ་བུ་སྟེ་མུ་བཞི་ཡོད།   

༡༤༽ དྲི་བ། སྔ་རྒོལ་དང་ཕྱི་རྒོལ་དཔང་པོ་གསུམ་གང་དག་ཡིན།   

   ལན།  རང་གི་དམ་བཅའ་དེར་སྒྲུབ་བྱེད་འགོད་པར་ཁས་ལེན་པ་སྔ་རྒོལ།  དེ་ལ་སུན་འབྱིན་བརྗོད་པར་ཁས་ལེན་པ་ཕྱི་རྒོལ། རྒོལ་ཕྱི་རྒོལ་གཉིས་ཀྱིས་རྩོད་པ་བྱེད་ཚེ་རྒྱལ་ཕམ་ཤན་འབྱེད་པ་ལ་དཔང་པོ་ཟེར།  རྒོལ་ཕྱི་རྒོལ་གཉིས་དེ་ལས་ལྡོག་སྟེ་གོ་བའང་ཡོད།

༡༥༽ དྲི་བ། ཅི་ཞིག་ལ་རྩོད་གཞི་ཆོས་ཅན་ཟེར།   

   ལན།  དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ་རྩོད་གཞི་ཆོས་ཅན་གྱི་མཚན་ཉིད། ཡོད་མེད་གང་རུང་ཡིན་ན་རྩོད་གཞིར་བཟུང་རུང་བས་ཁྱབ། དཔེར་ན།  བུམ་པ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར་ལྟ་བུའི་ཐལ་འགྱུར་ལ་མཚོན་ན།  བུམ་པ་ཆོས་ཅན་ཞེས་བུམ་པ་རྩོད་གཞི་པའི་གཞི་རུ་བཟུང་བ་དེ་ལ་གོ་དགོས།དེས་ན་ཆོས་ཅན་དང་། རྩོད་གཞི། དཔག་གཞི། ཤེས་འདོད་ཆོས་ཅན་རྣམས་དོན་གཅིག་ཡིན་ནོ།།   

༡༦༽ དྲི་བ། ཅི་ཞིག་ལ་གསལ་བ་ཟེར།   

   ལན།  དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། དཔེར་ན་བུམ་པ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ལྟ་བུའི་ཐལ་འགྱུར་ལ་མཚོན་ན།  མི་རྟག་པ་ཡིན་པར་ཐལ་ཞེས་པའི་མི་རྟག་པ་ཡིན་པ་དེ་ཡིན། ཐལ་ནི་མི་རྟག་པ་ཡིན་པར་འགྱུར་ཞེས་པའམ། མི་རྟག་པ་ཡིན་དགོས་པར་འགྱུར་ཅེས་པའི་དོན་དུ་གོ་དགོས། དེས་ན་སྒྲུབ་ཆོས་དང་། གསལ་བ་དོན་གཅིག་གོ།   

༡༧༽ དྲི་བ། ཅི་ཞིག་ལ་རྟགས་ཟེར།   

   ལན།  རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད།  གཞི་གྲུབ་མ་གྲུབ་གང་རུང་ཡིན་ན་རྟགས་སུ་འགོད་རུང་བས་ཁྱབ། དཔེར་ན།  བུམ་པ་ཆོས་ཅན།  མི་རྟག་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར།  ལྟ་བུའི་ཐལ་འགྱུར་གྱི་བྱས་ཡིན་པའི་ཕྱིར་ཞེས་པའི་བྱས་པ་ཡིན་པ་དེ་ཡིན།  ཕྱིར་ནི་བྱས་པ་ཡིན་པའི་སྟབས་ཀྱིས་སམ་ཡིན་པའི་རྒྱུ་མཚན་གྱིས་ཞེས་པའི་དོན་དུ་གོ་དགོས། དེས་ན་རྟགས་དང་། གཏན་ཚིགས།  རྒྱུ་མཚན་རྣམས་དོན་གཅིག་གོ།   

༡༨༽ དྲི་བ། གང་འདྲ་ཞིག་ལ་རྟགས་གསལ་རྩོད་གཞི་གསུམ་ཚང་བའི་ཐལ་འགྱུར་ཟེར།   

   ལན།  དཔེར་ན། བུམ་པ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར།  ལྟ་བུ་འདི་ལ་མཚོན་ན།  བུམ་པ་རྩོད་པའི་གཞིར་བཟུང་ནས།  བུམ་པ་དེ་མི་རྟག་པ་ཡིན་དགོས་ཏེ།  རྒྱུ་མཚན་རྒྱུ་རྐྱེན་གང་ཞིག་གིས་བྱས་པའམ་གྲུབ་པ་ཡིན་པའི་སྟབས་ཀྱིས་སོ་ཞེས་རིམ་བཞིན།  དང་པོ་བུམ་པ་ཆོས་ཅན་ཞེས་རྩོད་གཞིར་བཞག གཉིས་པ་མི་རྟག་པ་ཡིན་པར་ཐལ་ཞེས་གསལ་བ་བཀོད།  གསུམ་པ་བྱས་པའི་ཕྱིར་ཞེས་རྒྱུ་མཚན་བརྗོད་དེ་བཤད་པ་ཞིག་ལ་རྟགས་གསལ་རྩོད་གཞི་གསུམ་ག་ཚང་བའི་ཐལ་འགྱུར་ཟེར།

༡༩༽ དྲི་བ། ཅི་ཞིག་ལ་ཐལ་འགྱུར་དང་ངག་སྦྱོར་ཟེར།   

   ལན།  ཐལ་ངག་ཏུ་བཀོད་པ་ཐལ་འགྱུར་གྱི་མཚན་ཉིད།  དེ་ཡང་ཚད་མ་མདོ་ལས།  ཐལ་འགྱུར་ཕྱོགས་ཆོས་ཅན་མིན་ཕྱིར།།  ཁས་བླངས་སྔོན་དུ་སོང་བ་ལས།།  དེ་བཞིན་རྟགས་དང་དམ་བཅའ་ཡིས།།  སྐྱོན་བརྗོད་སུན་འབྱིན་དུ་ཤེས་བྱ།།ཞེས་པ་ལྟར། དཔེར་ན། བུམ་པ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར།  ཞེས་པ་ལྟ་བུ་སྟེ།  ཕ་རོལ་བོས་བུམ་པ་རྟག་པ་ཡིན་པར་ཁས་བླངས་པ་ལ།  ཕྱི་རྒོལ་གྱིས་འོ་ན་བུམ་པ་བྱས་པ་མ་ཡིན་པར་ཐལ་བར་འགྱུར་དགོས་ཏེ་ཞེས་སུན་འབྱིན་འཕངས་བའི་ངག་ལྟ་བུ་ལ་ཐལ་འགྱུར་ཟེར། དེས་ན་ཐལ་འགྱུར་དང་སུན་འབྱིན་དོན་གཅིག།  ངག་སྦྱོར་དང་ཐལ་འགྱུར་མི་འདྲ།  བུམ་པ་ཆོས་ཅན།  དངོས་པོ་ཡིན་ཏེ།  དོན་བྱེད་ནུས་པ་ཡིན་པའི་ཕྱིར།  ལྟ་བུ་ལ་ངག་སྦྱོར་ཟེར།

  • 顶