ས་བཅད་དང་པོ། སྤྱིའི་དོན་བཤད་པ།
ཀུན་རྫོབ་བླང་དོར་སྟོན་པའི་སྐར་རྩིས་ནི། །དེ་ཉིད་སྟོང་པ་རགས་སྣང་བརྩི་བའི་གཞི། །རྟེན་འབྲེལ་གྲངས་ཀྱི་རིགས་པ་བརྩི་བའི་ཚུལ། །དེའང་ཀུན་རྫོབ་ཀྱི་གྲངས་དང་གནས་ཚུལ་ལ་མི་རྨོངས་པས་བླང་དོར་མ་འཆུག་པར་སྟོན་པར་བྱེད་པ་ནི་དགོས་པའོ། །དགོས་པ་དེ་ལྡན་གྱི་སྐར་རྩིས་ཞེས་གྲགས་པ་ལ་ཕྱི་ནང་གི་ལུགས་གཉིས་ལས་འདིར་རྒྱུད་གྱི་སྐར་རྩིས་ཞེས་གྲགས་པ་ལ་ཕྱི་ནང་གི་ལུགས་གཉིས་ལས་འདིར་རྒྱུད་ཀྱི་རྒྱག་པོ་ལས་གསུངས་བའི་རྗེས་སུ་འབྲངས་པ་ནི་ཆེས་གདོས་པ་དང་བཅས་པ་ཡིན་པས། དེ་ལྟར་ན་ཐོག་མར་ནང་གི་ངེས་པ་ཤེས་པ་གལ་ཆེ་བས། དེ་ཁོ་ན་ཉིད་སྟོང་པ་སྤྲོས་བྲལ་གྱི་གནས་ལུགས་དེ། འཁྲུལ་ཚུལ་མ་རིག་པས་བསླད་པའི་དབང་གིས་ཡུལ་ཡུལ་ཅན་ནམ་ཕྱི་ནང་སོགས་གཉིས་ཆོས་དང་། རྩ་རླུང་ཐིག་ལེའམ་ཉི་ཟླ་སྒྲ་གཅན་གྱིས་མཚོན་གསུམ་ཆོས་སོགས་རགས་སྣང་མཐའ་ཡས་པར་སྒྲོ་བཏགས་པའི་སྣང་ཆ་ཙམ་ནི་སོ་སྐྱེ་རྣམས་ཀྱིས་བརྩི་བྱའི་གཞི་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་གྲངས་ཀྱི་རིགས་པ་ནི་རྩི་བའི་ཚུལ་ལམ་རྩི་བྱེད་ཡིན་ནོ།།
ས་བཅད་གཉིས་པ། ནང་གི་ངེས་པ་བཤད་པ།
དབུ་མའི་དབུགས་ལས་གཟའ་ཡི་རྐང་པ་འབྱུང་།
དབུ་མའི་དབུགས་ནི་ཡེ་ཤེས་ཀྱི་རླུང་སྟེ་དབུ་མ་ལ་རྟེན་ནས་རྩ་གཞན་མངོན་པར་སྐྱེ་བ་ལྟར་ཡེ་རླུང་ལ་བརྟེན་ནས་ལས་ཀྱི་རླུང་འབྱུང་བ་ལྔའི་བདག་ཉིད་སྐྱེ་བའམ་རྒྱུ་བར་བྱེད། གཡོན་རྐྱང་མ་ལ་བརྟེན་ཏེ་སྙིང་སྟོབས་ཀྱི་རང་བཞིན་གཟུང་བ་ཡུལ་གྱི་ཆ་བསྐྱེད་པ་ནམ་མཁའ་རླུང་མེ་ཆུ་སའི་རིམ་པ་བཞི་གཟའ་ལྔ་རྒྱུ་ལ། གཡས་རོ་མ་ལ་བརྟན་ཏེ་འཛིན་པ་བདག་རྟོག་གི་ཆ་གཙོ་བོར་བསྐྱེད་པ་རྡུལ་གྱི་རང་བཞིན་ས་ཆུ་མེ་རླུང་ནམ་མཁའི་རིམ་པས་དྲག་གཟའ་ལྔ་རྒྱུ་བའི་ཕྱིར་ཕྱི་རོལ་འཇིག་རྟེན་གྱི་ཁམས་ལ་ཡང་མེ་རླུང་གི་གྲངས་བཞིན་དུ་གཟའ་རྣམས་ཀྱི་དལ་རྐང་མྱུར་རྐང་སོགས་འབྱུང་ངོ་། དུས་བཞིའི་མཐའ་རུ་གཟའ་དེ་དག་སྟོང་པར་འཇུག་པའི་ལོ་གྲངས་སོགས་གོང་ད་སྨོས་པ་ལྟར་ལ། །ནང་ལུས་དང་སྦྱར་ན་སྐྱེས་བུ་ལང་ཚོ་རྒྱས་ཤིང་ནད་ལ་སོགས་པས་མ་གཟིར་བ་ཞིག་མཚན་གཞིར་བྱས་ཏེ་རྩ་རྐྱང་མ་ལ་བརྟེན་ཏེ་སྣ་གཡོན་ནས་དང་པོར་ནམ་མཁའ་རླུང་མེ་ཆུ་ས་སྟེ་འབྱུང་བ་སྐྱེད་པའི་རིམ་པས་དཀྱིལ་འཁོར་རེ་ལ་སུམ་བརྒྱ་དྲུག་ཅུ་སྟེ་དཀྱིལ་འཁོར་ལྔ་རྒྱུ་ལ། དེ་ནས་རོ་མ་ལ་བརྟེན་ཏེ་གཡས་སུ་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་སྡུད་པའི་རིམ་པས་ལུགས་བཟློག་ཏུ་དཀྱིལ་འཁོར་ལྔ་རྒྱུ་སྟེ། དཀྱིལ་འཁོར་རམ་འཕོ་ཆུང་རེ་ལ་སུམ་བརྒྱ་དུག་ཅུ་དང་། དཀྱིལ་འཁོར་ལྔ་རྫོགས་པ་ནི་འཕོ་ཡིན་པས་དེ་ལ་དབུགས་སྟོང་དང་བརྒྱད་བརྒྱ་འབྱུང་། དེ་ལྟར་སྐྱེད་སྡུད་ཀྱི་བྱ་བ་གཉིས་རྩོགས་པས་འཕོ་ཆེན་གཉིས་ཀྱི་མཚམས་སུ་ནང་དུ་དབུ་མ་ལ་འཇུག་སྟེ། འཇིག་རྟེན་ཆགས་ཤིང་ཞིག་བའི་བྱ་བ་རྫོགས་ནས་སྟོང་པར་གནས་པའམ། གཟའ་རྣམས་ཀྱི་དཀྱིལ་འཁོར་རྫོགས་པ་ན་སྟོང་པ་ལ་འཇུག་པ་དང་། ལུས་ཅན་རྣམས་སྐྱེ་འཆིའི་གནས་སྐབས་ཀྱི་འོག་ཏུ་རང་བཞིན་འོད་གསལ་དུ་འཇུག་པ་ལ་སོགས་པའི་དོན་ནོ། ཚུལ་དེས་གཡས་ནས་ལུག་སོགས་མི་མཉམ་པའི་ཁྱིམ་གྱི་འཕོ་ཆེན་དྲུག་དང་། གཡོན་ནས་གླང་སོགས་མཉམ་པའི་ཁྱིམ་གྱི་འཕོ་ཆེན་དྲུག་སྟེ་དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་ལ་དབུཊ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་ལོངས་ཏེ་རང་དབུགས་ཀྱི་ཞག་གཅིག་ཏུ་འཇོག་གོ །དེས་ན་ནང་དུ་འཕོ་ཆེན་གཉིས་ལ་འབྱུང་བ་བསྐྱེད་སྡུད་རྫོགས་ནས་དབུ་མར་སྟོང་པ་ལ་གཞོལ་བ་བསྟན་པའི་དོན་དང་མུ་སྟེགས་གཞུག་པའི་ཆེད་དུ་མི་ལོ་སྟོང་དང་ཉིས་བརྒྱ་ལ་དབུགས་བྱེད་པའི་གཙོ་བོ་ནུས་པའི་མིང་ཅན་ཞིག་ཡོད་པ་ལྟར་བཞག་ནས་དེའི་དབུགས་གྲངས་ཀྱི་འཕོ་ཆེན་གཉིས་རྫོགས་པ་ན་ཕྱིར་དུས་ཆེན་པོ་གཅིག་རྫོགས་ཤིང་། དེའི་འཕོ་མཚམས་སུ་དབུ་མར་འཇུག་པ་དང་ཕྱིར་གཟའ་རྣམས་སྟོང་པ་ལ་འཇུག་པར་སྦྱར་ནས་གསུངས་པའོ།།
སྟོང་འཇུག་ལ་མཚུར་ལུགས་པ་རྣམས་ནི་རྒྱུད་ལས་གསུངས་པའི་རང་རྩིས་ཉིད་སྒྲ་ཇི་བཞིན་པར་བཟུང་ལ། ཕུག་ལུགས་པ་རྣམས་དེ་མུ་སྟེགས་ཀྱིས་མི་རྟོགས་པའི་ཕྱིར་སྦས་རྩིས་མིན་པས་སྒྲ་ཇི་བཞིན་མིན་པར་བཟུང་ནས་གྲུབ་མཐའི་ཞིབ་རྩིས་གསར་དུ་འཆོས་པར་མཛད་དོ། སླར་ཡང་སེམས་ཅན་རྣམས་ཀྱི་ཀན་ཏུ་རྟོག་པའི་དབང་གིས་རླུང་གིས་འཕོ་བ་སྐྱེ་བ་དེ་བཞིན་ཕྱི་རོལ་དུའང་དུས་ཀྱི་ངེས་པ་རིམ་བཞིན་འཆར་བས། དུས་བཞི་སོ་སོའི་ཟད་པ་མེ་སྟག་གི་དབོ་ཟླ་བའི་གནམ་སྟོང་ཉ་ཁྱིམ་གྱི་མཐར་གཟའ་རྣམས་ཀྱི་ལོངས་སྤྱོད་རྣམ་པར་དག་པ་ལ་སྟོང་པར་ཞུགས་པའི་ཐ་སྙད་བྱེད་ཅིང་། སླར་རབ་བྱུང་གི་ལོའི་ནག་ཟླའི་ཚེས་གཅིག་ནས་ལོ་ཟླ་གཟའ་སྐར་ཐམས་ཅད་ཀྱི་རྟག་པའི་ལོངས་སྤྱོད་གསར་དུ་འཆར་བ་ཡིན་ནོ། །
ས་བཅད་གསུམ་པ། ཕྱི་རོལ་གྱི་བརྩི་བའི་གཞི།
ནད་ཉིད་ཇི་ལྟར་ཕྱི་རོལ་སྣང་བ་ལས།
དེ་ལྟར་རྒྱུ་སྐར་གྱི་ཁྱིམ་དང་གོ་ལ་རྣམས་ནི་རླུང་འགྲོས་ལ་བརྟེན་ནས་ཉིན་ཞག་རེ་རེར་གཡས་སུ་བསྐོར་ཅིང་། གཟའ་རྣམས་ནི་རང་རང་གི་འགྲོས་ཀྱིས་ཡུལ་རྒྱུ་སྐར་ཁྱིམ་གྱི་ལོངས་སྤྱོད་ལ་སྤྱོད་པའོ། །དེའང་གཟའ་གཞན་ནི། རྒྱུ་སྐར་གྱི་སྟེང་དུ་རང་འགྲོས་ཁ་ཤར་དུ་ཕྱོགས་པས་རི་རབ་ལ་གཡོན་བསྐོར་གྱིས་རྒྱུ་ལ། སྒྲ་གཅན་ནི་དོན་དམ་པའི་རིགས་པས་བསོད་ནམས་དང་ལྡན་པའི་ཕྱིར་གཟའ་གཞན་གྱི་སྟོབས་འཕྲོག་ཅིང་། ཁྱིམ་གྱི་རླུང་འགྲོས་བཞིན་དུ་ཁ་ནུབ་ཏུ་ཕྱོགས་ནས་རི་རབ་ལ་གཡས་བསྐོར་གྱིས་བསྐོར་ཞིང་། ནམ་གྲུ་ནས་ཐ་སྐར་གྱི་བར་ལུགས་ལྡོག་ཏུ་སྤྱོད་དོ། །དེའང་སྒྲ་གཅན་ནི་ནང་དུ་དབུ་མ་ཡེ་ཤེས་ཀྱི་ཆ་ཡིན་ལ། དེ་ནི་ཀུན་རྫོབ་འཁྲུལ་པའི་རྣམ་པ་འཇིག་པར་བྱེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྟོགས་པར་བྱ་བ་ཡིན་པའི་རིཊ་པས་ཕྱི་འཇིག་རྟེན་གྱི་ཁམས་ལ་ཡང་གཟའ་གཞན་ནི་གཡོན་དུ་སྤྱོད་ཅིང་སྟོབས་དམན་ལ། སྒྲ་བསོད་ནམས་ཀྱི་སྟོབས་ལྷག་པས་སོ།།
དུས་གསུམ་ཚིགས་མཚམས་མུན་ཅན་ཉི་ཟླ་ཕྲད། །
དེས་ན་རང་ལུས་ལ་དབུ་མ་སྟོང་པའི་རང་བཞིན་ཁམས་སྒྲིབ་ཐོཊ་དང་བྲལ་བ་ཡར་སྣ་ཆུའི་ཁམས་དཔྱིད་ཀྱི་གོང་བུ་དང་མར་སྣ་མེའི་ཁམས་འབར་བའི་ཐིག་ལེ་དང་ལྡན་པ། ཕྱི་ནང་དག་པ་ག་པའི་ཕྱིར་སྒྲ་གཅན་ཡང་ལུས་སྟོང་པ་ནམ་མཁའི་སྒྲིབ་ཐོགས་དང་བྲལ་ལ། གདོང་ཆུའི་རང་བཞིན་ནག་པོ་མུན་པའི་བདག་ཉིད་དང་། མཇུག་མ་མེའི་ཁམས་དམར་པོ་འབར་བའི་རང་བཞིན་གཉིས་ནི་སྒྲིབ་བྱེད་ཀྱི་ནུས་པ་ཅན་རགས་པའི་རྣམ་པ་སྟེ། ནང་དུ་རྡུལ་དང་སྙིང་སྟོབས་དང་མུན་པའི་དུས་གསུམ་གྱི་ཐ་མར་མུན་པ་ཆེན་པོའི་རླུང་གིས་རོ་མའི་སྟོབས་འཕྲོག་ཅིང་ས་ཆུ་མེ་རླུང་ནམ་མཁར་ཡེ་ཤེས་ཀྱི་ཁམས་དྲུག་རྫོགས་པ་ན་རྐྱང་མའི་སྟོབས་འཕྲོག་པས་ཕྱི་རོལ་དུ་ཟླ་བ་གཉིས་ལ་ཡན་ལག་རེའམ། དུས་རེར་བྱས་པའི་དུས་གསུམ་རྫོགས་པའི་དཀར་ནག་གི་ཚིགས་མཚམས་སུ་མུན་ཅན་ཉི་མ་ལ་འཇུག་ཅིང་། ཟླ་བ་དྲུག་རྫོགས་པ་ན་ཟླ་བ་ལ་སྒྲ་གཅན་འཇུག་པར་སྟོང་པ་དང་། ཁྱད་པར་ཉི་འཛིན་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རིམ་པར་འཁོར་བའི་རེག་པའི་རྟེན་འབྲེལ་གནམ་སྟོང་ལ་འཆར་བ་དགོས་ཏེ། དེ་ཡང་ལུག་གི་ཁྱིམ་ཟླ་ནས་བརྩམས་ཏེ་ཟླ་བ་བཅུ་གཉིས་ལ་ཡན་ལག་རེར་འཇོག་ལ། ཡན་ལག་རེ་རེ་ཉིན་ཞག་དང་པོ་མ་ལ་རིག་པ། གཉིས་པ་ལ་འདུ་བྱེད། གསུམ་པ་ལ་རྣམ་ཤེས། བཞི་པ་ལ་མིང་གཟུགས། ལྔ་པ་ལ་སྐྱེ་མཆེད་དྲུག་དྲུག་པ་ལ་རེག་པ། བདུན་པ་ལ་ཚོར་བ། བརྒྱད་པ་ལ་སྲེད་པ། དགུ་པ་ལ་ལེན་པ། བཅུ་པ་ལ་སྲིད་པ། བཅུ་གཅིག་པ་ལ་སྐྱེ་བ། བཅུ་གཉིས་པ་ལ་རྒ་ཤི་དང་། བཅུ་གསུམ་པ་ལ་མ་རིག་པ་ནས་ཉེར་བཞི་ལ་རྒ་ཤི་དང་། ཡང་ཉེར་ལྔ་མ་རིག་པ་ནས་དྲུག་པ་ལ་རྒ་ཤི། བདུན་པ་ལ་མ་རིག་པ་ནས་བཅོ་བརྒྱད་པ་ལ་རྒ་ཤི་དང་། བཅུ་དགུ་ལ་མ་རིག་པ་ནས་གནམ་སྟོང་ལ་རྒ་ཤིའོ། །མདོར་ན་གནམ་སྟོང་ལ་རེག་པ་ཡོད་པ་དང་རྒ་ཤི་ཡོད་པ་སྤེལ་མར་འབྱུང་བའི་རེག་པ་ཡོད་པའི་ཚེ་འཛིན་ཏེ་རེག་པའི་ཡན་ལག་དབུས་དེར་སྒྲ་གཅན་རྒྱུ་བ་དེ་ཡིས་ཟླ་བ་ཉི་མ་དག་ནི་འཛིན་པར་འགྱུར། ཞེས་སོ། །
ཉི་ཟླ་རླུང་འགྲོས་ཁྱིམ་ཚེས་ཉིན་ཞག་བྱུང་། །དུས་གསུམ་མཚམས་བཞི་ཐུན་བརྒྱད་དུས་སྦྱོར་ནི། །བཅུ་གཉིས་ཡུད་ཙམ་སུམ་ཅུ་དབུགས་ཉི་ཁྲི། །ཆིག་སྟོང་སུམ་བརྒྱ་ཆུ་སྲང་སུམ་སྟོང་དང་། །དྲུག་བརྒྱ་ཆུ་ཚོད་དྲུག་ཅུས་གོ་ལ་འཁོར། །
ཉི་མ་དང་ཟླ་བ་དང་རླུང་སྟེ་གོ་ལའི་འགྲོས་གསུམ་ལ་བརྟེན་ནས་ཁྱིམ་ཞག་དང་། ཚེས་ཞག་དང་། ཉིན་ཞག་རྣམས་བྱུང་ཞིང་། སྔ་མ་རིང་། བར་མ་ཐུང་། ཕྱི་མ་དེ་གཉིས་ཀྱི་བར་ཏེ་ཞིབ་པར་གོང་དུ་བཤད་ཟིན་པ་ལྟར་རོ། དེའང་ལོ་ཟླ་ལ་སོགས་པ་དུས་རྣམ་པར་གཞག་པའི་གཙོ་བོ་ནི་གོ་ལའི་འགྲོས་ལ་བརྟེན་པ་སྟེ། ཉིན་ཞག་གཅིག་ལ་དུས་སྦྱོར་བཅུ་གཉིས་ཡོད་པའི་དུས་སྦྱོར་བཞི་ལ་དུས་རེར་བྱས་པའི་དུས་གསུམ་དང་། དུས་སྦྱོར་གསུམ་ལ་ཐུན་མཚམས་རེར་བྱས་པའི་ཐུན་མཚམས་བཞི་དང་། དུས་སྦྱོར་ཕྱེད་དང་གཉིས་ལ་ཐུན་ཚད་རེར་བྱས་པའི་ཐུན་ཚོད་བརྒྱད་དང་། དབྱུ་གུ་ལྔ་ལ་དུས་སྦྱོར་རེ་བྱས་པའི་དུས་སྦྱོར་བཅུ་གཉིས་དང་། ཆུ་ཚོད་གཉིས་ལ་ཡུད་ཙམ་རེར་བྱས་པའི་ཡུད་ཙམ་སུམ་བཅུད་དང་། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་། དབུགས་དྲུག་ལ་ཆུ་སྲང་དུ་བྱས་པའི་སྲང་སུམ་བརྒྱ་དྲུག་ཅུ་དང་། ཆུ་སྲང་དྲུག་ཅུ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་དྲུག་ཅུས་ཞག་རེ་བཞིན་གོ་ལ་འཁོར་བར་འགྱུར་ལ། གཟའ་གཞན་ཡང་དེའི་རྗེས་སུ་འབྲངས་པས་འཇིག་རྟེན་དུ་རྒྱུ་ཞིང་ལེགས་ཉེས་ཀྱི་འབྲས་བུ་འབྱིན་བར་བྱེད་དོ། །
འདིར་ཞར་བྱུང་ལོ་ཟླའི་མགོ་འཛིན་པའི་ཚུལ་ཡང་མདོ་སྡེ་ཉི་མའི་སྙིང་པོར། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། སྟོན་ཟླ་ཐ་ཆུང་ཞེས་གྲགས་པ། ལོ་འགོར་བདག་གིས་བརྗོད་པར་བྱ། ཞེས་དང་པོར་ལོ་ལ་བཀོད་པའི་གོ་རིམ་གྱིས་རྒྱུ་སྐར་གྱི་དང་པོ་སྨིན་དྲུག་ཡིན་པས་ན་སྨིན་དྲུག་གི་ཟླ་བར་ལོ་འགོར་གསུངས་ཤིང་། འཇིག་རྟེན་གྱི་གྲགས་པས་དཔྱིད་ར་ལོ་འགོར་བྱེད་པ་ལ་འདུག་མངོན་ལས་ལུགས་དེ་གཉིས་ཀ་དང་། ཐ་སྐར་གྱི་ཟླ་བ་ལོ་འགོར་བྱེད་པའང་འབྱུང་ཞིང་། རྒྱ་རྩིས་པས་ཧོར་ཟླ་དང་པོ་སྟག་ལ་དཔྱིད་རར་བྱས་ནས་དེ་ལོ་འགོར་འཇོག་ཀྱང་དུས་ཀྱི་འཁོར་ལོ་འདིར་འཇིག་རྟེན་ཆགས་པའི་དབང་དུ་བྱས་པའི་ལོ་འགོ་དང་། ཉི་ཁྱིམ་གཙོ་བོར་བྱས་པའི་ལོ་འགོ་དང་། དགོས་པ་གཙོ་བོར་བྱས་པའི་ལོ་འགོ་སྟེ་གསུམ་ལས་དང་པོ་ནི། དབྱར་འབྲིང་ཀརྜའི་ཟླ་བ་ནས་འཛིན་ཏེ་འཇིག་རྟེན་ཆགས་ནས་ཆེར་མ་ལོན་པ་སྟོན་དཔྱིད་དང་ཉི་ཟླ་སོགས་མེད་པ་ན་ཉི་མ་ནབ་སོའི་བཞི་གསུམ་ཀཪྜའི་ཁྱིམ་གྱི་དང་པོ་ནས་ལོངས་སྤྱོད་སྐྱེས་པས་དུས་ཀྱི་དང་པོ་དབྱར་ཡིན་པར་གསུངས་སོ། གཉིས་པ་ནི། ཉི་མ་ལུག་ཁྱིམ་དུ་ཞུགས་པའི་དུས་ཏེ་གཟའ་སྐར་དང་དུས་ཉི་མས་ཉི་མའི་རྗེས་སུ་འབྲང་ཞིང་དེའི་ཁྱིམ་གྱི་དང་པོ་ལུག་ཡིན་པས་སོ། གསུམ་པ་ནི། ནས་ཟླའི་དཀར་ཚེས་གཅིག་ནས་ལོ་འགོ་འཛིན་པས་དུས་འཁོར་གསུངས་པའི་ཟླ་བ་ཡིན་པའི་ཕྱིར་རོ། །འདི་དང་འཇིག་རྟེན་པ་དང་ཕྱི་རོལ་བ་ནི་ཡར་ངོ་སྔོན་འགྲོར་བྱེད་པ། མཛོད་འགྲེལ་ལས་ཟླ་བ་ཐམས་ཅད་ནི་མར་གྱི་ངོ་སྔ་སྟེ་ཞེས་གསུངས་ཞིང་། སྡོམ་བརྩོན་དང་པོར་ངལ་བ་ལྟར་སྣང་ཡང་མཐར་རྒྱས་པར་འགྱུར་བའི་ཆོས་མཐུན་གྱིས་སངས་རྒྱས་པ་མར་ངོ་སྔོན་འགྲོ་བྱེད་པ་མང་བས་རྒྱུད་འགྲེལ་དུ་ཡང་ཕལ་ཆེར་མར་ངོ་སྔོན་འགྲོ་བྱས་ཀྱང་དགོས་པའི་དབང་གིས་རེས་འགའ་ཡར་ངོ་སྔོན་འགྲོར་ཡང་གསུངས་ལ། ཡང་རྩ་རྒྱུད་ལས་མར་ངོ་སྔོན་འགྲོ་དང་བསྡུས་རྒྱུད་དུ་མུ་སྟེཊ་གཞུག་ཕྱིར་ཡར་ངོ་སྔོན་འགྲོ་གསུངས་ཞེས་ཀྱང་གྲགས་སོ། །
ས་བཅད་བཞི་པ། ཇི་ལྟར་བརྩི་བའི་ཚུལ།
གཟའ་ཚེས་སྐར་སྦྱོར་བྱེད་པའི་ཡན་ལག་ལྔ། །གཟའ་ལྔ་སྒྲ་གཅན་ཏཏྐྲཱ་ལ་སྦྱོར་ཚུལ་བརྟག
དེ་ལྟར་བརྩི་བྱའི་གཞི་དང་རྩི་བྱེད་ཀྱི་གནས་རྣམས་ལེགས་པར་ངེས་ནས། ཉིན་རེ་ལ་སོགས་པའི་ངེས་པ་ཇི་ལྟར་རྩི་བའི་ཚུལ་ནི། ཉི་མ་སོགས་རེས་གཟའ་བདུན། ཐ་སྐར་སོགས་རེས་འགྲོགས་ཟླ་སྐར་རམ་ཚེས་ཀྱི་སྐར་མ། ཉི་མས་སྤྱོད་པའི་རྒྱུ་སྐར། སེལ་བ་ལ་སོགས་པའི་སྦྱོར་བ་ཉེར་བདུན། འཕོ་བའི་བྱེད་པ་བདུན་དང་རྟག་བྱེད་བཞི་སྟེ་ཡན་ལག་ལྔ་ཇི་ལྟར་འཆར་བ་དང་། དྲག་གཟའ་གསུམ། ཞི་གཟའ་གཉིས་ཏེ་གཟའ་ལྔ་པོ་རྒྱུ་སྐར་གྱི་ཡུལ་ལ་འགྲོས་བཞིས་ཇི་ལྟར་རྒྱུ་བ་དང་། སྒྲ་གཅན་གདོང་མཇུག་གང་དུ་སྤྱོད་པ། ཏཏྐྲཱ་ལ་སྟེ་དུས་སྦྱོར་གང་ཞིག་འཆར་བ། ཚེས་དང་དུས་ལ་རྩ་བ་དང་ཡན་ལག་གི་དབྱངས་འཆར་བའི་ཚུལ་རྣམས་ཞིབ་མོར་འཇུག་ཅིང་། འབྲས་བུ་བཟང་ངན་ལུང་སྟོན་པར་བྱེད་པ་དུས་འཁོར་ལས་གསུངས་པ་དང་། གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་དབྱངས་འཆར་བ་ལ་གཙོ་བོར་བརྟེན་ཅིང་མན་ངག་གནད་ཀྱི་འཁོར་ལོ་རྣམས་ཀྱིས་བླང་དོར་ལྐོག་གྱུར་མངོན་སུམ་དུ་སྟོན་པ་རྣམས་དང་། བརྩི་བྱ་འབྱུང་བ་ལྔ་ལ། རྩི་བྱེད་རང་བཞིན་གཞིའི་གཙུག་ལག་དང་། འབྱུང་བ་རང་རྒྱུད། སྣང་བ་ཡུལ། གཅོད་བྱེད་ཡིད། འཛིན་པ་སེམས་ཀྱི་གབ་ཙེ་བཞིས་བསྡུས་པའི་མ་རིག་འཁྲུལ་སྣང་གི་གཙུག་ལག་གཉིས་ཀྱི་སྒོ་ནས་ལེགས་ཉེས་ལུང་བསྟན་པ་འབྱུང་རྩིས་སམ་ནག་རྩིས་སུ་གྲགས་པ་སོགས་རྩིས་ཕྲན་གཞན་ཡང་བསླབ་པར་བྱའོ། །
རྩོམ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
འཕྲིན་སྟེགས། weikangba