འདི་ནི་མིག་སྔར་རང་རྒྱལ་གྱི་བོད་རིགས་ས་ཁུལ་དུ་རྙེད་པའི་གཞི་རྒྱ་ཆེས་ཆེ་བ་དང། ཁྱབ་ཁོངས་ཆེས་ཕྱོགས་འདུས་ཡིན་པའི་བོད་བཙན་པོ་དུས་སྐབས་ཀྱི་རྡོ་བརྐོས་སྐོར་ཞིག་ཡིན་པས། མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ཀྱི་ཐང་བོད་གནའ་ལམ་སྐོར་ལ་ཞིབ་འཇུག་བྱེད་པར་གལ་ཆེའི་དཔྱད་གཞི་ཡིག་ཆ་མཁོ་འདོན་བྱས། རྡོ་བརྐོས་འདི་དག་ལ་རྒྱ་དང་བོད། བལ་པོ་སོགས་ཀྱི་སྒྱུ་རྩལ་ཟུང་དུ་འབྲེལ་བའི་ཁྱད་ཆོས་ཡོད་པ་མ་ཟད། སེར་ཤུལ་ནི་ཐང་བོད་གནའ་ལམ་གྱི་གལ་ཆེའི་ས་གནས་ཤིག་ཡིན་པར་བདེན་པ་ར་སྤྲོད་བྱས་ཡོད། སྒྱུ་རྩལ་འབུམ་གྱི་ཉམས་འགྱུར་ངོམས་པའི་རྡོ་བརྐོས་འདི་དག་གིས་ང་ཚོ་ལ་བོད་བཙན་པོ་རྒྱལ་རབས་དུས་སྐབས་ཀྱི་ཆོས་ལུགས་ལོ་རྒྱུས་དང་ཆོས་ལུགས་སྒྱུ་རྩལ་སྐོར་གྱི་ལོ་རྒྱུས། ཐང་རྒྱལ་རབས་དང་བོད་བཙན་པོ་རྒྱལ་རབས་བར་གྱི་འབྲེལ་བ་བཅས་ཀྱི་སྐོར་ལ་ཧ་ཅང་རྩ་ཆེའི་དཔྱད་ཡིག་གི་སྟོང་ཆ་ཁ་བསྐངས་བྱས། ཐང་རྒྱལ་རབས་དུས་སྐབས་ཀྱི་རྒྱ་བཟའ་འུན་ཤིང་ཀོང་ཇོ་ནི་སྤྱི་ལོ་༦༤༠ལོར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བཙུན་མོར་བསུས། འོན་ཀྱང་ཀོང་ཇོ་བོད་དུ་འོང་བའི་ལམ་ཕྱོགས་སྐོར་ལ་རྒྱ་བོད་ཡིག་ཚང་ཀུན་ན་བཀོད་པ་ཆེས་ཉུང་ཞིང་། དེའི་སྐོར་གྱི་འདོད་ལུགས་མི་འདྲ་བ་མང་པོ་མཆིས་གཤིས། ད་ལྟའི་བར་དུ་ཡིད་རྟོན་རུང་བ་དང་ལོ་རྒྱུས་སྨྲ་བ་ཀུན་གྱིས་དགོངས་ཚུལ་གཅིག་འདྲེས་སུ་སོང་བ་ཞིག་མེད། མང་ཆེ་ཤོས་ཀྱིས་རྒྱ་མོ་བཟའ་འུན་ཤིང་ཀོང་ཇོ་ནི་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ནས་བྱང་ཕྱོགས་སུ་བརྒྱུད་དེ་མཚོ་སྔོན་ཟི་ལིང་ནས་དབུས་སུ་འོང་བར་བཞེད།འོན་ཀྱང་མཁས་པ་མང་པོས་ཤོད་ཚུལ་འདི་ལ་ཁས་ལེན་གནང་གིན་མེད། ད་ཐེངས་སེར་ཤུལ་རྫོང་གི་ཁོངས་སུ་བོད་བཙན་པོ་རྒྱལ་རབས་དུས་སྐབས་ཀྱི་རྡོ་བརྐོས་ཁག་གསུམ་གསར་དུ་རྙེད་པར་སེར་ཤུལ་ནི་བགྲང་བྱ་སྟོང་གི་ཡར་སྔོན་ནས་ཐང་རྒྱལ་དང་བོད་གཉིས་བར་ཕན་ཚུན་འགྲོ་འོང་བྱེད་སའི་འགག་མདོ་གནད་ཆེན་ཞིག་ཡིན་པར་བདེན་པ་ར་སྤྲོད་བྱས་ཡོད། དུས་མཚུངས་སུ་ལོ་རྒྱུས་ཀྱི་དབྱིངས་སུ་ཡལ་ཟིན་པའི་རྒྱ་མོ་བཟའ་འུན་ཤིང་ཀོང་ཇོ་བོད་དུ་འོང་བའི་བརྒྱུད་ལམ་སྐོར་གྱི་གསང་བའི་མཐིལ་བརྟོལ་ནས་ཞིབ་འཇུག་བྱེད་སའི་ཁ་ཕྱོགས་གསར་བ་ཞིག་རྙེད་པའང་སྲིད།

ཐེངས་འདིར་གསར་དུ་རྙེད་པའི་ཐང་བོད་རྡོ་བརྐོས་འདི་དག་ནི་སེར་ཤུལ་རྫོང་གི་ལོ་ཕྱུག་གྲོང་རྡལ་གྱི་པདྨ་ལྷ་རི་དང་ཁྲོམ་རྫ་འགབ་མ་ཡུལ་ཚོ།འབའ་དགའ་ཡུལ་ཚོའི་དབྱེར་གོ་སྡེ་བ་བཅས་སུ་ཡོད། ད་ལོའི་ཟླ5པར། གནའ་བོའི་ཕོ་བྲང་བཤམས་སྟོན་ཁང་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། ཧྲན་ཞི་ཞིང་ཆེན་རིག་དངོས་ཅུས་ཁྲོམ་རྫ་འགབ་མར་རྙེད་པའི་རྡོ་བརྐོས་རི་མོ་དང་ཡི་གེ།སོགས་གནའ་རྫས་རྟོག་ཞིབ་ཚན་ཞིབ་ལས་ཁུངས་ཀྱིས་སེར་ཤུལ་རྫོང་དུ་བོད་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་འདི་དག་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་རྟོག་ཞིབ་ཟབ་མོ་བྱས།གནའ་རྫས་རྟོག་ཞིབ་པ་ཆེད་མཁས་པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤེར་ཅིང་ཧྲན་གྱིས་རྡོ་བརྐོས་ཁག་འདི་དག་ནས་འདབ་ཆགས་ཀྱི་གཟུགས་དང་དབུ་རྒྱན་འདབ་མ་གསུམ་ལྡན་གྱི་ལྷ་སྐུ། བོད་ཀྱི་གནའ་ཡིག་ལས་རྒྱ་བོད་ཡིག་རིགས་ཟུང་གིས་མིང་རྟགས་བཀོད་ཡོད་པ་བཅས་རྙེད་བྱུང་། པདྨ་ལྷ་རིའི་རྡོ་བརྐོས་ཁག་གསར་རྙེད་བྱུང་བ་འདི་དེ་བས་གལ་ཆེན་པོ་རེད། རྡོ་བརྐོས་ཁག་གི་གནའ་བོའི་བོད་ཡིག་ལ་བལྟས་ན་དུས་རབས་བརྒྱད་པའི་མཇུག་ནས་དུས་རབས་དགུ་པའི་དུས་མགོའི་བར་གྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཡིན་པ་དཔོག་ཐུབ། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་དུས་ཚོད་ལས་ལོ་100ཡས་མས་འཕྱི་རུང་བོད་བཙན་པོ་རྒྱལ་རབས་དུས་སྐབས་ཀྱི་ཆོས་ལུགས་མཛེས་རྩལ་སྐོར་ལ་ཞིབ་འཇུག་བགྱིས་པར་གལ་ཆེའི་དཔྱད་གཞིའི་རྒྱུ་ཆ་ཡིན་པ་རེད་ཅེས་བསྟན།རྒྱ་བོད་ཡིག་རིགས་གཉིས་ཀས་མཚན་བཀོད་ཡོད་པ་འདིས་སེར་ཤུལ་དུ་བོད་བཙན་པོ་རྒྱལ་རབས་དུས་ནས་རྒྱ་བོད་རིག་གནས་ཕན་ཚུན་བརྗེ་རེས་བྱེད་སྲོལ་ཡོད་པ་བདེན་དཔང་བྱས། སྔོན་ཆད་སྲོལ་རྒྱུན་ལྟར་ཐང་བོད་གནའ་ལམ་སྐོར་ལ་ཞིབ་འཇུག་བྱེད་པར་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་ལས་ལྷོ་རྒྱུད་ཕྱོགས་སུ་འཚོལ་ཉུལ་བྱེད་མཁན་ཧ་ཅང་ཉུང། ཐེངས་འདིར་རྡོ་བརྐོས་ཁག་གཅིག་གསར་རྙེད་བྱུང་བས་སེར་ཤུལ་ནི་ཐང་བོད་གནའ་ལམ་གྱི་བརྒྱུད་ལམ་ན་གལ་ཆེ་བའི་འབྲེལ་མཐུད་འགག་གནས་ཞིག་ཡིན་པ་དང་གནས་འདི་ནི་ཐང་རྒྱལ་རབས་དང་བོད་བཙན་པོ་རྒྱལ་རབས་གཉིས་བར་འགྲོ་འོང་བྱེད་སའི་གལ་ཆེ་བའི་བརྒྱུད་ལམ་ཞིག་ཡིན་པ་ཤེས་ཐུབ།།
བོད་བཙན་པོའི་རྒྱལ་རབས་དུས་སྐབས་སུ་རིག་གནས་མཉམ་འདྲེས་ཁྲོད་རྒྱ་བོད་བལ་གསུམ་གྱི་སྒྱུ་རྩལ་ཁྱབ་སྤེལ་བྱུང་ཡོད།
༢༠༡༣ལོའི་དཔྱིད་མགོར། གནའ་རྫས་རྟོག་ཞིབ་པ་ཚོ་འཕྲེད་གཉིས་སུ་བརྐྱངས་ཡོད་པའི་འབྲི་ཆུའི་བཀལ་ཟམ་བརྒྱུད་ནས་འགྲོ་སྐབས། ཆུའི་ངོས་སུ་མངོན་ཡོད་པའི་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་ན་དབུ་རྒྱན་འདབ་མ་གསུམ་ལྡན། བོད་བཙན་པོའི་དུས་ཀྱི་ཆས་ལུགས་སྤྲས་ཡོད་པའི་གནའ་བོའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་མཚོན་ཡོད་པའི་རྡོ་བརྐོས་སྐུ་བརྙན་ཞིག་གསར་དུ་རྙེད།
རྡོ་བརྐོས་ཁག་གི་ནང་དོན་ཆ་ནས་བལྟས་ན། ཆོས་ཕྱོགས་ཀྱི་ནང་དོན་བཀོད་པ་ཆེས་མང་བ་དང་འཇིག་རྟེན་སྐོར་གྱི་ནང་དོན་ཡང་ཡོད། ལྷ་སྐུ་རི་མོ་འདི་དག་བརྐོ་བར་དུས་ཚོད་རིང་པོ་དང་གླ་ཡོན་ཆེན་པོ་སྤྲད་དགོས་པས་ཕལ་ཆེར་གཞུང་གི་བྱ་སྤྱོད་ཅིག་ཡིན་པར་ཐག་གཅོད་བྱེད་ཐུབ་ཟེར། ལོ་ཝན་ཧྭ་ཡིས་ད་དུང་བསྟན་དོན། རྡོ་བརྐོས་འདི་དག་གིས་བོད་བཙན་པོ་རྒྱལ་རབས་དུས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་རྣམ་པ་དང་ཁྱད་ཆོས་ང་ཚོའི་གཟིགས་མོ་རུ་ལྷང་སེ་མངོན་ཐུབ། དུས་མཚུངས་སུ་བོད་བཙན་པོ་རྒྱལ་རབས་དུས་ནས་སེར་ཤུལ་ཁོངས་ཀྱི་འབྲི་ཆུའི་རྒྱུད་དང་རྫ་ཆུའི་རྒྱུད་དུ་རྒྱ་དང་བོད། བལ་པོ་བཅས་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྒྱུ་རྩལ་རིག་གནས་མཉམ་འདྲེས་བྱུང་ཡོད་པ་ཤེས་ཐུབ།ཆེད་མཁས་པས་གནའ་བོའི་དུས་ནས་སེར་ཤུལ་དེ་ཐང་བོད་གནའ་ལམ་གྱི་འགངས་ཆེ་བའི་བརྒྱུད་ལམ་ཞིག་ཡིན་པས་ཚོང་བ་འབོར་ཆེན་འགྲོ་འོང་དང་གནས་འདིར་འཚོ་སྡོད་བྱས་མྱོང་ངེས་ཡིན། རྗེས་སུ་འབྲི་ཆུ་དང་རྫ་ཆུའི་རྒྱུད་དུ་གནའ་བོའི་བང་སོ་མང་པོ་རྙེད་རྒྱུ་ཡོད་ངེས་པས་ང་ཚོས་གོམ་གང་མདུན་སྤོས་ཀྱིས་གནས་འདིར་བང་སོ་འཚོལ་ཞིབ་སྐོར་གྱི་ལས་ཀ་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཞེས་བསྟན།། །།