སྒྱུ་མའི་དཔེ་བརྒྱད་ཀྱི་ཞལ་གདམས།

2015-06-08
365
༄༅། ། ཨོཾ་མ་ཎི་པད་མེ་ཧྰུཾ།  ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། ཐུགས་རྗེ་ཆེན་པོའི་གདམས་པ་སྒྱུ་མའི་དཔེ་བརྒྱད་ལ།  ལུས་སྤྲུལ་པ་དང་འདྲ་སྟེ་འབྱུང་བ་འདུས་པ་ཡིན་པས་ཐུབ་པ་མེད།  ཁང་ཁྱིམ་དྲི་ཟའི་གྲོང་ཁྱེར་དང་འདྲ་སྟེ་རང་སར་མི་གནས་པར་འཇིག  འཁོར་གཡོག་འབྲེལ་བ་རྨི་ལམ་དང་འདྲ་སྟེ་མི་རྟག་པར་འབྲལ།  ལོངས་སྤྱོད་སྒྱུ་མ་དང་འདྲ་སྟེ་མི་སྟོངས་པར་འཛད།  སྣང་སྲིད་ཐམས་ཅད་ཆུ་ཟླ་དང་འདྲ་སྟེ་རང་བཞིན་མེད་པར་སྟོང་།  སྙན་གྲགས་ཐམས་ཅད་བྲག་ཆ་དང་འདྲ་སྟེ་གྲག་པའི་དུས་ན་རང་བཞིན་མེད།  ཟས་སྐོམ་མིག་སྒྱུ(སྨིག་རྒྱུ)དང་འདྲ་སྟེ་ཚིམ་པ་མེད་པར་འདོད།  སེམས་ཅན་ནམ་མཁའ་དང་འདྲ་སྟེ་དངོས་པོ་མེད་པར་གསལ།  ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་འདྲ་བས་མི་བདེན་པར་གདའ་བ་གཟིགས་སམ།  དེ་ལས་ཟློག་ནས་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་གོ་དགོས་ཏེ།  སྒྱུ་མའི་སྐྱེས་བུ་དང་འདྲ་རྟ་དང་གླང་པོ་ལ་སོགས་པ་སྣང་ཡང་དོན་དམ་དུ་མ་གྲུབ་པ་ལྟར།  འདི་ལྟར་གྱི་སྣང་བ་ཐམས་ཅད་ཅིར་སྣང་ཡང་དོན་ལ་མ་གྲུབ་པར་ཤེས་པར་བྱ།  སྤྲུལ་པས་འགྲོ་འོང་གི་བྱ་བ་བྱས་ཀྱང་དོན་ལ་བྱེད་པ་མེད་པ་ལྟར།  སངས་རྒྱས་ཀྱི་སྤྱོད་པས་འགྲོ་བ་འདྲེན་ཡང་དོན་ལ་བྱས་པ་མེད་པར་ཤེས་པར་བྱ།  སྨིག་རྒྱུ་ཆུར་སྣང་ཡང་དོན་ལ་གྲུབ་པ་མེད་པ་ལྟར།  སྣང་བ་སྣ་ཚོགས་སུ་སྣང་ཡང་འཁྲུལ་སྣང་ཡིན་པར་ཤེས་པར་བྱ།  རྨི་ལམ་དུ་བདེ་སྡུག་ཇི་ལྟར་སྣང་ཡང་གཉིད་སད་ནས་བདེན་པ་མེད་པ་ལྟར།  བདག་འཛིན་འཁྲུལ་བ་ཡིན་པས་བདེན་མེད་དུ་ཤེས་པར་བྱ།  བྲག་ཆ་བྲག་ལས་གྲག་ཀྱང་བརྗོད་མཁན་རང་སར་གྲོལ་བ་ལྟར།  སྙན་མི་སྙན་ཅི་བརྗོད་ཀྱང་ངོ་བོ་གྲག་སྟོང་དུ་ཤེས་པར་བྱ།  དྲི་ཟའི་གྲོང་ཁྱེར་སྣང་ཡང་དངོས་པོ་མེད་པ་ལྟར།  ཡུལ་གྱི་སྣང་བ་ཐམས་ཅད་སྣང་ཡང་དངོས་པོར་མ་གྲུབ་པར་ཤེས་པར་བྱ།  ཆུ་ཟླ་གཟུགས་བརྙན་དུ་སྣང་ཡང་རང་བཞིན་མེད་དེ་སྟོང་པ་ལྟར།  གཟུགས་སུ་སྣང་བ་ཐམས་ཅད་དོན་ལ་རང་བཞིན་མེད་པར་ཤེས་པར་བྱ།  ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་འདྲ་བས་དོན་དམ་པའི་ཆོས་ལ་དངོས་པོ་དང་མཚན་མ་མེད་པར་ཤེས་པར་བྱའོ། ། དེ་ཡང་ཀུན་རྫོབ་ཏུ་ལུས་ཐུགས་རྗེ་ཆེན་པོའི་སྐུ་སྣང་བ་རང་བཞིན་མེད་པ་གསལ་ལ་རྟོགས་པ་མེད་པར་སྒོམ།  ངག་གྲག་སྟོང་ཨོཾ་མ་ཎི་པད་མེ་ཧྰུཾ། བྲག་ཆ་ལྟ་བུར་བཟླས།   སེམས་གསལ་སྟོང་ནམ་མཁའ་ལྟ་བུར་བཅོས་པའི་ངང་ལ་བཞག  དེ་ལྟར་ཉམས་སུ་བླངས་པས་ལུས་ལྷར་གྲོལ།  ངག་སྔགས་སུ་གྲོལ།  ཡིད་ཆོས་ཉིད་དུ་གྲོལ་ནས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་མྱུར་དུ་འགྲུབ་བོ།  སྒྱུ་མའི་དཔེ་བརྒྱད་ཀྱི་ཞལ་གདམས། །ཨྠིི། །
  • 顶