རང་རེའི་ཡུལ་དང་མི་ལ་བོད་ཅེས་མིང་སྤྱོར་བར་བྱེད་པས་ན། མིང་དེ་ཇི་ལྟར་བྱུང་བ་དང་། དེའི་གོ་དོན་གང་ཡིན་སྐོར་ལ་མཁས་དབང་དགེ་འདུན་ཆོས་འཕེལ་ལས་གཞན་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཡིག་ཚང་ཁག་གང་དུའང་དེའི་འགྲེལ་བཤད་འཁོད་པ་ཞིག་མ་མཐོང་ཞིང་། ཉེ་རབས་ཀྱི་ལོ་རྒྱུས་སྨྲ་བ་དང་། དེང་རབས་ཀྱི་མཁས་པ་སུས་ཀྱང་གསལ་ཐག་ཆོད་ངེས་པའི་གསུང་བྱོན་པ་མེད། དེ་ཡང་མཁས་དབང་དགེ་ཆོས་ཀྱི་《དེབ་དཀར》ལས་ཐ་སྙད་འདི་ལ་ཐོག་མའི་དཔྱད་པ་གནང་ཡོད་པ་ནི། བོད་ཅེས་བྱ་བའི་ཚིག་དེའི་དོན་གང་ཡིན་ཟེར་ན། རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད་ཅེས་གསུངས་ཤིང་། ཡང་། རྒྱལ་པོའི་མཚན་ཡུལ་ལ་ཐོགས་པའམ། བོད་ཀྱི་ཡུལ་ཞེས་པ་ཟུར་ཆག་པ་སོགས་དཔྱད་གཞི་འགའ་རེ་འདོན་གནང་མཛད་པ་ལས། ཚིག་ཐག་བཅད་གནང་མཛད་མེད་ལ། དེང་དུས་ཁ་ཅིག་གིས་འབོད་པ་ཞེས་པའི་ཐ་སྙད་འདི་ལས་བོད་བྱུང་བར་བཤད། ཁ་ཅིག་གིས་བོད་མི་འདི་འོད་གསལ་ལྷ་ལས་ཆད་པས་འོད་དེ་བོད་དུ་འགྱུར་བར་ཡང་བཤད་། ཁ་ཅིག་གིས་ད་རུང་རོང་འབྲོག་གཉིས་ཀྱི་མཚམས་དྲོད་གྲང་སྙོམས་པའི་ཞིང་ལས་ས་ཁུལ་ལ་ཐོག་མའི་དུས་སུ་བོད་ཅེས་ཐོགས་པས་རིམ་གྱིས་དེ་སྤྱི་མིང་རོང་འབྲོག་གཉིས་ཀྱི་མཚམས་དྲོད་གྲང་སྙོམས་པའི་ཞིང་ལས་ས་ཁུལ་ལ་ཐོག་མའི་དུས་སུ་བོད་ཅེས་ཐོགས་པས་རིམ་གྱིས་དེ་སྤྱི་མིང་དུ་གྱུར་པར་བཤད་པ་དང་། ཡང་འགའ་ཞིག་གིས་ནི་རྒྱ་གར་པས་བོད་ལ་བྷོ་ཊ་ཞེས་འབོད་པ་ལས་ཟུར་ཆག་ཚུལ་སོགས་བཤད་ཚུལ་མང་ཡང་། མདོར་བསྡུས་དོན་གྱི་སྙིང་པོ་དྲོལ་ཏེ་ངོ་སྤྲོད་བྱས་ན། བོད་ཅེས་བྱ་བ་འདི་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གང་ཡིན་གསལ་ཐག་མི་ཆོད་ནའང་། ཡུལ་གཞན་དང་མི་རིགས་གཞན་གྱིས་ཚུར་བཏགས་པ་ཞིག་མ་ཡིན་པར་ཆེས་སྔ་མོ་ཞིག་ནས་རང་སྐད་དུ་བོད་ཅེས་པའི་མིང་འདི་བྱུང་ཡོད་པར་མངོན་ཏེ། གདོད་མའི་དུས་སུ་བོད་ཡུལ་འདིར་གནོད་སྦྱིན་ལ་སོགས་མི་མ་ཡིན་གྱི་དབང་མཛད་བཅུ་སོགས་བྱུང་མྱོང་བའི་བརྒྱད་རིམ་ནང་དུ། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁ་དྲུག་ཟེར། བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུར་བཏགས། །ཞེས་གསལ་བས་ཐོག་་དེ་དུས་ནས་ཡོད་པ་འདི་ལས་ཤུགས་ཀྱིས་རྟོགས་ཐུབ་པའི་གནས་སོ། །གོང་དུ་བསྟན་པའི་མཚོ་བྲི་ནས་ཡུལ་ཁམས་ཀྱི་རྣམ་པ་དོད་རག་བར་དུ་ལོ་ངོ་བྱེ་བ་དུ་མས་ཆོད་པ་ཁས་ལེན་ན། ཡུལ་ཁམས་དོད་པ་ནས་སེམས་ཅན་སྣ་ཚོགས་བྱུང་ཞིང་འཕེལ་བ་དང་། སྤྲ་སྤྲེལ་གྱི་འགྲོ་བ་བྱུང་ཚུལ་། དེ་མི་རུ་གྱུར་པའི་བར་བཅས་རེ་རེ་བསྡོམས་ནའང་དུས་ཡུན་ཧ་ཅང་རིང་པོ་ཞིག་འདས་ཡོད་པའང་རིགས་པས་དཔྱད་ན་རྟོགས་སླ་བ་ཞིག་རེད། འོན་ཀྱང་དུས་སྐབས་དེ་དང་དེའི་ལོ་རྒྱུས་ནི་གསལ་ཆ་སུ་ལའང་མེད་ཅིང་ཡི་གེར་བཀོད་པ་གང་ཡང་མེད་པས། སྐབས་འདིའི་ཞལ་ཐང་ངོས་སུ་དེ་དང་དེའི་ལོ་རྒྱུས་གསལ་དག་གི་ཁྱད་ཆོས་རྫོགས་པ་ཞིག་བཞེངས་པར་སྐབས་དེའི་གོམས་གཤིས་ཆ་ལུགས་དང་བཅས་པ་ཞིབ་གསལ་དུ་བཀོད་པའི་ཡིག་ཆ་མེད་ན་ཧ་ཅང་ཁག་པའི་གནས་ལགས།
《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ》ཞེས་པ་ལས་བཤུས།
རྩོམ་པ་པོ། བིས་མདོ་རྡོ་རྗེ་རིན་ཆེན།
འཕྲིན་སྟེགས། weikangba