རིག་ལམ་དངོས་བཤད་པ།
རྩོམ་པ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
ས་བཅད་དང་པོ། བསྡུས་པ་རྒྱས་པར་བཤད་པ།
གཅིག མདོར་བསྟན་པ།
ཡུལ་དང་ཡུལ་ཅན་དེ་རྟོགས་བྱེད་པའི་ཐབས།
གཏན་ཚིག་རིག་པ་ཐམས་ཅད་ཡུལ་དང་། ཡུལ་ཅན་དང་། དེ་རྟོགས་པར་བྱེད་པའི་ཐབས་གསུམ་ལས་འཕྲོས་པའོ།།
གཉིས། རྒྱས་པར་བཤད་པ།
༡.ཡུལ།
ཡུལ་ཤེས་གཞལ་བྱ་གོ་ཡུལ་རྟོགས་བྱ་སྟེ།
ཚད་མས་རྟོགས་པར་བྱ་བ་ནི་ཤེས་བྱ་ཡིན་ལ། ཡུལ་དང་ཤེས་བྱ་གཞལ་བྱ་རྣམས་གཙོ་བོར་དོན་གཅིག་ཡིན་པས། ཡུལ་གྱི་མཚན་ཉིད་གོ་བར་བྱ་བའམ་རིག་པར་བྱ་བ། ཤེས་བྱའི་མཚན་ཉིད་བློ་ཡི་ཡུལ་དུ་བྱར་རུང་བ། གཞལ་བྱའི་མཚན་ཉིད་ཚད་མས་རྟོགས་པར་བྱ་བའོ།།
ཡུལ་ལ་ངོ་བོ་དངོས་པོ་དངོས་མེད་དང་། འདུས་བྱས་མ་བྱས་རྟག་དང་མི་རྟག་གོ
ཡུལ་ལ་ངོ་བོའི་སྒོ་ནས་དབྱེ་ན་དངོས་པོ་དང་དངོས་མེད། འདུས་བྱས་དང་འདུས་མ་བྱས། རྟག་པ་དང་མི་རྟག་པའི། མཚན་ཉིད་རིམ་པ་བཞིན། དོན་བྱེད་ནུས་པ། དོན་བྱེད་ནུས་སྟོང་དཔེར་ན་ནམ་མཁའ་ལྟ་བུ། རང་གི་རྒྱུ་རྐྱེན་ལས་སྐྱེས་པ། རང་གི་རྒྱུ་རྐྱེན་ལས་མ་སྐྱེས་པ། མི་འཇིག་པའི་ཆོས། རང་གྲུབ་དུས་ལས་དུས་གཉིས་པར་མི་སྡོད་པའི་དངོས་པོ་རྣམས་སོ།།
དངོས་ལ་བེམ་རིག་རྒྱུ་འབྲས་ནང་གསེས་བཅས།
དངོས་པོ་ལ་ངོ་བོའི་སྒོ་ནས་དབྱེ་ན་བེམ་རིག་གཉིས། དང་པོའི་མཚན་ཉིད་རྡུལ་དུ་གྲུབ་པ། གཉིས་པའི་མཚན་ཉིད་ཡུལ་རིག་པ། བེམ་པོ་ལ་དབྱེ་ན། ཕྱི་དོན་བེམ་པོ་དང་ནང་དོན་བེམ་པོ་གཉིས། མཚན་ཉིད་རིམ་བཞིན། ཕྱིའི་རྡུལ་དུ་གྲུབ་པ་དང་ནང་གི་རྡུལ་དུ་གྲུབ་པ། ཕྱི་དོན་བེམ་པོ་ལ་དབྱེ་ན། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ། མཚན་ཉིད་རིམ་བཞིན། བེམ་པོ་གང་ཞིག་མིག་རྣ་སྣ་ལ་སོགས་པའི་དབང་ཤེས་ཀྱི་དངོས་ཡུལ་དུ་གྱུར་ག ནང་དོན་བེམ་པོ་ལ་དབྱེ་ན། མིག རྣ། སྣ། ལྕེ། ལུས་ཀྱི་དབང་པོ་གཟུགས་ཅན་ལྔ། མཚན་ཉིད། ནང་དོན་བེམ་པོ་གང་ཞིབ། མིག་སོགས་དབང་ཤེས་ཀྱི་བདག་རྐྱེན་དུ་རུང་བ། དངོས་པོ་ལ་བྱེད་པའི་སྒོ་ནས་དབྱེ་ན་རྒྱུ་དང་འབྲས་བུ་གཉིས། མཚན་ཉིད། ཆོས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་དོན་གཞན་ཕྱི་མ། རྒྱུ་ལ་ངོ་བོའི་སྒོ་ནས་དབྱེ་ན། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས། མཚན་ཉིད་རིམ་བཞིན་ཆོས་དེའི་གང་ཞིག ཆོས་དེའི་རྒྱུ་དང་ཁྱོད་ཀྱི་འབྲས་བུ་གཉིས་ཀ་ཡིན་པ་མེད་པ་ས་བོན་དང་མྱུ་གུ་ལྟ་བུ། གང་ཞིག་ཆོས་དེའི་རྒྱུ་དང་ཁྱོད་ཀྱི་འབྲས་བུ་གཉིས་ཀ་ཡིན་པ་ཡོད་པ་རྒྱུ་ས་བོན་ལས་རིམ་པར་མྱུ་གུ་སོགས་མཐར་འབྲས་བུ་ལྟ་བུའོ། རྒྱུ་ལ་གཙོ་ཕལ་གྱི་དབྱེ་བ་དང་རྐྱེན་བཞིའི་དབྱེ་བ་སོགས་ནང་གསེས་མང་ཞིག ཞར་བྱུང་དུས་གསུམ་སོགས་ནི། འདས་པའི་མཚན་ཉིད་ཐལ་ཟིན་པ། མ་འོངས་པའི་མཚན་ཉིད་མ་སླེབ་ཅིང་ཐལ་མ་ཟིན་པ། ད་ལྟར་གྱི་མཚན་ཉིད་སྐྱེས་ལ་མ་འགག་པ། རགས་པའི་མཚན་ཉིད་རང་གི་བདག་ཉིད་དུ་གྱུར་བའི་ཕྱོགས་ཆ་ཡོད་པའི་རྡུལ། དཔེ་བུམ་པ་ལྟ་བུ། ཆ་མེད་ཀྱི་རྡུལ་གྱི་མཚན་ཉིད་རང་གི་བདག་ཉིད་དུ་གྱུར་པའི་ཕྱོགས་ཆ་མེད་པའི་རྡུལ། དཔེ་མདུན་གྱི་རྡུལ་ཆུང་ཐ་གཅིག་ལྟ་བུའོ། རྒྱུན་གྱི་མཚན་ཉིད། རང་གི་བདག་ཉིད་དུ་གྱུར་པའི་སྐད་ཅིག་སྔ་ཕྱི་དུ་མ་ཡོད་པའི་དངོས་པོ། དཔེ་ལོ་ལྟ་བུའོ། སྐད་ཅིག་ཆ་མེད་ཀྱི་མཚན་ཉིད། རང་གི་བདག་ཉིད་དུ་གྱུར་པའི་སྐད་ཅིག་སྔ་ཕྱི་མེད་པའི་དངོས་པོ། དཔེ་ཡི་གེའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་དྲུག་ཅུའི་དང་པོ་ལྟ་བུའོ།།
བྱེད་ཚུལ་དབྱེ་བ་སྣང་ཞེན་འཇུག་ཡུལ་གསུམ།
ཡུལ་ལ་ཡུལ་དུ་བྱེད་ཚུལ་མི་འདྲ་བའི་སྒོ་ནས་དབྱེ་ན། སྣང་ཡུལ་ལམ་གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་གསུམ། གཟུང་ཡུལ་གྱི་མཚན་ཉིད། སྣང་ནས་རིག་པར་བྱ་བ་དོན་སྤྱི་ལྟ་བུ། ཞེན་ཡུལ་གྱི་མཚན་ཉིད། ཞེན་ནས་རིག་པར་བྱ་བ། ཁང་པ་གཞན་ན་གནས་པའི་མིའི་སྡོད་ལུགས་ལྟ་བུ། འཇུག་ཡུལ་གྱི་མཚན་ཉིད། བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་སླུ་བ། དཔེར་ན་སོ་ནམ་བྱེད་པའི་སྐྱེས་བུ་ལ་ས་བོན་དང་ཆུ་ལུད་དྲོད་གཤེར་ཚོགས་པའི་ཞིང་ལྟ་བུ་སྟེ་འདི་གསུམ་ལའང་ནང་གསེས་དབྱེ་བ་མང་ངོ་།།
གཞལ་བྱ་རྟོགས་ཚུལ་རང་དང་སྤྱི་མཚན་ནམ། མངོན་ལྐོག་ཤིན་ལྐོག་བརྗོད་བྱ་ཞར་ལ་བཞག
གཞལ་བྱ་ལ་རྟོགས་ཚུལ་གྱི་སྒོ་ནས་དབྱེ་ན། རང་མཚན་དང་སྤྱི་མཚན་གཉིས་སམ། ཡང་ན་གཞལ་བྱ་མངོན་གྱུར་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་གསུམ་སྟེ། དེ་ལ་རང་མཚན་གྱི་མཚན་ཉིད། དོན་དམ་པའི་དོན་བྱེད་ནུས་པ། དཔེར་ན་སྔོན་པོ་ལྟ་བུའོ། སྤྱི་མཚན་གྱི་མཚན་ཉིད་དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། རྟོག་པ་ཝལ་ཡུལ་དུས་འདྲེས་པར་སྣང་བའི་སྣང་ཡུལ། དཔེར་ན་རྟོག་པ་ལ་ལྟོ་ལྡིར་ཞབས་ཞུམ་སྣང་བལྟ་བུའོ། གཞལ་བྱ་མངོན་གྱུར་གྱི་མཚན་ཉིད་མངོན་སུམ་ཚད་མས་རྟོགས་པར་བྱ་བ། དཔེར་ན་སྔོན་པོ་ལྟ་བུའོ། གཞལ་བྱ་ལྐོག་གྱུར་གྱི་མཚན་ཉིད་རྗེས་དཔག་ཚད་མས་རྟོགས་པར་བྱ་བ། དཔེར་ན་སྔོན་པོ་མི་རྟག་པ་ལྟ་བུའོ། ཡང་ན་དེ་གཉིས་ཀྱི་མཚན་ཉིད། མྱོང་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ་དང་། རྟགས་སྟོབས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་མཚན་ཉིད་དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་རྟོགས་པར་བྱ་བ། དཔེར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ལྟ་བུའོ། བརྗོད་བྱའི་མཚན་ཉིད་བརྡ་ལས་གོ་བར་བྱ་བ། འདི་ལའང་ཞེན་པའི་བརྗོད་བྱ་དང་། དངོས་ཀྱི་བརྗོད་བྱ། ཡང་ན་འཆད་དུས་འཇུག་དུས་ཀྱི་བརྗོད་བྱ་མཆིས་པའང་ཡུལ་གྱི་ཞར་བྱུང་དུ་རྣམ་པར་གཞག་གོ །
༢.ཡུལ་ཅན།
ཡུལ་ཅན་གོ་བྱེད་རྗོད་དང་ཤེས་པ་གཉིས།
ཡུལ་དེ་དག་ལ་རྟོག་པར་བྱེད་པའི་ཡུལ་ཅན་གྱི་མཚན་ཉིད་གོ་བྱེད་དམ་རིག་བྱེད། དབྱེ་ན་རྗོད་བྱེད་དང་ཤེས་པ་གཉིས། རྗོད་བྱེད་ཀྱི་མཚན་ཉིད། བརྡའི་དབང་གིས་བརྗོད་བྱ་གོ་བྱེད། ཤེས་པའི་མཚན་ཉིད། བེམ་པོ་ལས་ལོག་པའི་གསལ་ཞིང་རིག་པའོ།།
རྗོད་བྱེད་ངོ་བོ་མིང་ཚིག་ངག་དང་གསུམ། ། བརྗོད་བྱ་རིགས་བརྗོད་ཚོགས་བརྗོད་རྗོད་པའི་ཚུལ། ། ཆོས་དང་ཆོས་ཅན་མི་ལྡན་གཞན་ལྡན་གཅོད། ། འཆད་དུས་ཞེན་དངོས་ཡི་གེ་གང་ཟག་ཀྱང་། །
རྗོད་བྱེད་ལ་ངོ་བོའི་སྒོ་ནས་དབྱེ་ན། མིང་ཚིག་གསུམ། མིང་གི་མཚན་ཉིད་ཡུལ་གྱི་ངོ་བོ་ཙམ་རྗོད་བྱེད། དཔེར་ན་བུམ་པ་ཞེས་པ་ལྟ་བུ། ཚིག་གི་མཚན་ཉིད། ཡུལ་གྱི་ངོ་བོ། ཡང་ཁྱད་ཆོས་དང་སྦྱར་ནས་རྗོད་བྱེད། དཔེར་ན་བུམ་པ་ཆུང་ངུ་ཞེས་པའི་སྒྲ་ལྟ་བུ། ངག་གི་མཚན་ཉིད། ཡུལ་གྱི་ཁྱད་ཆོས་ཀྱང་འཇུག་ལྡོག་གི་གཞི་དང་སྦྱར་ནས་རྗོད་བྱེད། དཔེར་ན་བུམ་པ་ཆུང་ངུས་ཆུ་སྐྱོར་ཅིག་ཅེས་པའི་སྒྲ་ལྟ་བུའོ། རྗོད་བྱེད་ལ་བརྗོད་བྱའི་སྒོ་ནས་དབྱེ་ན། རིགས་རྗོད་ཀྱི་སྒྲ་དང་ཚོགས་རྗོད་ཀྱི་སྒྲ་དང་གཉིས། དང་པོའི་མཚན་ཉིད་རང་གིས་ཟིན་པར་བརྗོད་པའི་བརྗོད་བྱའི་དོན་དེ་ཡིན་ན་རིགས་སྤྱི་ཡིན་པ། དཔེར་ན་གཟུགས་ཞེས་པའི་སྒྲ་ལྟ་བུའོ། ཚོགས་རྗོད་ཀྱི་སྒྲའི་མཚན་ཉིད། རང་གིས་ཟིན་པར་བརྗོད་པའི་བརྗོད་བྱ་ཡིན་ན། རྡུལ་རྫས་བརྒྱད་འདུས་པའི་གོང་བུ་ཡིན་པ། དཔེར་ན་རི་བོ་གངས་ཅན་ཞེས་པའི་སྒྲ་ལྟ་བུའོ། བརྗོད་བྱ་ལ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། ཆོས་བརྗོད་ཀྱི་སྒྲ་དང་། ཆོས་ཅན་བརྗོད་པའི་སྒྲ་གཉིས། དང་པོའི་མཚན་ཉིད་རང་གིས་ཟིན་པར་བརྗོད་བྱའི་ཁྱད་ཆོས་གཞན་རྣམས་རང་གི་བརྗོད་བྱར་སྤངས་པའི་སྒོ་ནས་བརྗོད་བྱ་གོ་བྱེད། དཔེར་ན་བ་གླང་རྟ་མིན་པ་ཉིད་ཡིན་ནོ། ཞེས་པའི་སྒྲ་ལྟ་བུའོ། ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། རང་གིས་ཟིན་པར་བརྗོད་པའི་བརྗོད་བྱའི་ཁྱད་ཆོས། གཞན་རྣམས་རང་གི་བརྗོད་བྱར་མ་སྤངས་པའི་སྒོ་ནས་བརྗོད་བྱ་གོ་བྱེད། དཔེར་ན་བ་གླང་རྟ་མ་ཡིན་པ་ཡིན་ནོ། ཞེས་པའི་སྒྲ་ལྟ་བུའོ། རྗོད་བྱེད་ལ་རྣམ་གཅོད་གྱི་སྒོ་ནས་དབྱེ་ན། མི་ལྡན་རྣམ་གཅོད་ཀྱི་སྒྲ་དང་། གཞན་ལྡན་རྣམ་གཅོད་ཀྱི་སྒྲ་དང་། མི་སྲིད་རྣམ་གཅོད་ཀྱི་སྒྲ་དང་གསུམ། མཚན་ཉིད་རིམ་པ་བཞིན། ཚིག་ཕྲད་ཁྱད་ཆོས་ཀྱི་འོག་དེ་མ་ཐག་པར་སྦྱར་ནས་རྗོད་བྱེད། ཁྱད་གཞི་འོག་དེ་མ་ཐག་པར་སྦྱར་ནས་རྗོད་བྱེད། བྱ་བ་སྲིད་པའི་འོག་དེ་མ་ཐག་པར་སྦྱར་ནས་རྗོད་བྱེད། དཔེ་རིམ་བཞིན། ནག་པ་འཕོངས་སྐྱེན་པ་ཁོ་ན་ཞེས་བརྗོད་པའི་སྒྲ་དང་། སྲིད་སྒྲུབ་ཁོ་ན་འཕོངས་སྐྱེན་ཞེས་བརྗོད་པའི་སྒྲ་དང་། མཚོ་སྐྱེས་ལ་སྔོན་པོ་སྲིད་པ་ཁོ་ན་ཞེས་བརྗོད་པའི་སྒྲ་ལྟ་བུའོ། རྗོད་བྱེད་ལ་འཆད་དུས་ཀྱི་སྒོ་ནས་དབྱེ་ན། ཞེན་པའི་རྗོད་བྱེད་དང་། དེས་ཟླས་དྲངས་པའི་དངོས་ཀྱི་རྗོད་བྱེད་གཉིས། ཕྱི་མ་ནི་བུམ་པའི་སྒྲ་སྤྱི་ལྟ་བུ། ཞེན་པའི་རྗོད་བྱེད་ལ་དབྱེ་ན། དངོས་ཀྱི་ཞེན་པའི་རྗོད་བྱེད་དང་། ཤུགས་ཀྱི་ཞེན་པའི་རྗོད་བྱེད་གཉིས། དཔེ་རིམ་བཞིན། བུམ་པ་དངོས་ཀྱི་མི་རྟག་པ་དང་བུམ་པ་ཤུགས་ཀྱི་མི་རྟག་པ་མ་ཡིན་པ་ལ་ལྟོས་ཏེ་བུམ་པ་མི་རྟག་ཅེས་པའི་སྒྲ་ལྟ་བུའོ། ཞར་བྱུང་ཡི་གེ་དང་གང་ཟག་གཉིས་ལས། ཡི་གེའི་མཚན་ཉིད་རེ་རེ་བས་དོན་སྟོན་མི་ནུས་ཀྱང་ཕྱེད་དང་གཉིས་ཡན་ཆད་ཚོགས་ན་དོན་སྟོན་རུང་གི་སྐད་ཅིག་དུ་མ་ཅན་གྱི་སྒྲ། དབྱེ་ན་ཨཱ་ལི་སོགས་དབྱངས་ཡིག་དང་། ཀ་ཁ་སོགས་གསལ་བྱེད་གཉིས་སོ། གང་ཟག་གི་མཚན་ཉིད། ཕུང་པོ་ལྔའམ་བཞིའི་ཚོགས་རྒྱུན་ལ་བཏགས་པའི་བཏགས་ཡོད། དཔེར་ན་ལྷས་བྱིན་ལྟ་བུའོ།།
ཤེས་རིག་ཚད་མ་ཚད་མིན་རྟོག་རྟོག་མེད། ། འཁྲུལ་དང་མ་འཁྲུལ་རང་རིག་གཞན་རིག་སྟེ། ། སེམས་དང་སེམས་བྱུང་བཅས་སོ།།
བློ། རིག་པ། ཤེས་པ་རྣམས་དོན་གཅིག་ཡིན་ལ། དབྱེ་ན། ཚད་མ། ཚད་མིན། རྟོག་པ། རྟོག་མེད། འཁྲུལ་མ་འཁྲུལ། རང་རིག་གཞན་རིག སེམས་སེམས་བྱུང་བཅས་བཅུའོ། དེ་ལ་ཚད་མའི་མཚན་ཉིད་རང་ཡུལ་གསར་དུ་རྟོགས་པའི་བློ། ཚད་མིན་བློའི་མཚན་ཉིད། རང་ཡུལ་གསར་དུ་རྟོགས་པ་མ་ཡིན་པའི་བློ། རྟོག་པའི་མཚན་ཉིད།
རང་གི་སྣང་ཡུལ་ཡིན་ན་སྤྱི་མཚན་ཡིན་དགོས་པ། རྟོག་མེད་ཤེས་པའི་མཚན་ཉིད། ཤེས་པ་གང་ཞིག རང་གི་སྣང་ཡུལ་ཡིན་ན་རང་མཚན་དང་གཞི་མ་གྲུབ་གང་རུང་ཡིན་དགོས་པ། འཁྲུལ་ཤེས་ཀྱི་མཚན་ཉིད། དེ་མ་ཡིན་པ་ལ་དེར་འཛིན་གྱི་ཤེས་པ། མ་འཁྲུལ་བའི་ཤེས་པའི་མཚན་ཉིད། ཡུལ་གྱི་གནས་ལུགས་རིག་པའི་ཤེས་པ། རང་རིག་གི་མཚན་ཉིད། འཛིན་པའི་རྣམ་ཤེས། གཞན་རིག་གི་མཚན་ཉིད་གཟུང་བའི་རྣམ་ཤེས། སེམས་ཀྱི་མཚན་ཉིད། ཡུལ་དང་ཡུལ་གྱི་ཁྱད་པར་གཉིས་ཀྱི་ནང་ནས་ཡུལ་ཙམ་རིག་པ། དབྱེ་ན། རྣམ་ཤེས་ཚོགས་དྲུག་གམ་བརྒྱད། སེམས་བྱུང་གི་མཚན་ཉིད། ཡུལ་གྱི་ཁྱད་པར་རིག་པ། དབྱེ་ན་ལྔ་བཅུ་རྩ་གཅིག་གོ སྔ་མ་རྣམས་ལའང་ནང་གསེས་དབྱེ་བ་མང་དུ་མཆིས་ཀྱང་འདིར་མ་སྤྲོས་སོ།།
མངོན་སུམ་ལ། དབང་ཡིད་རང་རིག་རྣལ་འབྱོར་མངོན་སུམ་བཞི། ། དངོས་སྟོབས་གྲགས་པ་ཡིད་ཆེས་རྗེས་དཔག་སོགས། ། དབྱེ་སྒོ་མང་ཞིང་ཚད་འབྲས་ཞར་ལས་རྟོགས།
ཚད་མ་ལ་གྲངས་ངེས་ཀྱི་སྒོ་ནས་དབྱེ་ན། མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་མངོན་སུམ་ཚད་མའི་མཚན་ཉིད། རྟོག་བྲལ་མ་འཁྲུལ་པ་གང་ཞིག རང་ཡུལ་གསར་དུ་རྟོགས་པ། འདི་མངོན་སུམ་བཞི་ཀ་ལ་འགྲེའོ། མངོན་སུམ་གྱི་མཚན་ཉིད་རྟོག་བྲལ་མ་འཁྲུལ་བའི་ཤེས་པ། དབྱེ་ན་དབང་པོའི། ཡིད་ཀྱི། རང་རིག རྣལ་འབྱོར་མངོན་སུམ་དང་བཞིའོ། དང་པོའི་མཚན་ཉིད། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། གཟུང་འཛིན་དབང་པོའི་མངོན་སུམ་སོགས་ལྔ། གཉིས་པའི་མཚན་ཉིད། རང་གི་བདག་རྐྱེན་ཡིད་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་ཤེས་པ་རྟོག་བྲལ་མ་འཁྲུལ་བ། གཟུང་འཛིན་ཡིད་ཀྱི་མངོན་སུམ་ལ་སོགས་པ་ལྔ། གསུམ་པའི་མཚན་ཉིད། ཁ་ནང་ཁོ་ནར་ཕྱོགས་པའི་འཛིན་རྣམ་ཤེས་པ་ཀུན་གྱི་སྟེང་ན་ཡོད་པ། བཞི་པའི་མཚན་ཉིད། ཡང་དག་པའི་དོན་བསྒོམས་པའི་སྟོབས་ལས་བྱུང་བའི་འཕགས་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་པ། དབྱེ་ན་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་དང་གསུམ། དབྱེ་རིམ་བཞིན། ཉན་ཐོས་ཀྱི་མཐོང་ལམ་དང་། རང་རྒྱལ་གྱི་མཐོང་ལམ་ལྟ་བུའོ། རྗེས་དཔག་ཚད་མའི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་ཡུལ་ལྐོག་གྱུར་གསར་དུ་རྟོགས་པའི་བློ། དབྱེ་ན་གསུམ་ལས། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ནི། བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་རྟོགས་པའི་བློ་ལྟ་བུ། གྲགས་པའི་རྗེས་དཔག་ནི། རྟོགས་ཡུལ་ན་ཡོད་པའི་རྟགས་ལ་བརྟེན་ནས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་རྟོག་པའི་རྗེས་དཔག་ལྟ་བུ། ཡིད་ཆེས་རྗེས་དཔག་ནི། དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་སྦྱིན་པས་ལོངས་སྤྱོད་ཅེས་སོགས་ཀྱི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་རྟོགས་པའི་བློ་ལྟ་བུའོ། སོགས་ཁོངས་ནས་རང་ལས་ངེས་དང་། གཞན་ལས་ངེས་ཀྱི་ཚད་མའི་དབྱེ་བ་སོགས་ཀྱང་འདི་ལས་འཕྲོས་པས་མཚོན་དབྱེ་སྒོ་མང་ཞིང་། ཚད་འབྲས་ཀྱང་འདི་དག་གི་ཞར་བྱུང་ལས་རྟོགས་པར་བྱ་བར་བཤད་དོ། དེ་ལ་རྣམ་གཞག་མང་ཡང་མདོར་ན། རྣམ་འཇོག་གི་རྒྱུ་ལ་ལྟོས་ནས་རྣམ་པར་གཞག་པའི་གྲུབ་འབྲས་ལ་བྱེད་དེ། དཔེར་ན་སྔོ་འཛིན་མ་འཁྲུལ་བ་མཚན་གཞི། ཤེས་པ་ཡུལ་དོན་དང་འདྲ་བར་སྐྱེས་པ་མཚན་ཉིད། གཟུགས་དོན་རྟོགས་ཀྱི་ཐ་སྙད་སྦྱར་རུང་བ་ཚད་འབྲས་སོ། རྗེས་དཔག་ལ། སྒྲ་མི་རྟག་པ་གཞལ་བྱ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་རྟགས་ལས་སྒྲ་མི་རྟག་པའི་རྣམ་པར་ཤར་ནས་སྒྲ་མི་རྟག་པ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། སྒྲ་མི་རྟག་པར་དངོས་སུ་རྟོགས་པའི་རྗེས་དཔག་འབྲས་བུའོ།།
༣.རྟོགས་བྱེད་རྒྱས་པར་བཤད་པ།
རྟོགས་བྱེད་འགལ་འབྲེལ་དགག་སྒྲུབ་སྤྱི་བྱེ་བྲག ། གཅིག་དང་ཐ་དད་སེལ་འཇུག་སྒྲུབ་འཇུག་གཞན། ། མཚན་མཚོན་རྫས་ལྡོག་རྗེས་དཔག་རྣམ་གཉིས་སོ།།
ཡུལ་ལམ་ཤེས་བྱ་དེ་རྟོགས་པར་བྱེད་པའི་ཐབས་ལ། འགལ་བ། འབྲེལ་པ། དགག་པ། སྒྲུབ་པ། སྤྱི། བྱེ་བྲག གཅིག་དང་ཐ་དད། སེལ་འཇུག་དང་། སྒྲུབ་འཇུག གཞན་སེལ། མཚན་ཉིད་དང་མཚོན་བྱ། རྫས་ཆོས་དང་ལྡོག་ཆོས། རྗེས་དཔག་རྣམ་གཉིས་གཏན་ལ་དབབ་པའོ། དེ་ལ་འགལ་བའི་མཚན་ཉིད་མི་མཐུན་པར་གནས་པ་སྣང་མུན་ལྟ་བུ། འབྲེལ་བའི་མཚན་ཉིད་ཆོས་དེ་ལས་ཐ་དད་པ་དེ་བཀག་ན་ཆོས་དངོས་ཁེགས་པ། གསེར་གྱི་བུམ་པ་ལྟ་བུ། དགག་པའི་མཚན་ཉིད། ཆོས་གང་ཞིག ཁྱོད་ཀྱི་དོན་སྤྱི་འཆར་བ་ཁྱོད་ཀྱི་དགག་བྱའི་དོན་སྤྱི་འཆར་བ་ལ་ལྟོས་པ། སྒྲུབ་པའི་མཚན་ཉིད། ཆོས་གང་ཞིག ཁྱོད་ཀྱི་དོན་སྤྱི་འཆར་བ་ཁྱོད་ཀྱི་དགག་བྱའི་དོན་སྤྱི་འཆར་བ་ལ་མི་ལྟོས་པ། དཔེར་ན་བུམ་པ་ལྟ་བུ། སྤྱིའི་མཚན་ཉིད། དུ་མ་ལ་རྗེས་འགྲོ་བྱེད་པ་དང་། བྱེ་བྲག་གི་མཚན་ཉིད། ཁྱོད་ཆོས་དེ་ཡིན། ཁྱོད་ཆོས་དེ་ལ་བདག་གཅིག་ཏུ་འབྲེལ། ། ཁྱོད་མ་ཡིན་ཅིང་ཆོས་དེ་ཡིན་པ་དུ་མ་གྲུབ་པ་སྟེ། དཔེར་ན་གསེར་བུམ་ཁྱོད་ཆོས་དེ་ཡིན། བུམ་པ་དང་གསེར་གཉིས་བདག་གཅིག་ཏུ་འབྲེལ། གསེར་བུམ་མ་ཡིན་ཞིང་བུམ་པའི་ཆོས་དེ་ཡིན་པའི་ཟགས་བུམ་རྫ་བུམ་ལྟ་བུ་དུ་མ་གྲུབ་པའོ། གཅིག་གི་མཚན་ཉིད། ཆོས་གང་ཞིག རྟོག་པ་ལ་ཐ་དད་དུ་མི་འཆད་པ་དཀར་པོ་ལྟ་བུ། ཐ་དད་ཀྱི་མཚན་ཉིད། གཞི་གྲུབ་ཆོས་དེ་དང་དངོས་མིང་ཐ་དད་དུ་གོ་བྱ། རྫས་ཐ་དད་ཀ་བུམ་ལྟ་བུ། ལྡོག་པ་ཐ་དད་བྱས་མི་རྟག་ལྟ་བུ། སེལ་འཇུག་གི་མཚན་ཉིད། ཆོས་དེའི་ཡུལ་ཅན་གང་ཞིག ཆོས་དེ་དང་ཡིན་ཁྱབ་མཉམ་པའི་ཆོས་ཀུན་ཡོད་ཀྱང་ཁྱོད་ཀྱི་ཡུལ་དུ་མི་བྱེད་པ། བུམ་པར་རྟོགས་པའི་ངེས་ཤེས་ལྟ་བུ། སྒྲུབ་འཇུག་གི་མཚན་ཉིད། ཆོས་དེའི་ཡུལ་ཅན་གང་ཞིག ཆོས་དེ་དང་ཡིན་ཁྱབ་མཉམ་པའི་ཆོས་ཀུན་ཡོད་ན། ཁྱོད་ཀྱི་ཡུལ་དུ་བྱེད་པ། དོན་སྤྱི་ལ་གཏོད་པ་ལྟ་བུ། ཡང་ན་དེ་གཉིས་ཀྱི་མཚན་ཉིད། ཆ་ཤས་སུ་ཕྱེ་ནས་ཡུལ་དུ་བྱེད་པ་དང་ཆ་ཤས་སུ་ཕྱེ་ནས་ཡུལ་དུ་མི་བྱེད་པ་ཞེས་རུང་ངོ་། གཞན་སེལ་གྱི་མཚན་ཉིད། རང་གི་བསལ་བྱ་ཚིག་གིས་ཟིན་པར་བཅད་ནས་རྟོགས་པར་བྱ་བའི་ཆོས། འདི་སྐྱེས་པ་ཡིན་ཅེས་པས་བུད་མེད་ཡིན་པ་སེལ་བའམ། རི་མེད་ཅེས་པས་རི་ཡོད་པ་སེལ་བ་ལྟ་བུ། མཚན་ཉིད་ཀྱི་མཚན་ཉིད། དོན་ཆོས་གསུམ་ཚང་བ། མཚན་ཉིད་མ་ཡིན་པའི་མཚན་ཉིད། དོན་ཆོས་གསུམ་མ་ཚང་བ། འདིར་དོན་ཆོས་གསུམ་ཞེས་པ། རྫས། ཡོད། ཆོས་གསུམ་སྟེ། རྡུལ་རྫས་སུ་གྲུབ་པ། དངོས་པོར་ཡོད་པ། ཆོས་དང་ཤེས་བྱ་གཉིས་དོན་གཅིག་པས་ཆོས་སུ་ཡོད་པའོ། མཚོན་བྱའི་མཚན་ཉིད་ཐ་སྙད་ཆོས་གསུམ་ཚང་བ། མཚོན་བྱ་མ་ཡིན་པའི་མཚན་ཉིད་ཐ་སྙད་ཆོས་གསུམ་མ་ཚང་བ། ཐ་སྙད་ཆོས་གསུམ་ནི་ཤེས་བརྗོད་འཇུག་གསུམ་མོ། ཞར་ལ་མཚན་གཞིའི་མཚན་ཉིད། མཚན་ཉིད་ཀྱིས་མཚོན་བྱ་མཚོན་པའི་གཞིར་གྱུར་པ། མཚན་ཉིད་ཀྱི་སྐྱོན་ལ་དབྱེ་ན། མ་ཁྱབ་པའི་མཚན་ཉིད་ཀྱི་སྐྱོན། ཁྱབ་ཆེས་པའི་མཚན་ཉིད་ཀྱི་སྐྱོན། མཚན་གཞི་ལ་མི་གནས་པའི་མཚན་ཉིད་ཀྱི་སྐྱོན་དང་གསུམ། དཔེ་རིམ་བཞིན། བ་ལང་གི་མཚན་ཉིད་དུ་ནོག་སོགས་འདུས་པ་ཁྲ་བོ་བཀོད་པའི་ཚེ། ནོག་སོགས་འདུས་པ་ཁྲ་བོས་བ་ལང་ལ་མ་ཁྱབ་པ་ལྟ་བུ་དང་། བ་ལང་གི་མཚན་ཉིད་དུ་མགོ་ལྡན་བཀོད་པའི་ཚེ་མགོ་ལྡན་གྱིས་བ་ལང་ལ་ཁྱབ་ཆེས་པ་ལྟ་བུ་དང་། རྟ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པ་བཀོད་པའི་ཚེ། ནོག་སོགས་འདུས་པ་རྟ་ལ་མི་གནས་པ་ལྟ་བུའོ། ཡང་ན་ལྟར་སྣང་བརྒྱད་དུ་དབྱེའོ། རྫས་ཀྱི་མཚན་ཉིད་སྐྱེས་བུའི་དགོས་དོན་སྒྲུབ་ནུས་གཟུགས་ལྟ་བུ། རྫས་ཆོས་ཀྱི་མཚན་ཉིད་རྫས་ཆོས་ཀྱི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་ཡོན་ཏན། གཟུགས་ཀྱི་མི་རྟག་པ་ལྟ་བུ། ལྡོག་པའི་མཚན་ཉིད། རྟོག་པ་ལ་རིགས་མི་མཐུན་ལས་ལོག་པར་སྣང་བའི་ཆོས་གང་ཞིག དངོས་པོ་མ་ཡིན་པ། རྟོག་པ་ལ་གཟུགས་སུ་སྣང་བ་ལྟ་བུ། ལྡོག་ཆོས་ཀྱི་མཚན་ཉིད། རྟོག་པ་ལ་རྫས་ཀྱི་ཡོན་ཏན་དུ་སྣང་བའི་ཆོས་གང་ཞིག་དངོས་པོ་མ་ཡིན་པ། རྟོག་པ་ལ་གཟུཊ་མི་རྟག་པར་སྣང་བ་ལྟ་བུའོ།།
རང་དོན་རྗེས་དཔག་ཚུལ་གསུམ་རྟགས་ཡང་དག ། མ་ཚད་ལྟར་སྣང་འགལ་རྟགས་ལ་སོགས་དོར། ། དཔེ་ཡང་དེ་དག་ཉིད་ཀྱིས་གཏན་ལ་དབབ། རང་དོན་རྗེས་དཔག་ཁྱད་པར་དུ་དབྱེ་ན། ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ་སྟེ་ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད། དེའང་ཕྱོགས་ཆོས་ཀྱི་མཚན་ཉིད། རྟགས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཚད་མས་ངེས་པའི་ཚུལ། རྗེས་ཁྱབ་ཀྱི་མཚན་ཉིད། རྟགས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་ཚུལ། ལྡོག་ཁྱབ་ཀྱི་མཚན་ཉིད། རྟགས་དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་ཚུལ། དཔེར་ན། སྒྲ་མི་རྟག་པར་བཀོད་པའི་ཚེ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་སྒྲའང་བྱས་སོ། ལྟ་བུའོ། སྒྲ་ནི་རྩོད་གཞི་ཆོས་ཅན། མི་རྟག་པ་ནི་བསྒྲུབ་བྱའི་ཆོས། སྒྲ་མི་རྟག་པ་ནི་བསྒྲུབ་བྱ། བྱས་པ་ནི་རྟགས་སམ་གཏན་ཚིག བུམ་པ་ནི་མཐུན་དཔེ་སྟེ། དེའང་རྩོད་གཞི་ཆོས་ཅན་དུ་བཀོད་པའི་སྒྲ་དེ་ཉིད་རྟགས་སུ་བཀོད་པའི་བྱས་པ་དེ་ཡིན་ཚུལ་སྒྲུབ་ངག་འགོད་མཁན་དང་འགོད་ཡུལ་གཉིས་ཀའི་བློ་ངོར་མཐུན་སྣང་གྲུབ་པ་ཞིག་དགོས་པས་དེ་ལྟར་གྲུབ་པ་ནི་ཕྱོགས་ཆོས་ཚད་མས་གྲུབ་པའི་དོན། བྱས་པས་རྗེས་ཁྱབ། རྟག་པ་ལ་མ་བྱས་པས་ཁྱབ་པ་ལྡོག་ཁྱབ་བོ། རྟགས་ཡང་དག་ལ་གྲངས་ངེས་ཀྱི་སྒོ་ནས་དབྱེ་ན། འབྲས་བུ། རང་བཞིན། མ་དམིགས་པའི་རྟགས་གསུམ། དགོས་པའི་སྒོ་ནས་དབྱེ་ན། རང་དོན་དང་། གཞན་དོན་གྱི་རྟགས་ཡང་དག་གཉིས། སྒྲུབ་ཚུལ་གྱི་སྒོ་ནས་དོན་སྒྲུབ་དང་ཐ་སྙད་སྒྲུབ་གཉིས་ལ་སོགས་པ་དུ་མ་དབྱེར་ཡོད། ཚུལ་གསུམ་མ་ཚང་བ་ནི་རྟགས་ལྟར་སྣང་སྟེ། དེ་ལའང་འགལ་བའི་རྟགས། མ་ངེས་པའི་རྟགས། མ་གྲུབ་པའི་རྟགས་སོགས་མང་དུ་ཡོད་པའི་རྟགསལྟར་སྣང་རྣམས་ནི་དོར་བར་བྱ་དགོས་ལ། དེ་དག་གི་སྐབས་སུ་དཔེ་ཡང་དག་དང་ལྟར་སྣང་དེ་དག་ཉིད་ཀྱིས་གཏན་ལ་དབབ་པར་བྱ་སྟེ། དཔེ་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་ཁྱབ་པ་ངེས་པའི་གཞིར་གྱུར་པ། དེ་ལ་དབྱེ་ན་གཉིས་ལས། མཐུན་དཔེ་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་རྗེས་ཁྱབ་སྔོན་དུ་ངེས་པའི་གཞིར་གྱུར་པ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེར་བུམ་པ་བཀོད་པ་ལྟ་བུ། མི་མཐུན་དཔེ་ཡང་དག་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་དོན་དུ་ལྡོག་ཁྱབ་དངོས་སུ་ངེས་པའི་གཞིར་གྱུར་པ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་དཔེར་ན་ནམ་མཁའ་བཀོད་པ་ལྟ་བུའོ། དཔེ་ལྟར་སྣང་གི་མཚན་ཉིད། བསྒྲུབ་བྱ་ངེས་པའི་དོན་དུ་ཁྱབ་པ་ངེས་པའི་གཞིར་གཟུང་ཞིང་། ངེས་པར་མི་ནུས་པ། གཞན་ཡང་རྟགས་དང་དཔེའི་སྐྱོན་མང་པོ་རྣམས་ཀྱང་དེ་དག་གིས་མཚོན་ཏེ་གཏན་ལ་ཕབ་ནས་དོར་བར་བྱའོ། །
གཞན་དོན་རྗེས་དཔག་རྒོལ་གཉིས་མཐུན་གྲུབ་ཀྱི། ། ཚུལ་གསུམ་སྒྲུབ་ངག་ཡན་ལག་གཉིས་ལྡན་དང་། ། རྟགས་བསལ་སུན་འབྱིན་ཐལ་འགྱུར་ལ་སོགས་པན། ། ལྟར་སྣང་དོར་ནས་ཡང་དག་ཉིད་ཀྱིས་བསྒྲུབ། ། འདི་ནི་ཕྱི་རབས་རྣམས་ལ་གྲགས་ཆེ་སྟེ། །
གཞན་དོན་རྗེས་དཔག་གམ་སྒྲུབ་ངག་ཡང་དག་གི་མཚན་ཉིད། སྒྲུབ་ངག་འགོད་མཁན་ཏེ་རྒོལ་བ་རང་དང་ཕྱིར་རྒོལ་གཉིས་ཀར་མཐུན་སྣང་གྲུབ་ངེས་ཀྱི་ཚུལ་གསུམ་ལྷག་ཆད་མེད་པར་འགོད་པའི་སྒྲུབ་ངག་ཡན་ལག་གཉིས་ལྡན། དེ་ལའང་ཆོས་མཐུན་སྦྱོར་ནི། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས་པའོ་ལྟ་བུའི་ངག ཆོས་མི་མཐུན་སྦྱོར་ནི། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས་པ་ལྟ་བུ། སྒྲུབ་ངག་ལྟར་སྣང་གི་མཚན་ཉིད། སྒྲུབ་ངག་གང་ཞིག བློའམ་དོན་ནམ་སྒྲ་གང་རུང་སྐྱོན་དང་ལྡན་པ་སྟེ་ཚུལ་གསུམ་ལས་འགལ་བ། རྟགས་ཡང་དག་གི་བསྒྲུབ་བྱའི་མཚན་ཉིད། རྟགས་ཡང་དག་ལ་བརྟེན་ནས་གཟོད་གོ་བར་བྱ་བ། བྱས་པ་ཆོས་ཅན། མི་རྟག་སྟེ། བུམ་པ་བཞིན། ལྟ་བུ། དེ་ལ་རང་དོན་དང་གཞན་དོན་གཉིས། གཉིས་ཀ་ལ་ཡང་དག་དང་ལྟར་སྣང་། བསལ་བའི་མཚན་ཉིད། དམ་བཅའ་ལྟར་སྣང་གང་ཞིག ཁྱོད་ཀྱི་ལྡོག་ཕྱོགས་ཀྱི་དོན་ཚད་མས་གྲུབ་པ། སྒྲ་ཆོས་ཅན། མཉན་བྱ་མ་ཡིན་པར་ཐལ། ལྟ་བུ། སུན་འབྱིན་ཡང་དག་གི་མཚན་ཉིད། སྐྱོན་ལ་སྐྱོན་དུ་བརྗོད་པས་སྐྱོན་ཅན་དུ་གོ་ནུས་པའི་ངག དེ་ལྟར་སྣང་གི་མཚན་ཉིད། དེ་ལས་ལྡོག་པ། ཐལ་འགྱུར་ཡང་དག་གི་མཚན་ཉིད། ལན་གྱིས་ལྡོག་མི་ནུས་པའི་ཐལ་ངག ལྟར་སྣང་གི་མཚན་ཉིད་དེ་ལས་ལྡོག་པ། སོགས་ཁོངས་ནས་རྒོལ་བའི་མཚན་ཉིད། ཕྱོགས་སྔ་མ་འཇོག་ནུས་པར་ཁས་ལེན་པའི་གང་ཟག ཕྱིར་རྒོལ་གྱི་མཚན་ཉིད། ཕྱོགས་སྔ་མ་སུན་འབྱིན་པར་ཁས་ལེན་པའི་གང་ཟག དཔང་པོའི་མཚན་ཉིད། རྒོལ་བ་གཉིས་ཀྱི་རྗོད་པ་རྒྱལ་ཕམ་ཤན་འབྱེད་པར་ཁས་ལེན་པའི་གང་ཟག་གོ དེ་དག་རྣམས་ཀྱང་ལྟར་སྣང་སྐྱོན་ཅན་རྣམས་དོར་ནས་ཡང་དག་ཉིད་ཀྱིས་ཤེས་བྱ་གཞལ་ཞིང་འདོད་པ་བསྒྲུབ་པར་བྱའོ།།
བསྡུས་པ་བརྩི་པའི་དགོས་པ་ནི། བློ་གྲོས་གསར་བུ་བ་རྣམས་ཤེས་བྱའི་གནས་ལ་འཁྲིད་བདེ་བའི་ཕྱིར་ཏེ། དེའང་ཆོས་ཅན་ཐུན་མོང་མ་ཡིན་པ་བཞག་པས་རྩོད་གཞི་གཅེར་མཐོང་དུ་ངོས་ཟིན། དེ་ཟིན་པས་དགག་སྒྲུབ་ཀྱི་གནད་ལོངས། དེས་བློ་གྲོས་ན་འཕར་བས་རང་གིས་དམ་བཅའ་བཞག་པ་ལ་ཕྱིར་རྒོལ་ག་པ་ན། རྟགས་མ་གྲུབ། ཁྱབ་པ་མེད། འདོད་ལན་གསུམ་པོ་མ་འདྲེས་པར་འདེབས་ནུས་པས་གཞན་གྱི་སྤོབས་པ་འཕྲོག་ཅིང་། གཞན་གྱིས་དམ་བཅས་པ་ལ་ལུང་རིགས་ཀྱི་འགྲོ་ཁྱབ་དམིགས་ཐེངས་པར་འགྱུར་རོ། རིག་པའི་ལམ་སྲོལ་ཕྱོགས་ཙམ་བཤད་པ་འདི་ནི་ཕྱི་རབས་པ་རྣམས་ཀྱི་ལུགས་དེང་སང་གྲགས་ཆེ་བས་དེའི་བརྡ་ཁྱད་སོར་བཞག་པའོ། སྟེ་ཞེས་པ་ལྷག་བཅས་ཀྱི་སྒྲའོ། །
༤.ལུགས་གཞན་ཞར་བྱུང་དུ་སྨྲོས་པ།
རིགས་གཏེར་ཐུན་མིན་རིག་གཞུང་རྒྱ་མཚོ་དང་། ། སྔ་རབས་པ་ཡི་ལུགས་སོགས་ཐ་དད་དོ།།
ས་སྐྱ་པཎ་ཆེན་གྱི་ཚད་མ་རིག་པའི་གཏེར་རང་འགྲེལ་དང་བཅས་པ་སྐབས་བཅུ་གཅིག་པ་ནི། ཤེས་བྱ་སྤྱི་ལྡོག་ནས་ངེས་པར་བྱ་བ་དང་། ཤེས་བྱེད་ཚད་མའི་རང་བཞིན་གཏན་ལ་དབབ་པ་ཞེས་བསྡུ་བའི་སྒོ་གཉིས་དང་རིགས་པའི་ཚུལ་ཕུལ་དུ་བྱུང་བའི་ཤིང་རྟའི་ལམ་སྲོལ་དང་པོ་ཉིད་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་བདུན་པ་ཆོས་གྲགས་རྒྱ་མཚོས་རྒྱ་བོད་གཉིས་ཀའི་བཤད་སྲོལ་དང་འགྲེལ་ཌཱིཀ་ལ་མ་ལྟོས་པར་སྡེ་བདུན་གྱི་དགོངས་པ་དཔྱིས་ཕྱིན་པ་རང་སྟོབས་ཁོ་ནས་བསྡུས་ཤིང་བཀྲལ་བ་ཐུན་མིན་གྱི་བསྟན་བཅོས་རིག་གཞུང་རྒྱ་མཚོ་ཞེས་རིགས་པའི་ཚུལ་སྔ་ན་མེད་པའི་ཤིང་རྟའི་ལམ་སྲོལ་གཉིས་པ་དང་། རྔོག་ལོ་ཆེན་པོ་དང་ཁྱད་པར་ཕྱ་པ་ཆོས་སེང་སོགས་ཀྱིས་རྒྱ་ཆེར་སྤེལ་བའི་ཚད་མ་སྔ་རབས་པའི་ལུགས་ཞེས་གྲགས་པ་སོགས་བརྗོད་བྱའི་སྤྱི་ལྡོག་འདྲ་བ་ལ་རྗོད་བྱེད་ཁས་ལེན་སྐྱོང་ཚུལ་ཅུང་ཟད་ཀྱི་ཟུར་མི་འདྲ་བའི་ལུགས་སྲོལ་ཐ་དད་པ་དཔེར་མཚོན་ན། སྐྱེད་ཚལ་བ་རྣམས། ཁ་དོག་དཀར་དམར་རྫས་ཆོས་ལྡོག་ཆོས་གཉིས། ། འགལ་དང་མི་འགལ་སྤྱི་དང་བྱེ་བྲག་གཉིས། ། འབྲེལ་དང་མི་འབྲེལ་ཐ་དད་ཐ་མིན་གཉིས། ། རྗེས་སུ་འགྲོ་ལྡོག་རྒྱུ་དང་འབྲས་བུ་གཉིས། ། སྔ་བཙན་བར་བཙན་ཕྱི་བཙན་མཚན་མཚོན་གཉིས། ། རྟགས་མང་གསལ་མང་དགག་པ་འཕར་ཚུལ་གཉིས། ། དངོས་འགལ་བརྒྱུད་འགལ་ཁྱབ་མཉམ་རྣམ་པ་གཉིས། ། ཡིན་གྱུར་མིན་གྱུར་ཡིན་ལོག་མིན་ལོག་གཉིས། ། ཡོད་རྟོགས་མེད་རྟོགས་དངོས་རྟོགས་རྟགས་རྟོག་གཉིས། ཞེས་བསྡུས་ཚན་བཅོ་བརྒྱད་དུ་བསྡུ་ཚུལ་སོགས་མང་ཡང་གཙོ་བོ་དེ་དག་རྣམས་སུ་འདུས་སོ།།
ས་བཅད་གཉིས་པ། རྟོག་གེའི་ཚིག་དོན་བརྒྱད་དང་གནས་གསུམ་དུ་བསྡུ་བ་ནི།
ཚད་མའི་གཞུང་གི་བརྗོད་བྱ་ཐམས་ཅད་ཀྱང་། ། མངོན་རྗེས་ལྟར་སྣང་བཅས་པ་བདག་རིག་བྱེད། ། སྒྲུབ་དང་སུན་འབྱིན་ལྟར་སྣང་བཅས་པ་ཡིས། ། གཞན་ལ་གོ་བྱེད་རྟོག་གེའི་ཚིག་དོན་བརྒྱད།
ཚད་མའི་གཞུང་རྣམས་ཀྱི་བརྗོད་བྱ་ཐམས་ཅད་མདོར་བསྡུ་ན་མངོན་སུམ་དང་། རྗེས་སུ་དཔག་པ་གཉིས། དེ་རེ་རེ་ལ་ཡང་དག་ལྟར་སྣང་བཅས་པས་གཉིས་ཏེ་བཞི་ནི་བདག་ཉིད་ཀྱིས་རིག་པའམ་གོ་བར་བྱེད་པའི་ཐབས་ཡིན་ལ། སྒྲུབ་ངག་དང་སུན་འབྱིན་གཉིས། རེ་རེ་ལ་ཡང་དག་དང་ལྟར་སྣང་བཅས་པས་གཉིས་ཏེ་བཞི་ནི་གཞན་ལ་གོ་བར་བྱེད་པས་རྟོག་གེའི་ཚིག་དོན་བརྒྱད་དུ་གྲགས་པའང་རང་དོན་དང་གཞན་དོན་གཉིས་སུ་འདུའོ།།
མདོར་ན་གཞལ་བྱ་མངོན་ལྐོག་ཤིན་ལྐོག་གསུམ། ། འཇལ་བྱེད་མངོན་རྗེས་དཔྱད་གསུམ་དག་པའི་ལུང་། ། མངོན་སུམ་བཞི་དང་རྗེས་དཔག་གཏན་ཚིག་གསུམ། ། ཐ་སྙད་སྣ་ཚོགས་དེ་ལས་འཕྲོས་པའོ།
ཚད་མའི་དོན་ཐམས་ཅད་མདོར་བསྡུ་ན་གཞལ་བྱ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ། འཇལ་བྱེད་མངོན་སུམ། རྗེས་དཔག དཔྱད་གསུམ་དག་པའི་ལུང་གསུམ་གྱིས་གཞལ་བ་ལ་ཐམས་ཅད་འདུ་ཞིང་། དེའང་གཞལ་བྱ་མངོན་གྱུར་ནི། ཚུར་མཐོང་གི་དབང་དུ་བྱས་ཏེ་ཕྱི་རོལ་གཞན་རིག་མངོན་སུམ་གྱིས་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་ནུས་པ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ལྔ་དང་། རང་རིག་ཚད་མས་མྱོང་ཞིང་རིག་པའི་སྒོ་ནས་སྒྲོ་འདོགས་གཅོད་ནུས་པ་ཤེས་པའི་སྟེང་གི་ང་བྱ་ཙམ་དུ་ཟད་པས་རྣམ་ཤེས་ཚོགས་དྲུག་གི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་སེམས་བྱུང་རྣམས་ཀྱི་མྱོང་རིག་གི་ཆའོ། འཕགས་པ་ལ་བདེན་བཞི་མི་རྟག་བཅུ་དྲུག་སོགས་བདག་མེད་ཀྱི་གནས་ལུགས། སངས་རྒྱས་ལ་ཤེས་བྱ་ཇི་སྙེད་པའང་མངོན་གྱུར་ཡིན་པར་དངོས་སྨྲ་རྣམས་འདོད་ཀྱང་ཆོས་ཀྱི་གྲགས་པས་སངས་རྒྱས་ཀྱི་མཁྱེན་ཚུལ་བསམ་གྱིས་མི་ཁྱབ་པར་གསུངས། གཞལ་བྱ་འདིའི་འཇལ་བྱེད་མངོན་སུམ་ནི་མངོན་སུམ་བཞི་སྟེ། དབང་པོའི་དང་ཡིད་ཀྱི་དང་། རང་རིག་དང་། རྣལ་འབྱོར་མངོན་སུམ་མོ། ལྐོག་གྱུར་ནི་དབང་པོ་གཟུགས་ཅན་རྣམས་དང་། བདེན་བཞི་མི་རྟག་པ་དང་། འགྱུར་བའི་སྡུག་བསྔལ་དང་། བདག་གི་བས་སྟོང་པ་དང་། བདག་མེད་པ་སོགས་རྣམས་པ་བཅུ་དྲུག་པོ་རྣམས་དང་། དེས་མཚོན་པའི་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་དང་། བདག་གཅིག་དང་དེ་བྱུང་གི་འབྲེལ་བ་དང་། རྒྱུའི་ནུས་པ་དང་། སེམས་ཀྱི་སྟེང་གི་ཀུན་བྱང་གི་ས་བོན་དང་སྤང་གཉེན་གྱི་བྱ་བྱེད་ལ་སོགས་པ་ནི། གཞལ་བྱ་གཉིས་པ་ལྐོག་གྱུར་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིག་ཁོ་ནས་སྒྲུབ་དགོས་པའི་ཕྱིར། དེའང་གཞལ་བྱ་གང་ཟག་གི་མངོན་སུམ་གྱིས་མི་འགྲུབ་ཅིང་ཁུངས་རྣམ་དག་ལ་ལྟོས་དགོས་པའི་ཕྱིར་རོ། གཞལ་བྱ་འདིའི་འཇལ་བྱེད་དང་སྒྲུབ་བྱེད་དངོས་སྟོབས་རྗེས་དཔག་གི་རྟེན་གཏན་ཚིགས་ནི་རྣམ་པ་གསུམ་སྟེ། འབྲས་བུའི་དང་། རང་བཞིན་གྱི་དང་། མ་དམིགས་པའི་གཏན་ཚིགས་ཞེས་བྱའོ། ཤིན་ཏུ་ལྐོག་གྱུར་ནི། དགེ་སྡིག་སོགས་མངོན་སུམ་དང་དངོས་སྟོབས་ཀྱི་གཏན་ཚིགས་གཉིས་མི་འགྲུབ་པར་ལུང་ཙམ་ལ་བརྟེན་ནས་རྟོགས་དགོས་པའི་གཞལ་བྱ་སྟེ། ལུང་ཡང་དཔྱད་གསུམ་གྱིས་མ་དག་པ་ནི་ལོག་ཕྱོགས་སྟོན་པའང་ཡོད་པས་ངེས་པའི་གེགས་བྱེད་ཙམ་དུ་ཟད་ལ། དཔྱད་གསུམ་གྱིས་དག་པའམ། ཡིད་ཆེས་ཉེས་ཟད་ཀྱི་ཚིག་དགོངས་གཞི་དགོས་པ་སོགས་མེད་པའི་ངེས་དོན་གྱི་ཚིག་རྣམས་ཏེ། རིགས་པའི་ཐ་སྙད་སྣ་ཚོགས་པ་ནི་རྩ་བ་དེ་དག་ལས་འཕྲོས་པ་ཁོ་ནའོ། དཔྱད་པ་གསུམ་ནི་མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས། ལྐོག་གྱུར་ལ་དངོས་པོ་སྟོབས་ཞུགས་རྗེས་དཔག་གིས། ཤིན་ཏུ་ལྐོག་གྱུར་ལ་རང་ཚིག་སྔ་ཕྱི་འགལ་བས་མི་གནོད་པའོ། །
ས་བཅད་གསུམ་པ།
འཕྲིན་སྟེགས། weikangba