བཅུ་ཕྲག་རིག་གནས།___སྙན་ངག

2015-03-24
131

                                སྙན་ངག 

                                   རྩོམ་པ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 

  ས་བཅད་དང་པོ། ལུས། 

  སྙན་དངགས་འདོད་དོན་ལུས་ལ་བཅད་ལྷུག་སྤེལ།  །གྲོལ་བ་རིགས་མཛོད་འདུས་པ་སརྒས་བཅིངས། །ཚིགས་བཅད་རྐང་བཞི་ལྷུག་པ་བརྗོད་དང་གཏམ། །སྤེལ་མ་གཙོ་ཕལ་ཟློས་གར་ཙམྦུ་སྟེ། །

  དེའང་མདོ་ལས། དམ་པའི་ཆོས་གསལ་བར་བྱ་བའི་ཕྱིར་སྙན་དངགས་བྱའོ། །དཀོན་མཆོག་གསུམ་ལ་བསྟོད་པ་བྱའོ། །དེ་ལས་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེས་སོགས་འབྱུང་བ་ལྟར། མཁས་པའི་བྱ་བ་གསུམ་གྱི་མཆོག་རྩོམ་པ་བཟང་ངན་ནི་སྙན་དངགས་ཤེས་མི་ཤེས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས། འདིའི་གཙོ་བོའི་དོན་ལུས་དང་རྒྱན་གཉིས་སུ་གནས་པ་ལས། དང་པོ་ནི། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། །ཞེས་གསུངས་པ་ལྟར། སྙན་དངགས་མཁན་གྱིས་བརྗོད་པར་འདོད་པའམ་བསམ་པའི་དོན་ནི་སྙན་དངགས་ཀྱི་ལུས་ཏེ་དོན་ངེས་པར་བྱས་ནས་ཚིགས་ལེགས་པར་བསྡེབས་པ་ལ་འདོད་པའི་དོན་གྱིས་རྣམ་པར་བཅད་པ་ཞེས་གསུངས་སོ།  །ལུས་དེའང་ཚིགས་སུ་བཅད་པའི་ཚེགས་བར་བདུན་དང་དགུ་ལ་སོགས་པ་དང་། མ་བཅད་པའི་ལྷུག་པ་དང་། ད་དག་མ་གསུམ་དུ་གནས་སོ། །ཚིགས་བཅད་སྦྱོར་ཚུལ་ལམ་རིགས་ཀྱི་སྒོ་ནས་དབྱེ་ན། གྲོལ་བ། རིགས། མཛོད། འདུས་པ་ཞེས་བྱ་བ་བཞི་སྟེ། རིམ་བཞིན་ཚིགས་བཅད་གཅིག་གི་ནང་དུ་དོན་གཅིག་རང་དབང་ཅན་དུ་རྫོཊ་པར་སྟོན་པ་དང་། བརྗོད་བྱའི་དོན་གཅིག་ལ་མང་ད་ཚོགས་ཤིང་བྱ་ཚིག་གཅིག་གིས་གསལ་བར་བྱས་པ་དང་། གཅོད་མཚམས་དང་བྱ་ཚིག་སྣ་ཚོགས་ཤིང་ཤོ་ལོ་ཀའི་གྲངས་ངེས་མེད་པ་མཛོད་ལྟར་འདུས་པ་དང་། བརྗོད་བྱའི་ཚིག་དོན་གཅིག་ལ་ཤོ་ལོ་ཀ་དང་བྱ་ཚིག་མང་པོ་ཅན་ཏེ། དེ་དག་ཀྱང་སརྒ་ཞེས་པ་ལེའུའམ་རབ་བྱེད་དམ་སྐབས་དུ་མས་བཅིངས་པ་ནི་སྙན་དངགས་ཆེན་པོ་ཞེས་བྱའོ། །ཚིགས་སུ་བཅད་པ་དེའང་མངོན་པ་ཀུན་བཏུས་ལས། རྐང་པ་གཅིག་ནས་དྲུག་པའི་བར་དུ་ཡོད་པར་བཤད་ཀྱང་སྙན་དངགས་བའི་ལུགས་ལ་རྐང་པ་བཞི་པ་ཁོ་ན་ཡིན་ལ། ལྷུག་པ་ལ་བརྗོད་པ་དང་གཏམ་ཞེས་མིང་གཉིས་སུ་ཡོད་ཀྱང་སློབ་དཔོན་དཎྜིས་དེ་གཉིས་དོན་གཅིག་ཏུ་བཞེད་ཅིང་། པཎྜི་ཏ་རིག་བྱེད་རྒྱ་མཚོ་ནི། བརྗོད་པའི་མཚན་ཉིད། ལྷུག་པའི་སྙན་དངགས་གང་ཞིག སྔོན་བྱུང་གི་གཏམ་རྒྱུད་ལས་དྲངས་པ་མ་ཡིན་པའི་རིགས་བརྗོད་པ་དང་། གཏམ་གྱི་མཚན་ཉིད། ལྷུག་པའི་སྙན་དངགས་གང་ཞིག སྔོན་བྱུང་བའི་གཏམ་རྒྱུད་ལས་བརྩམས་ཏེ་བརྗོད་པ་ཤས་ཆེ་བ་ཡིན་ཞེས་བཞེད་ལ། མེ་ལོང་དུའང་། སྔོན་བྱུང་གཏམ་ལས་གྱུར་པའམ།  །ཅིག་ཤོས་སོགས་པ་ལ་བརྟན་ནས། །ཞེས་འབྱུང་བ་དང་མཐུན་པས་ལེགས་ཞེས་མཁས་པ་སྔ་རབས་པ་དུ་མས་གསུངས་སོ། །སྤེལ་མ་ལའང་གཙོ་བོ་དང་ཕལ་པ་གཉིས་ཀྱི་དང་པོ་ནི། སྐད་རིགས་བཞི་ཚང་ཞིང་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན་ཟློས་གར་ཉིད་ཡིན་ལ། གཉིས་པ་ནི། སྐད་རིགས་གང་རུང་ལ་བརྟེན་ཅིང་བཅད་ལྷུག་བསྲེས་པ་ཙམ་ཞེས་གྲཊ་པ་དེ་ཡིན་པ་དང་། གཞན་ཡང་རྗོད་བྱེད་ཀྱི་སྒོ་དབྱེ་ན། ལེགས་སྦྱར། རང་བཞིན། ཟུར་ཆག འདྲེས་མ་དང་བཞིར་བཤད་དོ། །

                             ས་བཅད་གཉིས་པ། རྒྱན། 

  མཛེས་བྱེད་ཚིག་སྦྱོར་ཐུན་མིན་ཡོན་ཏན་བཅུ། །ཐུན་མོང་དོན་རྒྱན་སྒྲ་དང་གབ་པའི་ཚིག །སྐྱོག་སྤངས་རྩོམ་པ་འཇིག་རྟེན་རྒྱན་དུ་བྱེད། །

  མེ་ལོང་གཞུང་ལས། སྙན་དངགས་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །ཅེས་འབྱུང་བ་ལྟར། ཇི་ལྟར་སྐྱེས་བུའི་ལུས་ལ་དོ་ཤལ་དང་དཔུང་རྒྱན་ལ་སོགས་པས་མཛེས་པར་བྱེད་པ་བཞིན་དུ་སྙན་དངཌ་ཀྱི་ལུས་ལའང་སྦྱར་བ་ལ་སོཊ་པའི་དོན་གྱི་རྒྱན་གྱིས་མཛེས་པར་བྱེད་པའི་ཕྱིར། དེ་ལྟ་བུའི་ཚིག་སྦྱོར་བ་ནི་རྒྱན་ཞེས་བྱ་སྟེ། དེའང་དཎྜིའི་གཞུང་ལས་ཤར་ལྷོའི་ལམ་སྲོལ་སོ་སོ་བ། །སྦྱར་བ༼༡༽རབ་དྭངས། ༼༢༽མཉམ་ཉིད།༼༣༽དང་། །སྙན། ༼༤༽དང་ཤིན་ཏུ་གཞོན་པ། ༼༥༽དང་། །དོན་གསལ་བ། ༼༦༽དང་རྒྱ་ཆེ། ༼༧༽དང་། །བརྗིད། ༼༨༽དང་མཛེས་ལྡན། ༼༩༽ཏིང་དེ། ༼༡༠༽འཛིན། ཡོན་ཏན་འདི་བཅུ་བེ་དརྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་ནག་ཕལ་ཆེར་ལྡོག་པས་ནི། །གོ་ཊའི་ལམ་དག་མཚོན་པ་ཡིན། །ཅེས་ཐུན་མོང་མིན་པའི་ཡོན་ཏན་བཅུ་དང་། ཤར་ལྷོ་འདོད་པ་མཐུན་པ་ཐུན་མོང་གི་ལམ་སྲོལ་ལ་དོན་རྒྱན་སྒྲ་རྒྱན་གབ་ཚིག་གསུམ་སྟེ། དེའང་། རང་བཞིན་བརྗོད་དང་དཔེ་དང་ནི། གཟུགས་དང་གསལ་བྱེད་བསྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བརྟག་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། ཁྱད་པར་མཚུངས་པར་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤེས། །རབ་སྤེལ་དང་ནི་དགོངས་པ་ཅན། །འདི་དག་ཚིག་རྣམས་དག་གི་ནི། རྒྱན་དུ་སྔོན་གྱི་མཁས་པས་བསྟན། ཅེས་དོན་རྒྱན་སུམ་ཅུ་རྩ་ལྔ་ནང་གསེས་ཀྱི་དབྱེ་བས་དུ་མར་འགྱུར་བ་དང་། སྒྲ་རྒྱན་ལ་ཟུང་ལྡན་དང་བྱ་དཀའི་བྱང་བར་གཉིས། རྩེད་མོའི་མདུན་སར་བཞད་གད་ལ་སོགས་པའི་ཆེད་དུ་ནི་བར་མཁོ་བའི་གབ་ཚིག་གི་རྒྱན་བཅུ་དྲུག་རྣམས་སོ།

  མདོར་ན་ཚིག་རྒྱན་ཐམས་ཅད་རང་བཞིན་བརྗོད་པ་དང་འཁྱོགས་བརྗོད་གཉིས་སུ་འདུ་ཞིང་། དེ་དག་གི་ཚིག་སྦྱོར་སྐབས། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང་། །སྡེབས་སྦྱོར་ཉམས་དང་མཚམས་སྦྱོར་ཐལ། ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་དངགས་ལ། །སྙན་ངག་མཁན་གྱིས་སྤང་བར་བྱ། ཞེས་པ་ལྟར་སྐྱོན་བཅུ་དང་། གཞན་ཡང་གྲོང་ཚིག་དང་དཔེ་སྐྱོན་ལ་སོགས་པ་སྤངས་བ་དང་། ཇི་སྐད་དུ། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་ཤིང་སྐྱོན་མེད་དང་། །མངོན་པར་སྦྱོར་བ་མི་དམན་པ།།སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། ཞེས་འབྱུང་བའི་རྒྱུ་ཚོགས་དང་ལྡན་པའི་རྩོམ་པ་ནི་འཇིག་རྟེན་གྱི་རྒྱན་དུ་བྱེད་དེ་སློབ་དཔོན་དབང་པོས་མཛད་པའི་བསྟོད་པ་བཞིན་ནོ། འདི་ལ་སྤྱིར་བཏང་དཔེར་བརྗོད་ཤར་པའི་ལ་མ་ལ་ད་དཔག་བསམ་འཁྲི་ཤིང་དང་། ལྷོ་པའི་ལམ་ལ་སྐྱེས་རབས་སོ་བཞི་པ་ཡིན་ཟེར་བ་འདྲ་རུང་ཙམ་ཡོད་པར་སྣང་ངོ་། །

                          ས་བཅད་དང་པོ། པྲྀཏྟ། 

  ཚིགས་བཅད་སྡེབ་སྦྱོར་ཡི་གེ་དྲུག་པ་ནས། །རྒྱུན་ཆགས་བར་དུ་བགྲང་བ་པྲྀཏྟ་སྟེ། །མཉམ་དང་མི་མཉམ་ཕྱེད་མཉམ་ངག་གིས་བཅིངས།

  སྙན་དངགས་ཚིགས་སུ་བཅད་པ་ལ་ཤིན་ཏུ་གལ་ཆེ་བའི་རིགས་པ་ནི། ཇི་སྐད་དུ། ཚིགས་བཅད་རྐང་བཞི་དེ་ཡང་ནི། པྲྀཏྟ་ཛཱཏི་ཞེས་རྣམ་གཉིས། ཞེས་དང་། རིག་པ་སྙན་དངགས་རྒྱ་མཚོ་ནི། ཟབ་མོ་བརྒལ་འདོད་རྣམས་ཀྱི་རྒྱུ། ཞེས་འབྱུང་བ་ལྟར་ཙཎྜ་པའི་སྒོ་ལས་དྲངས་པའི་སྡེབ་སྦྱོར་བྲྀཏྟ་དང་ཛཱཏི་གཉིས་སུ་ཡོད་པའི་གཉིས་ཀའང་ཚིགས་བཅད་རྐང་པ་བཞི་པའི་དབང་དུ་བྱས་པ་སྟེ།

  དང་པོ་ནི། རྐང་པ་བཞི་ཀར་ཡི་གེའི་གྲངས་སྙོམས་པའི་ཡི་གེ་བགྲང་བ་ཡིན་ལ། དེའང་ཡི་གེ་དྲུག་པ་དབྱངས་སྒྲོག་དང་བདུན་པ་རབ་དགའ་ནས། ཉེར་དྲུག་པ་ལྷག་པར་བྱེད་ལྡན་གྱི་བར་ངེས་པ་ཅན་དང་། ཉེར་བདུན་ཕན་ཆད་ལ་རྒྱུན་ཆགས་ཞེས་བྱ་ཞིང་དེ་ལའང་རྒྱུན་ཆགས་དང་རབ་བསགས་དང་པོ་ནས་བརྒྱད་པ་ལ་སོགས་པའི་དབྱེ་བ་མང་ངོ་། དྲུག་པ་སོགས་ལའང་ནང་གསེས་ཤིན་ཏུ་མང་སྟེ་ཡི་གེ་བཅུ་པས་མཚོན་ན་ལྕི་ཡང་སྦྱོར་ཚུལ་གྱི་དབྱེ་བས་རྣམ་གྲངས་ཆིག་སྟོང་ཉེར་བཞི་འགྱུར་ཞིང་། དེ་རྣམས་ཀྱང་མིང་གི་ངེས་པ་གསལ་བ་དབུས་ཕྲ། གཞོན་ནུ། རོ་ལས། འདྲ་མཚུངས། གློག་ཕྲེང་། རབ་པའི་སྣང་བ་ལ་སོགས་པ་དང་། གཞུང་དུ་མིང་དངོས་སུ་མ་གསུངས་པ་ཤིན་ཏུ་མང་བ་དེ་དག་ནི་པྲྀཏྟ་སྟེ། དེ་ལའང་ནང་གསེས་སུ་རྐང་པ་བཞི་མ་ཡི་གེའི་གྲངས་དང་ལྕི་ཡང་མཚན་ཉིད་མཚུངས་པ་མཉམ་པའི་པྲྀཏྟ་སྟེ་དབུས་ཕྲ་ལ་སོགས་པའོ། །

  དེ་ལས་ལྡོག་པ་ནི་མི་མཉམ་པའི་པྲྀཏྟ་སྟེ། དེ་ལའང་ཁ་སྒོ་དང་། རྐང་བཞི་འཕེལ་དང་། སྟེང་འགྲོ་དང་། དལ་གྱིས་འགྲོ་བ་བཞིའོ། རྐང་པ་ཟུང་གཉིས་མི་མཉམ་ལ་ཟུང་མཉམ་པའི་མཚན་ཉིད་ལྟ་བུའི་འདྲེས་པ་ནི་ཕྱེད་མཉམ་པའི་པྲྀཏྟ་སྟེ་ཉེར་བཀྲ་ལ་སོགས་པ་རྣམས་ཀྱིས་བཅིངས་པས་མཛེས་བར་བྱས་པའོ། །

                            ས་བཅད་གཉིས་པ། ཛཱ་ཏི། 

  ཕྱི་མ་བགྲང་བ་ཛཱཏི་འཕགས་མ་དང་། རོ་ལངས་དམར་སར་རྣམས་ལ་གཞན་བཤད་འདུ།

  ཡི་གེའི་ངོ་གྲངས་བགྲང་དུ་མེད་པ་ཕྱི་མི་བཟུང་བའི་སྡེབ་སྦྱོར་ནིཛཱཏི་ཞེས་ཡབ་སྟེ། སྔ་མ་ནི་ཡི་གེ་བརྒྱད་ཡོད་པ་ལ་ཡི་གེ་བརྒྱད་པའི་སྡེབ་སྦྱོར་ཞེས་པ་ལྟ་བུའི་ཚབ་ཏུ་འདིར་ཕྱི་མོ་བརྒྱད་ཚང་དགོས་ཏེ། དེའང་དབྱངས་ཐུང་ངུ་། གསལ་བྱེད་དབྱངས་གཅིག་པ་ཕྱི་མོ་གཅིག་པར་བགྲང་། དབྱངས་རིང་པོ། གསལ་བྱེད་དབྱངས་གཉིས་པ་སྟེ་རིང་པོ་དང་མཚམས་སྦྱོར་གྱི་ཡི་གེ་སྲོག་ཏུ་ཞུགས་པ་སོགས་མདོར་ན་ལྕི་བ་རྣམས་ནི་ཕྱི་མོ་གཉིས་པར་བགྲང་། གསལ་བྱེད་སྲོག་མེད་ནི་ཕྱེད་པར་བགྲང་པ་ཡིན་ལ། དེ་ལའང་ཕྱི་མོ་འགོད་ཚུལ་དང་། རྐང་བཞི་མཉམ་མི་མཉམ་ཕྱེད་མཉམ་གྱི་དབྱེ་བས་ཛཱ་ཏི་དང་། ར་ལངས་ཅན་དང་། དམར་སེར་ཅན་གསུམ་གྱི་ནང་གསེས་བཅས་རིན་འབྱུང་གཞུང་དུ་བཤད་ཅིང་། ཐོས་ཆུབ་སོགས་ལས་ཅུང་ཟད་འདྲ་མིན་མང་དུ་བཤད་པ་ཐམས་ཅད་ཀྱང་ངོ་བོ་འདི་དག་ཏུ་འདུའོ། །

  འདི་དག་ཏུ་ཡི་གེ་གསུམ་རེ་ལ་ཚོགས་རེ་བྱས་པས་ལྕི་ཡང་གི་དབང་གིས་ཚོགས་བརྒྱད་དུ་འགྱུར་ཏེ། དང་པོ་བ་དང་མཐའ་རྣམས་སུ། །ལྕི་བ་ཉིད་རྒྱུབ་བྷ་ཛ་ས།།ཡང་བ་ཉིད་གྱུར་ཡ་ར་ཏ། །ལྕི་བ་ཡང་ཉིད་མ་ནའོ། །ཞེས་འབྱུང་བ་ལྟར་ལ། དེ་རེ་རེ་ལའང་དགེ་བ་དང་མི་དགེ་བ་སྟེན་པའི་ལྷ་རེ་རེ་ཡོད་པར་བཤད་དེ། བྷ་ཡིག་ས་གཞི་དཔལ་ནི་རྒྱས་བྱེད་ཛ་ཡིག་ཆུ་སྟེ་འཕེལ་བའོ། ར་ཡིག་མེ་སྟེ་འཆི་དང་ས་ཡིག་རླུང་སྟེ་ཕ་རོལ་ཡུལ་དུ་རིང་པོར་འགྲོ་བྱེད་ཏ་ཡིག་ནམ་མཁའ་སྟོང་པའི་འབྲས། །ཡ་ཡིག་ཉི་མ་རྒྱ་ཆེན་ནད་ནི་ལེན་བྱེད་མ་ཡིག་ཟླ་བ་གྲགས་པ་དྲི་མ་མེད། །ན་ཡིག་ལྷ་སྟེ་བདེ་བ་རབ་སྟེར་མཁས་པས་ཚོགས་རྣམས་ཀྱིས་ནི་འབྲས་བུའི་འདིར་རབ་བཤད། །ཅེས་པ་ལྟར་ལ། དེའང་དང་པོའི་ཚོགས་དེ་ལ་བརྟག་པར་བཤད་དོ། །དེ་བཞིན་དུ་སྡེབ་སྦྱོར་ཡི་གེ་དྲུག་པ་ནས་རབ་བསགས་སམ་རྒྱུན་ཆགས་ཀྱི་བར་རྣམས་ལའང་ལྷ་རེ་རེ་ཡོད་པར་འདོད་དེ། སྡེབ་སྦྱོར་གཱ་ཡ་ཏྲིའི་ལྷ་རྟ་མགྲིན་དུ་བཤད་ཅིང་དེ་དེའི་གཟུགས་ཀྱང་ཡོད་པར་སྣང་ལ་འོན་ཀྱང་འདི་དག་ནི་ཕྱི་རོལ་པའི་ལྷ་རུ་སྣང་ངོ་།།

                         ས་བཅད་གསུམ་པ། ངོ་མཚར་རྟོགས་བྱེད་ཀྱི་སྦྱོར་བ། 

  པྲསྟཱ་ར་འགོད་སྤྱི་གྲངས་ན་ཥཊ་དབྱེ། །ཨུངྷི་ཥཊ་བཟུང་ཡང་བ་ཨངྷཱ་བརྟག  ཁྱད་པར་དྲུག་དང་ཐུན་མོང་རྟོགས་བྱད་གཅིག

  མཉམ་པའི་པྲྀཏྟ་ཁོ་ནའི་སྦྱོར་བ་ངོ་མཚར་བའི་རིགས་པས་རྟོགས་པར་བྱེད་པ་ལ་དྲུག  དང་པོ་ཡི་གེ་གཅིག་པ་ནས་བཟུང་རྒྱུན་ཆགས་ཀྱི་བར་གྱི་ལྕི་ཡང་སྤེལ་བའི་ཚུལ་སྟོན་པ་པྲསྟཱ་ར་འགོད་ཚུལ། གཉིས་པ་ཡི་གེ་བཅུ་པ་ལྟ་བུའི་སྡེབ་སྦྱོར་རེ་རེ་ལ་རྣམ་གྲངས་སུ་ཡོད་སྟོན་པ་སྤྱིའི་རྣམ་གྲངས་རྟོགས་བྱེད། གསུམ་པ་སྤྱི་གྲངས་དེ་ལས་གང་རུང་ཞིག་ཁོལ་དུ་འདོན་པའི་བཀོད་བྱ་ཇི་ལྟར་ཡོད་པ་རྟོགས་པར་བྱེད་པ་དཔེར་ན་ཡི་གེ་དྲུག་པའི་སྡེབ་སྦྱོར་ལ་སྤྱིའི་རྣམ་གྲངས་དྲུག་ཅུ་རྩ་བཞི་ཡོད་པའི་ནང་ནས་བཅུ་བཞི་པ་དེ་གློ་བུར་བཀོད་ན་པྲསྟ་ར་འགོད་མི་དགོས་པར་ལྕི་ཡང་བདེ་བླག་ཏུ་རྟོགས་བྱེད་ནཥཊའི་ཆོ་ག་བཞི་པ་ཐོག་མར་ཡི་གེ་བཅུ་པ་ལས་མ་ས་ཛ་ག་ལྟ་བུའི་པྲསྟ་ར་བཀོད། སླར་འདི་ཡི་གེ་བཅུ་པའི་སྡེབ་སྦྱོར་གྱི་ནང་གསེས་སུ་དུ་པ་ཡིན་ཅེས་འདྲི་ན་བདེ་བླག་ཏུ་རྟོགས་པའི་ཐབས་ཨུདྡིཥཊ་བཟུང་བ། སྡེབ་སྦྱོར་འདི་ལ་ལྕི་བ་འབའ་ཞིག་པ་དུ།གཅིག་ཡང་བ་དུ། གཉིས་ཡང་བ་དུ་ཞེས་སོགས་འདྲི་ན། དེ་རྟོགས་བྱེད་ཡང་བའི་བྱ་བ། པྲསྟཱ་རའི། ཕྲེང་སྟེང་འོག་གི་གླིང་དང་བར་གྱི་ས་ཇི་ཙམ་འགྲོ་བ་རྟོགས་བྱེད་ལ་ཨ་བྷའི་བརྟན་པ་སྟེ་མཉམ་པའི་པྲྀཏྟ་ཁྱད་པར་དུ་རྟོགས་པར་བྱེད་པའི་ཆོ་ག་དྲུག་ཡོད་ཅིང་། པྲྀཏྟ་ཛཱཏི་ཐུན་མོང་དུ་ཡི་གེ། ཕྱི་མོ། ལྕི་ཡང་གི་གྲངས་རྟོགས་པར་བྱེད་པའི་ཐབས་རེ་རེ་ལ་གསུམ་ཡོད་ཀྱང་སྤྱིར་ཐུན་མོང་རྟོགས་བྱེད་ཅེས་བསྡམས་པས་གཅིག་གོ  །དེ་དག་ནི་སློབ་དཔོན་རིན་འབྱུང་ཞི་བས་མཛད་པའི་གཞུང་ལས་ཇི་ལྟར་གསུངས་པའི་དོན་ཏེ། གཞུང་འདི་ནི། ཇི་སྐད་དུ། མདོར་བསྡུས་ཚིགས་སུ་བཅད་པ་དང་། །མདོ་ཡིས་དཔེར་བརྗོད་བགྱིས་པ་དང་། །མ་འདྲེས་རིམ་པས་འདོན་པ་དང་། །མཐར་སྡོད་ཚོགས་ཉིད་ཡོན་ཏན་ཡིན། །ཅེས་དམར་སེར་ཅན་གྱི་གཞུང་ལས་ཡོན་ཏན་བརྒྱད་ཀྱིས་འཕགས་པར་བཤད་པ་དང་། མཛད་པ་པོ་ཁྱད་དུ་འཕགས་པས་ངོ་མཚར་བའི་གཞུང་ཡིན་ནོ། །

  • 顶