བོད་གནའ་རབས་ཀྱི་སློབ་གྲྭའི་སློབ་ཁྲིད་བྱེད་སྟངས་དང་སློབ་གསོའི་ལས་དོན་ལས་ང་ཚོར་གཡུར་དུ་ཟ་བའི་འབྲས་བཟང་དང༌། ཞན་ཆ་དང་སྐྱོན་ཆའང་མི་ཉུང་བ་ཞིག་བྱུང་ཡོད་པ་ལས།
གཅིག བོད་ཀྱི་གནའ་རབས་སློབ་གསོའི་ལས་དོན་ལས་བྱུང་བའི་གྲུབ་འབྲས།
བོད་རྗེ་སྲོང་བཙན་གྱི་སྐུ་རིང་ལ་བོད་ཡིག་གསར་གཏོད་མཛད་ཅིང༌། བསྟན་བཅོས་ཆེན་པོ་བརྒྱད་སོགས་བརྩམས་པ་ནས་ཁྲི་སྲོང་ལྡེ་བཙན་བར་དུ་བོད་ཡིག་འཆད་ཉན་གྱི་འཇུག་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་པ་དང༌། ཁྱད་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མཁན་ཆེན་ཞི་བ་ཚོ་བོད་དུ་གདན་དྲངས་ནས་བོད་མི་མི་བདུན་ཉམས་སད་པར་བྱས་ཏེ་རབ་བྱུང་གི་སྡེ་བཙུགས་པ་དེས་བོད་གངས་ཅན་གྱི་ལྗོངས་སུ་ཐོག་མར་སློབ་གྲྭ་བྱུང་བ་ར་སྤྲོད་བྱས་པ་རེད། དུས་དེ་ནས་བཟུང་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཡུལ་གྲུ་ཁོར་མོ་ཡུག་ཏུ་ཆོས་ལུགས་སློབ་ཁྲིད་དང༌། སློབ་གསོའི་བྱ་འགུལ་སྤེལ་སའི་དགོན་པ་དང༌། གཙུག་ལག་ཁང་མང་དུ་བཙུགས་པ་ནི། བོད་ཀྱི་སངས་རྒྱས་ཆོས་ལུགས་རིག་གཞུང་གི་སློབ་ཁྲིད་སྒྲིག་གཞི་དང༌། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ་སློབ་གྲྭ་དར་རྒྱས་སུ་བཏང་བ་དང༌། དེ་ལྟ་བུ་ནི་སློབ་གསོའི་ལས་རིགས་འཕེལ་བའི་བར་བརྒལ་གྱི་མཐོ་རླབས་དྲག་ཏུ་འཕྱུར་བའི་དུས་སྐབས་ཉག་གཅིག་རེད། ཆོས་རྒྱལ་ཁྲི་སྲོང་གི་སྐབས་ནས་ང་ཚོའི་ཡུལ་འདིར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཤན་ཤུགས་ཆེ་བའི་སློབ་གསོའི་མ་ལག་དང༌། ཆོས་ལུགས་སློབ་ཁྲིད་རྒྱུན་དུ་སྤེལ་སའི་གཙུག་ལག་ཁང༌། འཆད་རྩོད་རྩོམ་གསུམ་སྤེལ་བའི་དགོན་སྡེ་ཁག་མང་དུ་བྱུང་བར་མ་ཟད། སྔ་ཕྱིའི་མཁས་པ་མང་པོས་སངས་རྒྱས་ཆོས་ལུགས་ལ་གཞི་བཅོལ་ཏེ། རང་རང་གི་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ཞིབ་འཇུག་དང་རྟོག་དཔྱོད་གང་མང་བྱས་མཐར་གྲུབ་མཐའ་མི་འདྲ་བའི་ལྟ་བ་གཏན་ལ་ཕབ་པའང་མང་དུ་བྱུང༌།
གཉིས། བོད་གནའ་རབས་སློབ་གསོའི་ལས་དོན་གྱི་ཞན་ཆ་དང་སྐྱོན་ཆ།
གནའ་རབས་བོད་ཀྱི་སློབ་གསོའི་ལས་དོན་ལ་བལྟས་ན་ཞན་ཆ་དང་སྐྱོན་ཆ་ཡང་ཡོད་པ་ཡིན་ཏེ། གཅིག་ནི་སྤྱི་ཚོགས་དང་ཁོར་ཡུག་གི་ཆ་རྐྱེན་གྱིས་སློབ་གྲྭའི་སློབ་ཁྲིད་སྒྲིག་གཞི་དང༌། རིག་གནས་སོ་སོའི་མ་ལག་མཐའ་.དག་དགོན་སྡེ་ཁག་གིས་སྒེར་སྡེམ་བྱས་སྟབས། བོད་དམངས་ཁྲོད་ཀྱི་ཞིང་ས་གཤིན་པོར་རིག་གནས་སློབ་གསོའི་མྱུ་གུ་འབུས་མ་ཐུབ་པར་བོད་མི་མང་ཆེ་ཤོས་དེ་ཡིག་རྨོངས་པར་གྱུར་པ་ནི་ང་ཚོའི་ཞན་ཆ་ཆེ་ཤོས་ཤིག་རེད། གཉིས་ནི་ང་ཆོའི་གནའ་རབས་ཀྱི་སློབ་གསོའི་ངོ་བོ་ལ་རྩ་བའི་ཆ་ནས་བཤདན། སངས་རྒྱས་ཆོས་.ལུགས་ཀྱི་ལྟ་བའི་ཤན་ཤུགས་ཆེ་བས། འདས་ཟིན་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱོགས་སྡོམ་དང་ད་ལྟའི་སྤྱི་ཚོགས་འཕེལ་རིམ་ལ་རྨང་གཞི། འབྱུང་འགྱུར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་རྒྱང་ལྟ་མི་བྱེད་པར་མཐའ་གཅིག་ཏུ་གོམས་སྲོལ་དང་འདུ་ཤེས་རྙིང་བ་ལ་སོགས་ལྷ་ཡི་སྲོལ་དུ་བཀུར་བ་དང༌། དུས་རབས་ཀྱི་འཕེལ་འགྲོས་དང་མཐུན་པའི་ལྟ་བ་གསར་བ་དང༌། ཀུན་སྤྱོད་གསར་བ། དེང་རབས་ཅན་གྱི་ལམ་དུ་སྐྱོད་པའི་འཕྲུལ་ཆས་མ་ལག་ལ་སོགས་པའི་བྱ་དངོས་གསར་བྱུང་ཐམས་ཅད་ནི་འཇིག་རྟེན་འཕུང་ལ་སྦྱོར་བའི་བདུད་ཀྱི་ཆོ་འཕྲུལ་དུ་བསམས་པས། ང་ཚོས་རང་བྱུང་ཁམས་ཆེན་པོར་འཐབ་རྩོད་དང་འདུལ་སྦྱོང་བསྒྱུར་བཅོས་བྱེད་པ་ལ་བཀག་རྐྱེན་ཐེབས་པས། རང་རེ་མི་རིགས་འདི་ལ་ཚན་རིག་གི་ལྟ་ཚུལ་ཡང་དག་ཅིག་མེད་རྐྱེན་ལྟོས་བཅས་ཀྱི་རྗེས་སུ་ལུས་པ་ནི། གནའ་རབས་བོད་ཀྱི་སློབ་གྲྭའི་ཐད་ནས་བྱུང་བའི་སྐྱོན་ཆ་ཆེ་ཤོས་ཤིག་རེད། རྩོམ་པ་པོ། དོན་འགྲུབ་རྒྱལ།
འཕྲིན་སྟེགས། weikangba