གདོད་མའི་གླུ་གར་གྱི་བྱུང་བ་རགས་ཙམ་བརྗོད་པ།

2014-12-30
388

  ངལ་རྩོལ་གྱིས་མིའི་རིགས་བསྐྲུན་ལ། ངལ་རྩོལ་གྱིས་རྩོམ་རིག་སྒྱུ་རྩལ་ཀྱང་བསྐྲུན། མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་ནི་ངལ་རྩོལ་ལ་གཏུག་དགོས་པ་ཡིན་ལ། སྙན་ངག(རྩོམ་རིག)གི་ཆེས་ཐོག་མའི་རྩོམ་གཞིར་གྱུར་བའི་སྐད་ཆའང་ངལ་རྩོམ་གྱིས་བསྐྲུན།  

  ངལ་རྩོལ་གྱིས་མིའི་རིགས་བསྐྲུན་ལ། ངལ་རྩོལ་གྱིས་རྩོམ་རིག་སྒྱུ་རྩལ་ཀྱང་བསྐྲུན། མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་ནི་ངལ་རྩོལ་ལ་གཏུག་དགོས་པ་ཡིན་ལ། སྙན་ངག(རྩོམ་རིག)གི་ཆེས་ཐོག་མའི་རྩོམ་གཞིར་གྱུར་བའི་སྐད་ཆའང་ངལ་རྩོམ་གྱིས་བསྐྲུན། མིའི་རིགས་དང་སྲོག་ཆགས་བར་གྱི་ངོ་བོའི་སྟེང་གི་ཁྱད་པར་ཀྱང་ངལ་རྩོལ་གྱིས་རྣམ་པར་འབྱེད་ཚུལ་རླབས་ཆེ་བའི་གསར་བརྗེ་མཁས་པ་ཨེན་ཀེ་སིས་བརྩམས་པའི༼སྤྲ་མིར་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་ངལ་རྩོལ་བྱེད་ནུས༽ཞེས་པའི་ནང་ཚན་རིག་དང་མཐུན་པའི་སྒོ་ནས་བསྒྲུབས་ཡོད་པ་མ་ཟད། སྡོང་འགོར་གནས་བཅས་ཀྱི་སྤྲ་མིའི་ཁྱུ་ཚོགས་ནས་མིར་འགྱུར་བཞིན་པ། གྱུར་ཟིན་པ་བཅས་མིའི་རིགས་བྱུང་འཕེལ་གྱི་རིག་པའི་གནས་སྐབས་གསུམ་བཏོན་ཡོད། མིར་འགྱུར་བཞིན་པའི་གནས་སྐབས་ཀྱི་དུས་ཡུན་རིང་མོའི་ནང་གནའ་བོའི་སྤྲ་མི་རྣམས་སྡོང་འགོ་ནས་མར་བབས་ཏེ་ས་ངོས་ནས་འཚོ་བའི་ངལ་རྩོལ་ཁྲོད་ལག་ཏུ་ཤིང་རྡོ་བཟུང་སྟེ་ཟས་ལྟོ་འཚོལ་ཞིང་གཞན་འཚེ་སྲུང་བའི་ལས་ལ་རྒྱུན་དུ་ཞུགས་པས་རྐང་ལག་གཉིས་ཀའི་ལས་ཀྱི་འདོན་ཤུགས་ལ་ཁྱད་ཞུགས་ཏེ་རིམ་པར་གེར་གྱིས་ལངས་ཤིང། མགོ་བོ་བཏེགས་ཤིང་སྒལ་ཚིགས་དྲང་དུ་སོང་བ་བཅས་ཀླད་པའི་ཟུངས་བཅུད་རྒྱས་པར་མཐུན་རྐྱེན་བསྐྲུན་ཅིང་མིག་གི་མཐོང་རྒྱའང་སྐྱེད་པ་ཡིན། ལག་པའི་རྩོལ་བ་ཇེ་མང་དང་ཟས་ལྟོ་འཛོམས་པོ་ཪྙེད་པ་དེས་ཁོ་ཚོའི་ཀླད་པའི་ཟུངས་བཅུད་ཇེ་ཆེར་སོང་བ་དང་། དུས་ཡུན་རིང་བོའི་ཐུན་མོང་གི་ངལ་རྩོལ་ཁྲོད། ཕན་ཚུན་བར་བསམ་བློ་བརྗེ་རེས་དང་གོ་བརྡ་སྤྲོད་རེས་ཀྱི་འདུན་པ་ཇེ་སྐྱེས་དང་དབང་བོའི་སྐྱེ་མཆེད་ལེགས་གྲུབ་བྱུང་བ་བཅས་རིམ་གྱིས་ངག་སྒྲ་གསལ་བོ་རེ་འབྱིན་ཐུབ་པས། ཆེས་ཐོག་མའི་སྐད་ཆ་བྱུང་བ་རེད། སྐད་ཆ་དེའང་མུ་མཐུད་དུ་ངལ་རྩོལ་དང་འགྲོགས་ཏེ་རིམ་བཞིན་ཆ་ཚང་བ་དང་ཕུན་སུམ་ཚོགས་པ་ཅན་དུ་གྱུར་བ་འདི་ནི་མི་རིགས་ཡོངས་ཀྱི་ལོ་རྒྱུས་འཕེལ་བའི་ཆོས་ཉིད་ཅིག་རེད། རྒྱའི་རྩོམ་རིག་སྨྲ་བ་ཆེན་མོ་ལོའུ་ཞུན་ལགས་ཀྱིས་ཀྱང་། ང་ཚོའི་ཕ་མེས་རྣམས་ཀྱིས་དང་ཐོག་སྐད་ཆ་ཅུང་ཙམ་ཡང་བཤད་མི་ཤེས། ཐུན་མོང་གི་ངལ་རྩོལ་ཁྲོད་དུ། ངེས་པར་དུ་སེམས་ཀྱི་འཆར་སྒོ་བརྗོད་དགོས་པས། ཪྙོག་འཛིང་གི་ངག་སྒྲ་རེ་འབྱིན་ཤེས་པར་གྱུར། དཔེར་ན། སྐབས་དེའི་མི་རྣམས་ཀྱིས་སྡོང་བོ་ཅིག་འཁུར་ཚེ་ཤུགས་མཉམ་འདོན་བྱེད་དགོས་ལ། ཚང་མས་ཤུགས་མཉམ་འདོན་ཇི་ལྟར་བྱེད་དགོས་པ་ཡིད་ལ་མ་དྲན། དེའི་ནང་གི་མི་གཅིག་གིས ཧེ་ཡ། ཧེ་ཡ ཞེས་སྐད་བཏོན་པ་དེ་ནི་གསར་གཏོད་རེད། སྐད་ཆ་ནི་ངལ་རྩོལ་གྱིས་གསར་གཏོད་བྱས་པ་ཞིག་ཡིན་ཟེར་བ་ལས། བྱིས་པ་ཨ་མའི་མངལ་ལས་བཙས་མ་ཐག་ངུ་སྐད་ཤོར་བ་དེ་ནི་སྐད་ཆའི་གསར་གཏོད་ཡིན་ཞེས་པ་མ་ཡིན། རང་རྒྱལ་གྱི་ཡུན་ནན་ལི་ཅང་ས་ཁུལ་གྱི་འཇང་རིགས་ཀྱིས་རྩེ་བའི༼ཨ་རིན་རིན༽ཞེས་པའི་ཞབས་བྲོ་འདི་ནི་ལུའུ་ཞུན་གྱི་གསུང་ཚུལ་དང་མཐུན་ཆེ་སྟེ། ༼ཨ་རིན་རིན༽ ཞེས་པའི་རྩེད་རིགས་འདི་ཕོ་མོ་མཉམ་སྐོར་བྱས་ཏེ། ལྡེམ་མྱུར་ཆེ་ལ་ཤུགས་རྔམ་པའི་སྟངས་སྟབས་བསྒྱུར་ཅིང་། ཕོ་སྐྱེས་ཚོས་གདངས་གསལ་ལ་ངག་གི་གཟེངས་མཐོ་བའི་ཀི་སྒྲ་སྒྲོགས་ཤིང་། མོ་སྐྱེས་ཚོས་གདངས་ཐུང་ལ་འཚང་བའི་རྣམ་པས་ངག་འབྱིན་པར་བྱེད། ཞབས་བྲོ་འདི་ལ་གླུ་ཚིག་ཡེ་ནས་མེད། ཞབས་བྲོ་འདི་མཐོང་ཚེ་གདོད་མའི་མི་རྣམས་ཀྱིས་རི་དྭགས་རྔོན་ཚུལ་ཡིད་ལ་ཐོལ་གྱིས་ཤར་ཡོང་། དེ་ནི་ཆེས་གདོད་མའི་དུས་ཀྱི་ཞབས་བྲོའི་སྟངས་སྟབས་ཀྱི་བསྒྱུར་ལུགས་ཤིག་ཡིན་པ་མངོན་ཐུབ། ལུའུ་ཞུན་གྱིས་བཤད་པའི ཧེ་ཡ། ཧེ་ཡ སྨྲ་བ་འདི་ནི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མཐོང་ཐོས་ལ་བརྟེན་ནས་རིགས་འདེད་བྱས་པའམ། ཡང་ན༼ཧེ་ནན་ཁུལ་ཀྱི་གླུའི་ལེའུ་བརྗོད་པ༽ཞེས་པ་དང་། ༼ལུགས་ཀྱི་རྣམ་བཤད་ལས་གཞས་ལུགས་སྐོར༽ཞེས་པའི་ནང་གི་སྡོང་བོ་འཁུར་ཚུལ་དང་ལས་གླུ་གྱེར་ཚུལ་ལ་བརྟེན་ནས་གསུངས་པ་རེད། རི་དྭགས་རྔོན་ཚུལ་གཏོ་པའི༼ཨ་རིན་རིན༽ཞེས་པའི་རྩེད་རིགས་འདི་དག་ནི་སྡོང་བོ་འཁུར་བའི་གླུ་ལས་ཆེས་སྔ་བར་མཐོང་སྟེ། ཤིང་ལས་ངལ་རྩོལ་ནི་རི་དྭགས་རྔོན་པའི་ངལ་རྩོལ་ལས་འབྱུང་འཕྱི་བ་ལོ་རྒྱུས་འཕེལ་རིམ་ལས་མང་དུ་གསུངས་པ་བཞིན་ནོ། ཏེ་རིགས་ཀྱི་ནགས་ལྷ་འཁྲབ་ཚུལ་དེའང་ཁང་བའི་ནང་ནས་འཁྲབ་ཅིང་། ཐོག་མར་གསེར་དངུལ་གྱི་སྡེར་མ་ལག་པས་བཏེགས། འཇའ་ཚོན་སྣ་ལྔ་རྐང་བས་བརྫི་ཞེས་པའི་གླུ་ཚིག་གིས་སྔོན་དྲངས་ཏེ་ནགས་ལྷ་གདན་འདྲེན་པར་བཤད་ཅིང་། དེ་ནས་སྡོང་བོ་དང་བུད་ཤིང་གཅོད་ཚུལ་གྱི་གླུ་དང་། ངལ་རྩོལ་གྱི་ཁོར་ཡུག་ལས་དྲངས་པའི་གླུ་ལེན་ཞོར་དང་རྐང་བའི་སྟངས་སྟབས་ཀྱང་གླུ་ཚིག་གི་དོན་དང་མཐུན་པར་བསྒྱུར་བཞིན་ཁང་བའི་ཕྱིར་ཐོན་ཏེ་རྩེ་བ་སོགས་ཡོད་ལ། ནགས་ལྷ་རྩེད་ཚུལ་འདི་སྤྱིར་ཁང་བའི་ནང་ནས་འཁྲབ་ཀྱང་རས་ཡོལ་སོགས་ཀྱི་རྒྱབ་ལྗོངས་དང་རྩེད་ར་བཀོད་སྒྲིག་གི་ཚུལ་ལ་བལྟས་ན། དང་ཐོག་ནགས་ཚལ་ནས་རྩེ་བ་ཤེས་ཐུབ།   ཁང་བའི་ནང་དུ་བྱེ་ཕུང་སྤུངས་ཏེ་དེའི་སྟེང་སྡོང་བོའི་ཡལ་ག་དང་ལོ་མ་སོགས་བཙུགས་ཤིང་། སྨྱུག་མའི་ལྷས་ར་དང་སྡོང་བོའི་སྟེང་ཤོག་བྱ་འདོགས་སྲོལ་དང་། མཆོད་སྟེགས་སྟེང་འབྲས་ཤིང་གི་ལོ་མ་འཇོག་པ་བཅས་པ་འདི་དག་གིས་གདོད་མའི་མི་རིགས་ནགས་ཚལ་དུ་འཚོ་བ་དང་ངལ་རྩོལ་གྱི་རྣམ་པ་དེ་ཡིད་ལ་ཤར་འོངས་སོ། །ཅིན་ཕོ་རིགས་ཀྱི (ཅིན་ཙེ་ཙེ) ཞེས་པ་ནི་མི་ཤི་རྗེས་རྩེ་བ་ཡིན་ལ་མོ་བའི་བསངས་མཆོད་བྱེད་སྐབས་ཀྱི་བྲོ་ཞིག་ཀྱང་ཡིན་ཡང་ན་དེའི་ནང་དུ་རི་དྭགས་རྔོན་པ་དང་འཐབ་འཛིང་བྱེད་སྒོའི་བྲོའང་འདུས་ཐོན་སྐྱེད་ངལ་རྩོལ་གྱི་བྲོའང་འཁྲབ་ལ་འཇང་རིགས་ཀྱི་གཏོ་པའི་བྲོ (东巴舞) ནི་ཆོས་ལུགས་ཀྱི་ཆོ་ག་སྤེལ་བའི་བྲོ་ཞིག་ཡིན་ཀྱང་བྲོ་རྩེད་སའི་ཁོར་ཡུག་བཀོད་སྒྲིག་གི་རྣམ་པར་བལྟས་ན་གདོད་མའི་རི་དྭགས་རྔོན་ཚུལ་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་ཐུབ་།  ཁང་བའི་ཕྱི་ནས་རྩེ་བ་ན་ཐུན་མོང་མཉམ་རྩེད་བྱེད་པ་ཡིན་རྩེད་ར་ཞིག་འདམས་རྗེས་རྩེད་རའི་སྡོང་བོ་ཆེན་པོ་ཞིག་གི་སྟེང་ཁ་དོག་དཀར་དམར་སེར་གསུམ་གྱི་ཤོག་བྱ་བཏགས་ཤིང་ཤོག་བུའང་བ་གླང་རྟ་གསུམ་གྱི་གཟུགས་བཪྙན་ཅན་དུ་བཟོས་ཡོད་པ་རེད།  

  མི་ཚང་མས་ཕྱོགས་གཅིག་ནས་གླུ་ལེན་པ་དང་ཕྱོགས་གཅིག་ནས་ཞབས་བྲོ་རྒྱག་པ་ཡིན་པེ་རིགས་ཀྱི རྣམ་ཤེས་ཐེངས་གསུམ་འཁོར (绕三灵) ”ཞེས་པའི་བྲོ་དེའང་གདོད་མའི་སྙན་ངག་དང་བྲོ་གཅིག་འདྲེས་ཀྱི་ཁྱད་ཆོས་དེ་མངོན་ཐུབ་འདི་ནི་ལོ་རེའི་ཟླ་བཞི་བའི་ཚེས25ཉིན་ལྷ་ཁང (本主庙) དུ་སོང་ནས་ཕག་མཆོད་སྐབས་རྩེ་བའི་བྲོ་ཞིག་ཡིན་གླུ་དང་བྲོ་སོགས་ལྷ་ཁང་དང་སྡེ་བ་ལམ་སྲང་གང་རུང་ནས་རྩེ་ཆོག དེའི་ཉིན་གླུ་སྒྲས་གནམ་ས་འགེངས་ཤིང་སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་རྩེད་ཚོགས་སུ་འདུས་ཏེ་གླུ་ལ་གཞས་རྔ་རྡུང་བྲོ་འཁྲབ་ཅི་རིགས་བྱེད་བྲོ་དཔོན་གཉིས་ཀྱིས་སྡོང་བོའི་ཡལ་ག་ཞིག་འཁུར་ཞིང་སྡོང་འགོར་ཁ་དོག་སྣ་ལྔའི་མེ་ཏོག་བཏགས་ཏེ་རྩེད་ཞོར་དང་ལེན་ཞོར་བྱེད་བཞིན་འགྲོ་ལ། ཡལ་ག་ས་ལ་བརྡབས་ཞོར་དུའང་འགྲོ་བ་དེས་རྐང་བའི་སྟངས་སྟབས་ཀྱི་འགྲོས་སྡེབ་པ་དང་འདྲ། གླུ་ཚིག་གི་དོན་ཡང་ངལ་རྩོལ་ཐོན་སྐྱེད་དང་འབྲེལ་བ་ཡོད་པ་ཡིན།  

  རང་རེའི་བོད་ཀྱི་ཡུལ་ཁམས་སུའང་གདོད་མའི་རི་དྭགས་རྔོན་ཚུལ། ཞིང་རྨོ་གཡུལ་འཁྲུག་བྱུང་ཚུལ་ལས་འཕྲོས་པའི་རྩེད་རིགས་ཆོ་ག་ད་རུང་མ་ཉམས་པར་གནས་ཡོད་པ་མང་དུ་མཐོང་རྒྱུ་ཡོད་ལ། མདོ་དབུས་ཁམས་གསུམ་དུ་དར་ཆེ་བའི་ལབ་ཙེ་གཏོད་སྲོལ་འདི་ནི་གདོད་མའི་དུས་ཀྱི་ཐོན་སྐྱེད་ངལ་རྩོལ། དམག་འཁྲུག་སོགས་དང་བྲེལ་བ་དམ་ཟབ་ཡོད་པ་དང་། མདོ་སྨད་རེབ་གོང་ཡུལ་དུ་དར་བའི་ཀླུ་རོལ་དང་། མདོ་སྨད་ཁྲི་ཀའི་ཡུལ་དུ་དར་ཆེ་བའི་དྲུག་པའི་ལྷ་རྩེ། དེ་མིན་གཅན་ཚའི་མ་ཎི་མདའ་རྩེད་སོགས་ཀྱི་རྣམ་པའང་མི་རིགས་གཞན་དག་དང་འདྲ་བར་གདོད་མའི་ངལ་རྩོལ་དང་འབྲེལ་བ་ཡོད་པ་ངང་གིས་ཤེས་ནུས། མི་རིགས་སོ་སོའི་གདོད་མའི་ངོ་བོ་ལྡན་པའི་གླུ་ལེན་གར་རྩེད་སོགས་ཕན་ཚུན་བར་རིགས་འདྲ་ས་ཤིན་ཏུ་མང་སྟེ། ཀླུ་རོལ་དང་ལབ་ཙེ་སྐབས་ཞབས་བྲོ་གཙོ་ཆེ་ལ་གླུ་གཞས་ཕལ་བར་གནས་པ་ཡིན། ལབ་ཙེ་གཏོད་སྐབས་ཀི་བསྭོ་འདེབས་པ་སོགས་དང་གླུ་རོལ་རྩེད་སྐབས་མི་རྣམས་ཀྱི་ངག་ནས ཨོ་ཧེ……ཨོ་ཧེ……ཨོ་ཨོ་ཨོ…….ཨོཞེས་པའི་སྒྲ་འབྱིན་པའམ་ཡང་ན ཝེ ཞེས་པའི་སྒྲ་ཐེངས་གསུམ་གཏོང་བ་སོགས་ངག་སྒྲའི་གདངས་དང་བསྟུན། རྐང་བའི་སྟངས་སྟབས་བསྒྱུར་དགོས་པ་ཡིན། མདའ་རྩེད་དེའང་གདོད་མའི་རི་དྭགས་རྔོན་པའི་མདའ་རྩལ་སྦྱོང་བརྡར་གྱི་ཆོ་ག་མ་ཉམས་པ་ལྟ་བུ་ཞིག་དང་། དྲུག་པའི་ལྷ་རྩེད་དང་ཞོར་དུ་སྟངས་སྟབས་ཀྱི་ཉམས་ཕྲ་མོ་རེ་སྟོན། ཚོགས་ར་ཕལ.ཆེར་ནགས་གསེང་དང་སྡོང་བོའི་སྐྱེད་ཚལ་ཡིན། བོད་ཁམས་ཀྱི་དམངས་སྲོལ་འདི་དག་ལ་གདོད་མའི་གླུའི་རྣམ་པའང་ཡོད་ལ་གདོད་མའི་ཞབས་བྲོའི་རྣམ་པའང་ཡོད། གདོད་མའི་དུས་སུ་གླུ་དང་ཞབས་བྲོ། དབྱངས་གསུམ་གཞི་གཅིག་འདྲེས་ཀྱི་ཕུང་བོ་ཞིག་ཡིན། དུས་རབས་ཀྱི་འཕེལ་འགྱུར་ཁྲོད་ཆོས་ལུགས་ཀྱི་ཤན་གྱིས་མ་ཁྱབ་པ་གཅིག་ཀྱང་མེད་དོ། །གཞན་ཡང་གླེང་བར་འདོད་པ་འདི་ཡོད་དེ། ཀླུ་རོལ་གྱི་ནང་དུ་རྒན་པོ་རྒན་མོའི་རྩེད་སྲོལ། མནའ་མ་ལེན་སྲོལ། ཞིང་རྨོ་ཏིལ་རྡུང་གི་རྩེད་མོའི་རྣམ་གྲངས་དག་ནི་ངལ་རྩོལ་མི་དམངས་ཀྱི་ཐོན་སྐྱེད་ངལ་རྩོལ་དང་བག་མ་བསུ་བའི་འཚོ་བ་རྣམས་དང་འབྲེལ་བ་ཡོད་ལ། ཀླུ་རོལ་དང་ལབ་ཙེ་སྐབས་མི་རྣམས་ཀྱིས་དམག་གི་ཆས་བྱས་ཏེ་རྩེ་དགོས་པ་ཡང་ཚོ་རྒྱུད་བར་ཀྱི་གཡུལ་འགྱེད་དང་འབྲེལ་བ་ཆེ་ལ། སྡེ་བ་གཉིས་མཉམ་དུ་རྩེ་བའམ་། ཡང་ན་ཀླུ་རོལ་སྐབས་ཁྱད་དུ་ཕན་ཚུན་འགྲོ་འོང་གི་རྩེད་རེས་བྱེད་སྲོལ་ཡོད་པ་འདིས་རུས་རྒྱུད་ཚོ་བ་ཕན་ཚུན་གྱི་ཉེ་འབྲེལ་མཚོན་པ་ལྟ་བུར་སྣང་ལ། གདོད་མའི་ཆོས་ལུགས་བྱུང་བ་དང་བསྟུན། ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། སྲིད་པ་ཆགས་གླུ་སོགས་རིམ་གྱིས་འཕེལ་ཞིང་ཡུལ་ལྷ་གཞི་བདག་ལ་བསངས་མཆོད་ཏོག་བསྟོད་དང་ལྷ་རྩེད་མོ་རྩེད་ཀྱི་རྔ་རྡུང་འབུད་དཀྲོལ་གྱི་ཆོ་ག་སྣ་ཚོགས་གཅིག་ལ་གཅིག་འདྲེས་ཀྱི་ཚུལ་དུ་དར་ཡོད་པ་འདི་དག་མིའི་རིགས་ཀྱི་ཤེས་རྟོགས་འཕེལ་བའི་ལོ་རྒྱུས་ཀྱི་ས་བོན་རྒྱུན་མ་ཆད་པར་ཞུགས་ཡོད་པ་ཡིན། ཁྱད་པར་དུ་གླུ་རོལ་དང་གཏོ་པའི་བྲོ་གཉིས་བར་གྱི་འབྲེལ་བ་ཆེ་སྟེ། གཉིས་ཀ་ལྷ་ཁང་གི་མདུན་དུ་འཚོགས་ཏེ་ཞབས་བྲོ་རྩེ་བ་དང་། རྩ་འཛུགས་རང་བཞིན་ལྡན་པ། གཉིས་ཀས་རྩེད་ར་ནས་ཤིང་གི་ཏོག་བསླངས་པ། གཉིས་ཀ་སྡེ་ནང་ལྷ་ཁང་ལམ་བར་གང་རུང་ནས་རྩེ་ཆོག་པ། ཐང་ག་བཤམས་པ། ལ་གཞས་དང་གླུ་ལེན་པ་སོགས་སྲོལ་ག་ཕལ་ཆེར་འདྲ་བ་ཡིན་ནོ། ། 

  གདོད་མའི་སྤྱི་ཚོགས་ཀྱི་དུས་ཡུན་རིང་མོའི་ནང་། རྩོམ་རིག་སྒྱུ་རྩལ་དེའང་ཐོག་མར་གླུ་དང་དབངས་དང་བྲོ་གསུམ་གཞི་གཅིག་འདྲེས་ཀྱི་ཕུང་བོ་ལྟ་བུ་ཡིན་པ་གོང་དུ་གླེང་བ་ལས་ཤེས་ཐུབ་ལ་རིམ་གྱིས་གླུ་དེ་དབྱངས་དང་བྲོ་ལས་ཐ་དད་དུ་གྱེས་ཤིང་དེའང་རིམ་གྱིས་གྱེས་ཏེ་གླུ། ལ་གཞས། བཤད་པ། འབྲས་དཀར། རྟ་བཤད་སོགས་དང་གླུ་ལའང་དམངས་གླུ། མགུར་གླུ། གླུ་ཤགས། ཚིག་རྒྱག་སོགས་བྱུང་ཡོད་ལ། ལ་གཞས་ལའང་ཡུལ་གྱི་སྒོ་ནས་སྟོད་གཞས། ཁམས་གཞས། འབའ་གཞས་སོགས་དང་། དོན་དང་རྣམ་པ་མིང་འདོགས་ཚུལ་སོགས་ཀྱི་སྒོ་ནས་གཞས་ཆེན། ལས་གཞས། སྒོར་གཞས། མདའ་གཞས་སོགས་དང་གླུ་ལའང་ད་རུང་གྱང་གླུ། རི་གླུ། གླུ་གླུ། ཚ་ལ་སོགས། ད་རུང་སྐྱོ་གླུ། འདུམ་གླུ། སྲིད་པ་ཆགས་གླུ་སོགས་རིགས་སྣ་ཚོགས་བྱུང་ཡོད་པ་ཡིན་ནོ། ། 

  མདོར་ན། མི་རིགས་སོ་སོའི་གླུ་གར་ནང་གདོད་མའི་གླུ་བྲོ་དབྱངས་གསུམ་གཅིག་འདྲེས་ཀྱི་རྣམ་པ་མ་དོར་བར་གནས་ཡོད་ལ། དེའི་བརྗོད་བྱའང་གདོད་མའི་དུས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་འཚོ་བའི་ཕྱོགས་མཐའ་དག་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སིམ་ཡོད་པ་རེད། 

                                     རྩོམ་པ་པོ།ཀན་ལྷོ་ཚེ་ཐར་སྐྱིད། 

    

  • 顶